བློ་བཟང་ལུང་རྟོགས་ཀྱིས་བསྒྱུར། (ལེའུ་དྲུག་པ།)
ཨ་མེ་རི་ཀའི་གདམ་ཀ་ཁག
མངའ་ཁུལ་འདིའི་སྒྲོམ་གཞིར་ཞིབ་འཇུག་བྱེད་སྐབས་ཨ་མེ་རི་ཀའི་ཕྱོགས་ནས་རྒྱ་ནག་སྐོར་ལ་གདམ་ཀ་མང་པོ་ཞིག་བྱེད་དགོས་ཐུག་ཡོད་པ་དེ་རེད། གདམ་ཀ་དེ་དག་གི་སྐོར་ལ་བགྲོ་གླེང་བྱེད་སྐབས། ཨེ་ཤི་ཡའི་མངའ་ཁུལ་གྱི་འགོ་གཙོའི་གནས་བབས་ལ་རྒྱ་ནག་གིས་འགྲན་རྩོད་བྱས་པར་ཨ་རིའི་ཕྱོགས་ནས་ལན་འདེབས་བྱེད་སྟངས་གཞི་རྩའི་ཆ་ནས་ལམ་ཁ་གསུམ་ཡོད། དང་པོ། གཡུལ་ས་དེར་རྒྱ་ནག་ལ་རྩིས་སྤྲད་བྱས་ཏེ་ཨེ་ཤི་ཡའི་མངའ་ཁུལ་གྱི་ལས་དོན་ཆེ་ཁག་ནས་ཕྱིར་འཐེན་བྱེད་རྒྱུ་དང་། གཉིས་པ། འགོ་གཙོའི་གནས་བབ་མུ་མཐུད་བརྟན་བཟུང་གིས་རྒྱ་ནག་གི་འགྲན་རྩོད་ལ་ཁ་གཏད་གཅོག་རྒྱུ། གསུམ་པ། ཁོང་ཚོས་མུ་མཐུད་ཨེ་ཤི་ཡའི་ནང་གནས་པར་སྒྲོམ་གཞི་གསར་བ་ཞིག་དང་རྣམ་པ་གསར་བ་ཞིག་གི་ཐོག་འགྲོ་རྒྱུ་དང་། དེ་ཡང་རྒྱ་ནག་དང་ལྷན་དུ་དབང་ཤུགས་མཉམ་སྤྱོད་བྱེད་རྒྱུ་དེ་རེད།
ཨ་མེ་རི་ཀས་དབུ་ཁྲིད་རྣམས་ཀྱིས་གནད་དོན་དེ་རབ་རིབ་ཅན་ནམ་གསལ་ཁ་མེད་པ་ཅན་ཞིག་ཏུ་བཟོ་བའི་ཐབས་ཤེས་བྱེད་སྲིད་མོད། སྲིད་དོན་གྱི་དགོས་དབང་དང་མི་མང་གི་གནོན་ཤུགས་འོག་ཞི་བདེ་རྒྱ་མཚོའི་ཕྱོགས་གཉིས་(ཨ་རྒྱ་གཉིས་)ནས་ཕུགས་ལ་ཁྱད་པར་ཆེན་པོ་བཟོ་བར་གདམ་ཀ་དེ་གསུམ་ལས་གཅིག་ངེས་པར་དུ་འདེམས་དགོས་ངེས་ཡིན། ཨ་མེ་རི་ཀའི་རྒྱལ་ཁབ་ལ་མཚོན་ན། མི་མང་གིས་ཁོང་ཚོའི་རྒྱལ་ཁབ་ཀྱིས་ཨེ་ཤི་ཡའི་འགོ་ཁྲིད་བྱེད་ཀྱི་ཡོད་མེད་དང་། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་པ། དེ་ལྟར་ཡོང་བར་ཁས་ལེན་དང་ལས་འགན་ག་རེ་ཡོད་མེད། གནས་སྟངས་དེ་འདྲ་དང་ལེན་བྱེད་དགོས་མིན་སོགས་ཤེས་འདོད་ཡོད། རྒྱ་ནག་གི་རྒྱལ་ཁབ་ལ་མཚོན་ན། ཁོ་ཚོའི་རྒྱལ་ཁབ་དེ་སྣེ་ཁྲིད་མཁན་ཞིག་ཡིན་ནམ་ཡང་ན་ད་དུང་མུ་མཐུད་ནས་རྗེས་འབྲང་མཁན་ཞིག་ཡིན་མིན་གསལ་བོར་བཟོ་འདོད་ཡོད་པ་དང་། ཁོ་ཚོས་གནས་བབ་གསར་བ་དེ་མངོན་གསལ་ཡིན་པའི་རྟགས་མཚན་ཡོད་མེད་དང་རྒྱལ་ཁ་ཐོབ་པའི་ཆེད་ནུས་ཤུགས་གང་ཡོད་འདོན་གྱི་རེད། ཨ་རིའི་གྲོགས་པོ་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་ཀྱང་ཨ་མེ་རི་ཀ་མུ་མཐུད་ནས་ཨེ་ཤི་ཡའི་འགོ་ཁྲིད་བྱེད་འདོད་ཡོད་མེད་དང་། གལ་སྲིད་ཡོད་ན་ཁོང་ཚོས་ཆ་ཤས་ག་རེ་ལེན་དགོས་མིན་དང་ཆ་ཤས་བླངས་པའི་དམིགས་ཡུལ་སོགས་ཤེས་དགོས་ཀྱི་ཡོད། དྲི་བ་འདི་དག་དུས་ཚོད་ངེས་མེད་དམ་གསལ་ཁ་མེད་པར་བཟོས་ནས་བསྐྱུར་ཐབས་མེད། དུས་ཚོད་ཀྱི་སྔ་རྗེས་མ་གཏོགས། ཨ་མེ་རི་ཀའི་དབུ་ཁྲིད་ཚོས་ཁ་ནས་མ་བཤད་ཀྱང་ཁོང་ཚོའི་བྱ་སྤྱོད་ཀྱིས་གདམ་ཀ་ཁག་གསལ་བོ་བཟོ་གི་རེད། ང་ཚོའི་དྲི་བ་གཙོ་བོ་ནི། ཨ་མེ་རི་ཀའི་ཕྱོགས་ནས་ངེས་པར་དུ་འདེམས་ཀ་གསུམ་པོ་དེ་དག་ལས་གང་ཞིག་བདམས་ཀྱི་རེད་དམ། དྲི་བ་འདི་དག་ལ་ལན་འདེབས་བྱེད་པར་ང་ཚོས་དང་པོ་དྲི་བ་འདི་ལྟར་འདྲི་དགོས། གདམ་ཀ་འདི་དག་རེ་རེས་ཨ་མེ་རི་ཀ་དང་ཨེ་ཤི་ཡ་ཁུལ་དུ་ཤུགས་རྐྱེན་ག་རེ་ཐེབས་ཀྱི་ཡོད་མེད་བལྟ་དགོས།
ཕྱིར་འཐེན།
མཐོང་ཚུལ་དང་པོ་ནི་རྒྱ་ནག་འཕེལ་རྒྱས་ལ་སོང་བ་ཕྱོགས་མཚུངས་ཨ་མེ་རི་ཀས་ཕྱིར་འཐེན་བྱེད་པའི་རྣམ་པ་མངོན་གསལ་མི་འདུག ཨ་རིའི་དབུ་ཁྲིད་ཚོས་ནམ་རྒྱུན་གསུང་བཞིན་པ་ལྟར་ན། ཁོ་ཚོ་རྒྱལ་ཁབ་འདི་དུས་རབས་གཅིག་ལྷག་གི་རིང་ཨེ་ཤི་ཡའི་ནང་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཏུ་གནས་ཡོད་པ་དང་། ད་ལྟའི་མངོན་འདོད་ཁག་ཀྱང་སྔོན་ཆད་ལས་ལྷག་པའི་གལ་ཆེན་པོར་གྱུར་ཡོད་ཟེར། དོན་དངོས་ཐོག་ཨེ་ཤི་ཡ་མངའ་ཁུལ་དེ་མགྱོགས་ཚད་མྱུར་ངང་འཛམ་གླིང་ཚོང་འབྲེལ་གྱི་ལྟེ་གནས་སུ་འགྱུར་བཞིན་པ་དང་། ཨེ་ཤི་ཡའི་མངའ་ཁུལ་དུ་ཨ་མེ་རི་ཀ་སྟོབས་ལྡན་རྒྱབ་ཁབ་ཅིག་ཏུ་གནས་རྒྱུར་སྔོན་ཆད་དང་མ་འདྲ་བའི་རྒྱུ་མཚན་མང་པོ་ཡོད། ཨ་མེ་རི་ཀ་དེ་ཨེ་ཤི་ཡ་ནང་སྡོད་མིན་ནི་ཁོང་ཚོའི་གདམ་ཀ་རེད། མ་འོངས་པར་མུ་མཐུད་མངའ་ཁུལ་དེར་སྡོད་དགོས་མིན་ཀྱང་ཁོང་ཚོའི་ཁེ་གྱོང་ལ་ལྕི་ཡང་མ་ཤོར་བར་མུ་མཐུད་སྡོད་རྒྱུ་འདེམས་ཀྱི་རེད། དུས་ཚོད་རྒྱུན་རིང་པོ་ཞིག་དང་ལྷག་པར་དུ་ཕྱི་ལོ་༡༩༧༢་ལོ་ནས་བཟུང་། སྟོབས་ཤུགས་ཀྱི་ལྗིད་ཚད་དཔེ་མི་སྲིད་པའི་བཟང་ཕྱོགས་སུ་གནས་ཡོད། ཨེ་ཤི་ཡ་ཁུལ་གྱི་འགྲན་རྩོད་མེད་པའི་འགོ་གཙོའི་གནས་བབ་སྲུང་སྐྱོབ་ཆེད་འགྲོ་གྲོན་དེ་ཙམ་ཆེན་པོ་གཏོང་མ་དགོས་པར་ཁེ་ཕན་ཆེན་པོ་ཞིག་བསྐྲུན་ཐུབ་ཡོད། ཨ་མེ་རི་ཀའི་དབུ་ཁྲིད་དང་སྲིད་དོན་ཉམས་ཞིབ་པ་ཚོས་ཨ་རི་ནི་ཨེ་ཤི་ཡའི་མངའ་ཁུལ་དུ་སྟོབས་ལྡན་རྒྱལ་ཁབ་ཅིག་དུ་གནས་རྒྱུ་ཡིན་ཚུལ་བརྗོད་དུས། སྟོབས་ཤུགས་ཀྱི་ལྗིག་ཚད་དེ་རྟག་པར་བཟང་ཕྱོགས་སུ་གནས་རྒྱུ་ཡིན་པ་གཞིར་བཞག་ཐོག་གསུང་གི་ཡོད།
ཇི་སྲིད་ཨ་མེ་རི་ཀ་རྒྱལ་ཁབ་དེ་ཨེ་ཤི་ཡའི་ནང་འགྲན་ཟླ་མེད་པའི་འགོ་གཙོའི་གནས་བབ་ཐོག་བསྡད་པ་དེ་སྲིད་དུ་ཚོད་དཔག་དེ་འགྲིག་གི་ཡོད། འོན་ཀྱང་། རྒྱ་ནག་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་དུས་མཚུངས་རྒྱ་ནག་གི་གནོན་ཤུགས་ལ་ཁ་གཏད་གཅོག་པར་ཨ་མེ་རི་ཀས་འགྲོ་སོང་ཕོན་ཆེན་པོ་ཞིག་གཏོང་དགོས་ཀྱི་ཡོད། ཁོང་ཚོས་ཨེ་ཤི་ཡའི་ནང་དམག་དཔུང་མང་རུ་གཏོང་པ་དང་མཐུན་གྲོགས་རྒྱལ་ཁབ་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད། ཨེ་ཤི་ཡའི་མངའ་ཁུལ་དུ་མུ་མཐུད་བསྡད་པ་ཡིན་ན་དཔལ་འབྱོར་གྱོང་གུན་དང་། རྒྱ་ནག་ལ་འགྲན་རྩོད་བྱེད་པའི་འཐབ་རྩོད་ཀྱི་ཉེན་ཚབས་ཅན། ཡང་ན། མཉམ་སྤྱོད་བྱས་པའི་ཆབ་སྲིད་ཀྱི་གྱོང་གུན་སོགས་ངོས་ལེན་བྱེད་དགོས་ཀྱི་ཡོད། འདི་དག་ནི་གདམས་ཀ་གཞན་པ་དེ་ཡིན་པས། ཕྱིར་འཐེན་བྱེད་རྒྱུ་དེ་ནི་ཨ་རིའི་མི་མང་པོའི་མཐོང་སྣང་དུ་གལ་གནད་ཆེན་པོ་དང་ཡིད་ལ་འཕྲོད་པོ་ཞིག་ཏུ་གྱུར་ཡོད་སྲིད།
ཨ་མེ་རི་ཀས་ཕྱིར་འཐེན་བྱས་ན་ག་རེ་སྟོན་གྱི་ཡོད་པ་རེད་དམ། པེ་ཅིང་ཕྱོགས་ནས་ཨེ་ཤི་ཡི་སྒྲོམ་གཞི་ནང་གི་གོ་གནས་མཐོ་ཤོས་ཡིན་པའི་ཨ་རིའི་ཚབ་བྱས་ཏེ་གཞི་ནས་རང་ཉིད་ཀྱི་མངོན་འདོད་འགྲུབ་པའི་གོ་སྐབས་ཞིག་ཐོབ་རེ་བྱེད་ཀྱི་ཡོད་པར་ཐེ་ཚོམ་མི་དགོས། གཙོ་བོ་རྒྱ་ནག་གིས་རང་ཉིད་ཀྱི་སྟོབས་ཤུགས་བེད་སྤྱོད་ཇི་ལྟར་གཏོང་མིན་དང་། ཨེ་ཤི་ཡའི་རྒྱལ་ཁབ་རྣམས་ཀྱིས་དེ་ལ་ལན་འདེབས་ཇི་ལྟར་བྱེད་མིན་ལ་ཐུག་ཡོད། གལ་སྲིད་རྒྱ་ནག་ཕྱོགས་ནས་འགོ་གཙོའི་གནང་སྟངས་དེ་ལག་པ་ཡང་པོ་(ཞི་འཇམ)་བྱས་པ་ཡིན་ན། (མོན་རོའོ་རིང་ལུགས་ཀྱི་མ་དཔེ་) ཁོང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་འགོ་གཙོ་བྱེད་པའི་གནས་བབས་ངོས་ལེན་བྱེད་འདོད་ཡོད་པ་དང་། ཨ་མེ་རི་ཀ་མེད་ཀྱང་མངའ་ཁུལ་དེ་ཚ་ཚ་འུར་འུར་ངང་གང་ལ་གང་འཚམ་ཡག་པོ་ཡོང་སྲིད། འོན་ཀྱང་། གལ་སྲིད་རྒྱ་ནག་གི་འགོ་གཙོའི་གནང་སྟངས་དེ་རྩུབ་པོ་དང་དྲག་གནོན་ཅན་ཞིག་ཡིན་ན། དམིགས་བསལ་འཇར་པན་དང་། རྒྱ་གར་གཉིས་ཀྱིས་མཚོན་པའི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་འགོ་གཙོ་བྱེད་རྒྱུར་གདོང་ལེན་དྲག་པོ་བྱེད་རྒྱུ་རེད། དེ་འདྲ་བྱུང་པ་ཡིན་ན་ཨེ་ཤི་ཡའི་མ་འོངས་པ་དེ་མངའ་ཁུལ་དེའི་སྟོབས་ཆེན་རྒྱལ་ཁབ་དབར་གྱི་རྩོད་རྙོག་གིས་མུན་ནག་ནང་ཁྲིད་ཀྱི་རེད།
དེ་བས་ཨ་རིའི་སྟོབས་ཤུགས་ཨེ་ཤི་ཡ་ནས་ཕྱིར་འཐེན་བྱས་པ་དང་། རྒྱ་ནག་གིས་མངའ་ཁུལ་དེའི་འགོ་གཙོ་ཡོང་ཐབས་ཀྱི་འབད་རྩོལ་ལ་གྲུབ་འབྲས་མ་ཐོན་པ་ཡིན་ན། རྒྱ་ནག་མངའ་ཁུལ་གྱི་འགོ་གཙོར་མི་འགྱུར་བ་ཙམ་དུ་མ་ཟད། རྒྱ་ནག་དང་ཁྱིམ་མཚེས་རྒྱལ་ཁབ་དབར་ཟུག་ངུ་ཆེ་བའི་འཐབ་རྩོད་རྒྱུན་རིང་པོར་བྱེད་དགོས་བར་འགྱུར་སྲིད། ཁོང་ཚོའི་ནུས་ཤུགས་ང་ཚོས་མཐོང་གསལ་ལྟར་། གལ་སྲིད་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་གདམས་པ་ཡིན་ན་རྒྱ་ནག་ལ་ཨེ་ཤི་ཡ་དབང་འཛིན་བྱེད་ཐུབ་པའི་ནུས་ཤུགས་འདང་ངེས་མེད། ཨེ་ཤི་ཡ་མངའ་ཁུལ་འདི་མགྱོགས་མྱུར་ངང་སྟོབས་ཤུགས་ཆེ་བའི་མ་ལག་ཁྲོད་ཕྱོགས་མང་པོར་གྱེས་ཏེ་ཧ་ཅང་ཉེན་ཚབས་ཆེ་བའི་དམག་འཁྲུག་ནང་ཚུད་ཀྱི་རེད། དེ་བས་མངའ་ཁུལ་དེར་ཨ་མེ་རི་ཀའི་སྟོབས་ཤུགས་མངོན་གསལ་དོད་པོ་ཞིག་མེད་པ་ཡིན་ན་ཨེ་ཤི་ཡའི་མངའ་ཁུལ་དུ་མ་འོངས་ཞི་བདེ་དང་བརྟན་བརླིང་ཡོང་རྒྱུ་དེ་མཐོང་ཁག་པོ་རེད།
འགྲན་བསྡུར།
ཨ་མེ་རི་ཀའི་རང་བཞིན་ལྷན་སྐྱེས་ཀྱི་ལན་འདེབས་ནི་རྒྱ་ནག་གི་འགྲན་རྩོད་ལ་ཁ་གཏད་དུ་ལངས་ནས་ཕྱིར་འབུད་རྒྱག་གཏོང་རྒྱུ་དེ་རེད། འཛམ་གླིང་ནང་གི་འཁྲུག་ཆ་དོད་པོའི་མངའ་ཁུལ་འདིའི་འགོ་གཙོ་བྱས་པ་དེས་ཨ་མེ་རི་ཀའི་ཐབས་ཇུས་དང་དཔལ་འབྱོར་གྱི་མངོན་འདོད་ལེགས་པོར་སྒྲུབ་ཐུབ་ཡོད། གདམ་ཀ་གཞན་ཁག་དང་བསྡུར་ན་འགྲན་བསྡུར་བྱེད་རྒྱུ་དེ་ཨ་མེ་རི་ཀའི་སྣང་བརྙན་དང་འཚམས་པོ་ཡོད་པ་ཞིག་ཀྱང་ཡིན། དེ་བས་རྒྱ་ནག་དང་མཉམ་དུ་ཨེ་ཤི་ཡིའི་མངའ་ཁུལ་གྱི་འགོ་གཙོའི་གོ་གནས་ལ་འགྲན་བསྡུར་བྱེད་པ་ནི་ཨ་མེ་རི་ཀས་མཇུག་སྐྱོང་མི་ཐུབ་པའི་གདམས་ཀ་དེ་ཡིན། འོན་ཀྱང་། དེས་ག་བར་ཁྲིད་ཀྱི་རེད་དམ། དེ་ལ་ཡོང་སྲིད་པའི་མཇུག་འབྲས་རིགས་གསུམ་མཐོང་གི་འདུག
གནས་སྟངས་དང་པོ་ནི་འདི་འདྲ་ཞིག་རེད། དུས་ཚོད་ཀྱི་སྔ་རྗེས་མ་གཏོགས་རྒྱ་ནག་ཕྱོགས་ནས་ཕམ་ཉེས་བྱུང་བར་ཁས་ལེན་ཀྱིས་ཡང་བསྐྱར་ཨ་མེ་རི་ཀར་འགོ་གཙོའི་གོ་གནས་ཡོད་པའི་ངོས་འཛིན་བྱེད་རྒྱུ་དེ་རེད། འདི་ནི་ཕལ་ཆེར་རྒྱ་ནག་དང་མཉམ་དུ་འགྲན་རྩོད་བྱེད་དགོས་པར་འདོད་པའི་ཕྱོགས་འཛིན་མཁན་ཚོས་དེ་ལྟར་བྱུང་ན་བསམ་གྱི་ཡོད། ཁོང་ཚོས་སེམས་ནང་ཨ་མེ་རི་ཀས་འབད་བརྩོན་ཆེན་པོ་དང་། དམག་འཁྲུག་ཆེན་པོ་རྒྱག་པ། དཔལ་འབྱོར་གྱོང་གུན་ཆེན་པོ་མི་དགོས་པའི་ཐོག་ནས་རྒྱ་ནག་མགོ་སྒུར་འཇུག་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ནི་ཡོང་མི་སྲིད་པ་ཞིག་མ་རེད། འོན་ཀྱང་། དེ་འདྲ་ཡོང་པར་རྒྱང་ཐག་ཧ་ཅང་རིང་། བསམ་བློ་གཏོང་རིན་ཡོད་པའི་གནས་སྟངས་གསུམ་གྱིས་གསལ་བཤད་བྱས་ཡོད་པ་ལས། དང་པོ། ད་ལྟའི་རྒྱ་ནག་ལྟར་ཁོང་ཚོས་ནམ་ཡང་ཨ་མེ་རི་ཀར་འགྲན་རྩོད་མི་བྱེད་པར་སྡོད་རྒྱུ་དེ་རེད། ལམ་ཁ་འདིས་རྒྱ་ནག་གི་འགྲན་རྩོད་ནི་དེ་ཙམ་ཛ་དྲག་མིན་པ་དང་། པེ་ཅིང་ཕྱོགས་ནས་རང་ཉིད་ལ་ཨེ་ཤི་ཡའི་ནང་གི་ཨ་མེ་རི་ཀའི་འགོ་གཙོའི་གནས་བབས་ཐོག་འགྲན་རྩོད་བྱེད་འདོད་མེད་པའི་ངོས་འཛིན་ཡོང་བ་བྱེད་རྒྱུ་དེ་རེད། ང་ཚོས་ལེའུ་གསུམ་པའི་ནང་མཐོང་གསལ་ལྟར། འདི་ནི་རྒྱུ་མཚན་མི་ལྡན་པ་ཞིག་རེད། ཨ་མེ་རི་ཀས་ངོས་ནས་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་དང་མཉམ་དུ་འགྲན་རྩོད་བྱེད་སྐབས་དེ་ནི་ཛ་དྲག་མ་རེད་བསམ་པ་ནི་བློ་གྲོས་ལྡན་པའི་བྱེད་ཐབས་ཞིག་མ་རེད། བློ་གྲོས་ལྡན་པ་ནི་ད་ལྟའི་རྒྱ་ནག་གིས་ཨེ་ཤི་ཡའི་ནང་ཨ་མེ་རི་ཀའི་འགོ་གཙོའི་གནས་བབས་ལ་འགྲན་རྩོད་བྱེད་པར་སེམས་ཐག་གཙང་བཅད་ཡིན་པ་དང་། རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་སྣང་བརྙན་སྐྱར་གསོ་བྱེད་འོས་པ་དང་ཁོང་ཚོས་དེ་ལྟར་སྒྲུབ་ཐུབ་པར་ངོས་འཛིན་བྱེད་རྒྱུ་དེ་རེད།
གནས་སྟངས་གཉིས་པ་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་ཁོང་ཚོའི་ཆབ་སྲིད་ལ་རྨང་གཞིའི་འགྱུར་ལྡོག་ཐེབས་པ་དང་། མ་འོངས་པའི་དུས་ཚོད་ཅིག་ལ་ཨ་མེ་རི་ཀའི་འགོ་གཙོ་བྱས་པའི་རྒྱལ་སྤྱིའི་སྒྲོམ་གཞི་དེ་ཀུན་ལ་ཕན་ཐོགས་ཡོད་པའི་ངོས་འཛིན་སླེབས་རྒྱུ་དེ་རེད། འདི་ཡང་ཡོང་མི་སྲིད་པ་ཞིག་མིན་ཀྱང་དེ་འདྲ་ཡོང་རྒྱུ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད།
ང་ཚོས་ཉམས་མྱོང་ཐོབ་ཟིན་པ་ལྟར་རྒྱ་ནག་གྱི་ཆབ་སྲིད་དང་ལམ་ལུགས་ལ་འགྱུར་བ་ཡོང་པའི་ཚོད་དཔག་དེ་ལ་ཡིད་ཆེས་བྱེད་མི་ཐུབ། གལ་སྲིད་རྒྱ་ནག་གིས་མུ་མཐུད་བཅོས་བསྒྱུར་དང་གྲུབ་འབྲས་བླངས་པ་ཡིན་ན་ཚོགས་པ་གཅིག་གིས་གྲུབ་པའི་རྒྱ་ནག་གི་ལམ་ལུགས་དེ་རྒྱུན་རིང་པོ་ཞིག་ལ་གནས་རྒྱུ་རེད། ཆབ་སྲིད་དང་ལམ་ལུགས་མ་འདྲ་བ་ཡོད་པ་དེས་རྒྱ་ནག་གིས་ཨ་མེ་རི་ཀར་འགྲན་བསྡུར་ཕྱོགས་སུ་ཁྲིད་ཀྱི་ཡོད། རྒྱལ་གཅེས་རིང་ལུགས་གིས་རྒྱ་ནག་གི་མངོན་འདོད་ལ་ཁ་ལོ་བསྒྱུར་གྱི་ཡོད་པ་དང་དེ་ནི་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་ཞིག་སླེབས་ན་ཡང་མེད་པར་འགྱུར་མི་སྲིད། མཇུག་མཐར། གནས་སྟངས་གསུམ་པ་ནི་རྒྱ་ནག་གི་རྣམ་འགྱུར་ལ་ཨ་མེ་རི་ཀས་བྱ་སྤྱོད་ཀྱིས་སྣང་མེད་བཏང་པ་དེ་རེད། ཇི་ཙམ་ཨ་མེ་རི་ཀས་བཙན་ཤེད་ཀྱིས་རང་ཉིད་ཀྱི་འགོ་གཙོའི་གནས་བབ་རྒྱ་ནག་ཕྱོགས་ནས་ངོས་ལེན་ཡོང་ཐབས་ལ་འབད་རྩོལ་བྱས་པ་དེ་ཙམ་གྱིས་རྒྱ་ནག་གིས་དེ་བཞིན་མི་སྒྲུབ་པ་དང་། གལ་སྲིད་ང་ཚོས་དོན་དངོས་ཐོག་དུས་ཚོད་གང་འཚམ་ནང་རྒྱ་ནག་ལ་འགྱུར་བ་ཐེབས་པ་དང་ཨ་མེ་རི་ཀའི་འགོ་གཙོའི་གནས་བབ་ཁས་ལེན་བྱེད་པར་འདོད་ཀྱི་ཡོད་ན། སྲིད་ཇུས་ཡག་ཤོས་ནི་རྒྱབ་བཤོལ་བྱས་སྟེ་ཁོང་ཚོར་བར་སྟོང་གང་མང་ཞིག་སྤྲོད་རྒྱུ་དེ་རེད། གང་ཡིན་ཟེར་ན། དེས་ཨ་མེ་རི་ཀའི་འགོ་གཙོའི་གོ་གནས་དེ་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་དང་མཐུན་པའི་ཕྱོགས་སུ་ཁྲིད་པར་ནུས་པ་འདོན་ཐུབ།
གནས་སྟངས་གསུམ་པ་ནི་ཨ་མེ་རི་ཀའི་གནོན་ཤུགས་འོག་རྒྱ་ནག་ལ་རང་དབང་མེད་པར་འགྲན་རྩོད་བྱེད་འདོད་འདོར་འཇུག་རྒྱུ་དེ་རེད། དེ་འདྲ་ཡོང་སྲིད་དམ། དེ་ནི་ཕྱོགས་གཅིག་ནས་ཁོ་ཚོའི་དབར་གྱི་སྟོབས་ཤུགས་ཀྱི་ལྗིག་ཁོག་ལ་ཐུག་བསྡད་ཡོད་པ་དང། ཕྱོགས་གཅིག་ནས་རང་ཉིད་ཀྱི་མངོན་འདོད་ཀྱི་ལྗིད་ཚད་ལ་ཐུག་བསྡད་ཡོད། ཨ་མེ་རི་ཀས་ཕར་འབུད་རྒྱག་ག་ཚོད་ཅིག་གཏོང་ཐུབ་པ་དང་། རྒྱ་ནག་གིས་ཚུར་འབུད་རྒྱག་ག་ཚོད་ཅིག་གཏོང་ཐུབ་ཀྱི་རེད་དམ། རྒྱ་ནག་རང་ཉིད་སྟོབས་ལྡན་རྒྱལ་ཁབ་ཞིག་གི་ལྟ་སྟངས་འཛིན་པའམ་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་འགྱུར་བའི་ཆོད་སེམས་དེ་ལ་འགོག་རྒོལ་ཆེད་ཨ་མེ་རི་ཀས་ཕྱོགས་ནས་འགྲོ་གྲོན་ག་ཚོད་ཅིག་བློས་གཏོང་བྱེད་ཕོད་དམ། འདི་སུས་ཀྱང་ཐག་བཅད་ནས་བཤད་མི་ཐུབ། འོན་ཀྱང་། སྟོབས་ཆེན་རྒྱལ་ཁབ་འདི་གཉིས་ཕན་ཚུན་ལ་གནོན་ཤུགས་སྤྲོད་པའི་ནུས་པ་འདྲ་མཉམ་ཞིག་གི་ཐོག་ཡོད་པ་དང་། རྒྱ་ནག་ལ་ཆོད་སེམས་བརྟན་པོ་ཞིག་ཡོད་པ་མངོན་གསལ་དོད་པོ་རེད།
སྟོབས་ཤུགས་ཐོག་འདྲ་མཉམ་ཡིན་པའི་རྒྱུ་མཚན་ནི། ཨ་མེ་རི་ཀས་ཆབ་སྲིད་དང་ཕྱི་འབྲེལ་གྱི་ནུས་པ་ཆེན་པོ་ཞིག་འདོན་ཐུབ་པ་དང་མཚུངས་པར་རྒྱ་ནག་ཕྱོགས་ནས་མ་རྩ་དང་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་ཐུབ། ང་ཚོས་མཐོང་གསལ་ལྟར། ཨ་མེ་རི་ཀར་དམག་དཔུང་གི་སྟོབས་ཤུགས་དང་སྣང་ཚུལ་ལས་ཅུང་སྐྱོ་བའི་མངའ་ཁུལ་གྱི་རྒྱབ་སྐྱོར་ཡོད་པ་རེད། རྒྱ་ནག་ནི་ཆོད་སེམས་བརྟན་པོ་ཡོད་པ་དེ་ཡང་གཙོ་བོ་གནད་དོན་འདི་ཁོ་ཚོར་མཚོན་ན་རྒྱལ་སྤྱིའི་སྟེང་རང་ཉིད་ཀྱི་སྣང་བརྙན་གྱི་རྨང་གཞིའི་དྲི་བ་དང་འབྲེལ་ཡོད་པས་ཡིན། ཨ་མེ་རི་ཀས་ཕྱོགས་ནས་རང་ཉིད་ཨེ་ཤི་ཡའི་ནང་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་གནས་བབས་བསྐྱུར་མ་དགོས་པར་ཨེ་ཤི་ཡའི་མངའ་ཁུལ་ཀྱི་མཐོ་རིམ་གོ་གནས་མེད་པར་བཟོ་ཆོག འོན་ཀྱང་། རྒྱ་ནག་གིས་ཨ་རི་ལ་ཨེ་ཤི་ཡའི་མངའ་ཁུལ་ཀྱི་མཐོ་རིམ་གོ་གནས་ཡོད་པར་ཁས་ལེན་བྱེད་པར་ཨེ་ཤི་ཡའི་མངའ་ཁུལ་དང་མངའ་ཁུལ་གཞན་གང་རུང་དུ་རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པའི་ཐོབ་ཐང་འདོར་དགོས་ཀྱི་ཡོད།
འོན་ཀྱང་། རྒྱ་ནག་ལ་མཚོན་ན་ཨེ་ཤི་ཡ་ནི་སོ་སོའི་ཕ་ཡུལ་རེད། ཨ་མེ་རི་ཀའི་རྟག་པར་ནུབ་གོ་ལ་ཕྱེད་ཀའི་མངའ་ཁུལ་དུ་རྒྱ་ནག་ལས་དོ་སྣང་ཆེན་པོ་སྤྲོད་ཀྱི་ཡོད་པ་ལྟར། རྒྱ་ནག་ལ་མཚོན་ན་ཡང་ཨེ་ཤི་ཡའི་མངའ་ཁུལ་དུ་ཨེ་མེ་རི་ཀ་ལས་རང་ཉིད་ལ་ཁེ་གྱོང་ཆེན་པོ་ཡོད་པ་རེད། དེ་བས་བཙན་དབང་གི་སྲིད་བྱུས་ཤིག་བཟུང་ནས་རྒྱ་ནག་ལ་ཨ་མེ་རི་ཀའི་མཐོ་རིམ་གོ་གནས་ལ་ངོས་འཛིན་བྱེད་འཇུག་པར་། ཨ་མེ་རི་ཀས་དུས་ཚོད་རྒྱུན་རིང་ཞིང་འགྲོ་གྲོན་ཆེ་བའི་འཐབ་རྩོད་ཅིག་བྱེད་འདོད་ཡོད་པའི་རྣམ་པཤུགས་ཆེན་པོ་ཞིག་བསྟན་ན་མ་གཏོགས་འགྲུབ་མི་ཐུབ།
རྒྱ་ནག་གིས་རང་ཉིད་ཕམ་ཉེས་བྱུང་བ་ངོས་ལེན་གྱིས་གཞན་གྱི་གཤམ་འོག་གི་གནས་སྟངས་ཤིག་ཏུ་སྡོད་རྒྱུའི་ཐག་གཅོད་བྱེད་རྒྱུའི་ངེས་གཏན་མེད། འབྱུང་སྲིད་བའི་འབྲས་བུ་གཉིས་པ་ནི། ཨ་མེ་རི་ཀས་རྒྱ་ནག་དང་མཉམ་དུ་འགྲན་རྩོད་བྱེད་པའི་ཐག་གཅོད་ནི། དུས་ཚོད་ཀྱི་སྔ་རྗེས་མ་གཏོགས་ཨ་མེ་རི་ཀས་ཕྱོགས་ནས་འགྲོ་གྲོན་དང་ཉེན་འཚབ་ནི་རང་ཉིད་ཀྱི་གཏོང་ཕོད་ལས་བརྒལ་བ་ངོས་ཟིན་བྱས་ཏེ་རང་ཉིད་ཕམ་ཉེས་བྱུང་བ་ཁས་ལེན་བྱེད་རྒྱུ་དེ་རེད། དེ་འདྲ་འབྱུང་བར་ཡང་ངེས་གཏན་མེད་པ་ཞིག་རེད། ཨ་མེ་རི་ཀས་རྒྱ་ནག་དང་ཁ་གཏད་བྱེད་རྒྱུའི་འགྱུར་བ་མེད་པའི་ཁས་ལེན་བྱས་པ་ཡིན་ན། ཕམ་ཉེས་འབྱུང་བ་ནི་བསམ་ཡུལ་འདས་པའི་གནས་སྟངས་ཤིག་རེད། འདི་ལས་གཡོལ་རྒྱུ་ནི་དང་པོའི་དམིགས་ཡུལ་ལས་ཀྱང་གལ་འགངས་ཆེན་པོ་ཡིན་པས། ཕྱིར་འཐེན་མི་བྱེད་རྒྱུའི་གནོན་ཤུགས་ནི་ཤིན་ཏུ་ནས་ལྗིད་ཤུགས་ཆེ་བས། རྒྱ་ནག་གིས་ཐོག་མར་འགོ་སྒུར་བའི་གདེང་ཚོད་དང་བཅས་རྩོད་རྙོག་སློངས་རྒྱུ་དེ་རེད།
འདིས་ལམ་ཁ་ག་བར་ཁྲིད་ཀྱི་ཡོད་མེད་ང་ཚོས་མཐོང་ཐུབ། གལ་སྲིད་ཨ་མེ་རི་ཀས་ཨེ་ཤི་ཡའི་ནང་འགོ་གཙོའི་གོ་གནས་རྒྱུན་འཛིན་གྱི་ཐག་གཅོད་བྱས་ཏེ་རྒྱ་ནག་ལ་ཁ་གཏད་ལངས་པ་ཡིན་ན། མཇུག་འབྲས་གསལ་ཤོས་ནི་འཛམ་གླིང་ཐོག་གི་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་གཉིས་ཀྱི་དབར་དུ་རྩོད་རྙོག་དང་ཐབས་ཇུས་ཀྱི་འགྲན་བསྡུར་ཁོ་ན་རེད། གལ་སྲིད་རྒྱ་ནག་གིས་ཁོ་ཚོས་འགྲན་རྩོད་བློས་མ་བཏང་བ་ཡིན་ན་ཁོ་ཚོས་ལན་འདེབས་ནི་འབུད་རྒྱག་གཏོང་རྒྱུ་དེ་ཡིན་པས། དྲག་པོས་ཐོག་ཨ་མེ་རི་ཀར་རྩོད་རྙོག་གམ་ཡང་ན་མགོ་སྒུར་གཉིས་འདེམས་འཇུག་རྒྱུ་རེད། ཨ་མེ་རི་ཀས་མགོ་སྒུར་རྒྱུ་ནི་ཡོང་མི་སྲིད་པ་ལྟ་བུ་རེད། དེ་བས་དམག་སྤྱི་ཆེན་མོ་སྒྲེ་བི་ཕི་ཌི་ས་(དམག་འཁྲུག་)འདི་ཇི་ལྟར་མཇུག་རྫོགས་དགོས་པ་ང་ལ་གསུང་རོགས་ཟེར་བ་ལྟར་འགྱུར་གྱི་རེད།
ཐུན་མོང་དུ་སྤྱོད་པ།
ཨ་མེ་རི་ཀའི་གདམ་ཀ་གསུམ་པ་ནི་ཨེ་ཤི་ཡའི་ནང་རྒྱ་ནག་དང་མཉམ་དུ་སྟོབས་ཤུགས་ཐུན་མོང་དུ་སྤྱོད་པའི་ཐབས་ལམ་ཤིག་འཚོལ་རྒྱུ་དེ་རེད། དེའི་ནང་དོན་ནི་ཆབ་སྲིད་ཀྱི་དབང་ཆ་གསར་བ་དང་ཤུགས་རྐྱེན་རྣམས་བགོ་འགྲེམས་བྱས་པའི་སྟོབས་ཤུགས་གསར་བ་དང་མཐུན་པ་ཞིག་ཡོང་བའི་ཐོག་གྲོས་མོལ་བྱེད་རྒྱུ་དེ་རེད། ཨ་མེ་རི་ཀའི་དམིགས་ཡུལ་ནི་ཨེ་ཤི་ཡའི་ནང་རང་ཉིད་ཀྱི་དབང་ཆ་དང་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ་དང་རྒྱ་ནག་གི་ཤུགས་རྐྱེན་ཆུང་རུ་བཏང་ནས་རྩོད་རྙོག་ལས་གཡོལ་བའི་ཐབས་ཤེས་འགྱུར་བ་མེད་པའི་ཐོག་སྡོད་རྒྱུ་དེ་ཡིན་པས། རྒྱ་ནག་དང་མཉམ་དུ་དབང་ཤུགས་བགོ་འགྲེམས་ཁྲོད་རྒྱ་ནག་གི་དམའ་མཐའི་འདོད་པ་ཁེངས་བའི་བཀའ་འཁྲོལ་ཞིག་དགོས་པ་དང་། འདི་ནི་ཕྱོགས་གཉིས་ཀར་མཚོན་ན་ཆབ་སྲིད་དང་ཕྱི་འབྲེལ་གང་ཅིའི་ཐད་ཧ་ཅང་བྱེད་དཀའ་བའི་གྲོས་མཐུན་ཞིག་ཡིན། ཨ་མེ་རི་ཀར་མཚོན་ན་རྒྱ་ནག་དང་སྟོབས་ཤུགས་ཐུན་མོང་དུ་སྤྱོད་པ་ནི། ཨེ་ཤི་ཡའི་ནང་རང་ཉིད་ཀྱི་ཆབ་སྲིད་ཀྱི་དབང་ཆ་དང་ཤུགས་རྐྱེན་གྱི་གནད་འགག་དེ་སླ་བོ་(ཉམ་ཆུང་)བཟོས་པ་ཞིག་ཡིན། འོན་ཀྱང་། ང་ཚོས་གསལ་བོར་བཤད་ཐུབ་པ་ཞིག་ལ་རྒྱ་ནག་གིས་མངའ་ཁུལ་གྱི་འགོ་ཁྲིད་ཐུན་མོང་དུ་སྤྱོད་པར་ཨ་མེ་རི་ཀ་ལྟར་ཐོབ་ཐང་ཆ་ཚང་ཞིག་མེད་ན་ལྷིང་འཇགས་ངང་སྡོད་ཀྱི་མ་རེད། དེ་བས་ལས་དོན་འདི་ལམ་ལྷོངས་ཡོང་བར་ཨ་མེ་ཀས་ཕྱོགས་ནས་རྒྱ་ནག་འདྲ་མཉམ་དུ་བརྩི་བའི་གྲ་སྒྲིག་དགོས། འདི་དེ་འདྲའི་ལས་སླ་བོ་ཞིག་མིན། འདི་གང་ལྟར་ལེགས་འགྲུབ་ཡོང་མིན་ལེའུ་རྗེས་མ་རྣམས་ཀྱི་ནང་ཞིབ་འཇུག་བྱས་ཡོད།
ཨ་མེ་རི་ཀའི་དམིགས་ཡུལ་ཁག
ཨ་མེ་རི་ཀས་ཕྱོགས་ནས་གདམ་ཀ་དེ་གསུམ་ལས་གང་ཞིག་འདེམས་དགོས་མིན་ཐོག་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད། གདོང་ལེན་བྱེད་དགོས་པ་དང་པོ་ནི་རང་ཉིད་ཀྱི་མ་འོངས་རྒྱུན་རིང་གི་གཞི་རྩའི་དམིགས་ཡུལ་ཁག་ངོས་འཛིན་བྱེད་རྒྱུ་དེ་ཡིན། སྔོན་ཆད་ལེགས་འགྲུབ་བྱུང་པར་བརྟེན་དེ་ལྟར་ཡོང་གི་ཡོད་པའི་མགོ་སྐོར་ཐེབས་སླ་པོ་རེད། ཚིག་གཞན་གྱི་ནང་བཤད་ན་ང་ཚོས་རྒྱུན་གནས་ཡོང་ཐབས་དང་མཐར་སྐྱེལ་བ་གཉིས་ནོར་ཉེན་ཡང་ཡོད་པ་རེད། ཨེ་ཤི་ཡའི་ནང་ཨ་མེ་རི་ཀའི་འགོ་གཙོ་བྱས་པ་དང་། དམག་དཔུང་གི་སྟོབས་ཤུགས། མཐུན་གྲོགས་རྒྱལ་ཁབ་ཁག ཕན་ཚུན་ལ་རྒྱབ་སྐྱོར་ཡོད་པའི་ངོས་འཛིན་བྱས་པ་བཅས་དུས་ཚོད་རྒྱུན་རིང་པོ་ཞིག་ལ་ལེགས་འགྲུབ་བྱུང་ཡོད་ཀྱང་ད་ལྟ་མཇུག་རྫོགས་ཀྱི་ཡོད་པར་སྣང་། དེ་བས་ཨེ་ཤི་ཡའི་ནང་ཨ་མེ་རི་ཀའི་མཐར་ཐུག་གི་གནད་དོན་ག་རེ་ཡོད་མེད་བསམ་གཞིག་ཡག་པོ་གཏོང་རྒྱུ་གལ་ཆེན་པོ་རེད། འགོ་གཙོའི་གོ་གནས་ག་རེ་བྱས་ནས་གལ་ཆེན་པོ་རེད་དམ། དེས་རྒྱལ་ཁབ་ཀྱི་ཆེད་དུ་ག་རེ་སྒྲུབ་ཀྱི་རེད་དམ། དམིགས་ཡུལ་དེ་དག་འགྲུབ་པར་ད་དུང་ལམ་ཁ་ཡག་ཤོས་ག་རེ་ཡོད་དམ། ཨེ་ཤི་ཡར་འབྲེལ་གཏུགས་སྐབས་དམིགས་ཡུལ་འདི་དག་འགྲུབ་པར་ཕན་ཐོགས་དང་ཐབས་ལམ་ཡག་ཤོས་གཞན་གང་ཡོད་དམ།
ཨ་མེ་རི་ཀར་མཚོན་ན་ཨེ་ཤི་ཡའི་ནང་གནས་དགོས་པའི་རྒྱུ་མཚན་ཁག་ཧ་ཅང་གསལ་བོར་རེད། ང་ཚོས་རྣམ་རྒྱུན་རྣ་ལམ་དུ་ཡང་དང་སྐྱར་དུ་ཐོས་པའི་ཚིག་གྲུབ་ཁ་ཤས་ཡོད་པ་ལྟར། ཨེ་ཤི་ཡ་དེ་ཨ་མི་རི་ཀའི་མཐུན་ཕྱོགས་རྒྱལ་ཁབ་རྙིང་ཤོས་དང་ཉེ་ཤོས་རྣམས་ཀྱི་ཕ་ཡུལ་ཡིན་པ་དང་། ཨ་མེ་རི་ཀའི་མི་དམངས་འབོར་ཆེན་པོ་ཞིག་གི་རུས་རྒྱུད་ཨེ་ཤེ་ཡ་ནས་བྱུང་པ། དུས་རབས་གཅིག་ལྷག་གི་རིང་ཨ་མེ་རི་ཀ་མངའ་ཁུལ་འདིའི་ནང་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་བ། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་འཛམ་གླིང་ནང་གི་སྒུལ་ཤུགས་ཧ་ཅང་ཆེ་བའི་མངའ་ཁུལ་དེ་ནི་ཨ་མེ་རི་ཀའི་དཔལ་འབྱོར་གྱི་སྲོག་རྩར་འགྱུར་བཞིན་རེད་ཟེར་བ་འདི་རེད། འདི་དག་ཚང་མ་བདེན་པ་ཡིན་ན། གྲང་དམག་རྗེས་སུ་ཨ་མེ་རི་ཀ་མངའ་ཁུལ་འདི་ནས་ཕྱིར་བཤོལ་མ་བྱས་པ་འགྲིག་ཡོད་པའི་དྲན་གསོ་གཏོང་བར་རྒྱུ་མཚན་འདེང་ངེས་ཡིན། འོན་ཀྱང་། ད་ལྟ་ཨ་མེ་རི་ཀའི་མདུན་དུ་རྙོག་འཛིངས་ཆེ་བའི་གདམ་ཀ་ཁག་ཅིག་ཡོད་པས་ང་ཚོས་གཏིང་ཟབ་པོ་ཞིག་སྔོག་དགོས། དྲི་བ་ནི་མངའ་ཁུལ་འདིར་སྡོད་པའམ་ཡང་ན་བསྐྱུར་རྒྱུ་ལྟ་བུ་ལས་སླ་པོ་གཏན་ནས་ཞིག་མིན་པར་ཨ་མེ་རི་ཀའི་བྱེད་སྤྱོད་དང་འགྲོ་སྟངས་ལ་ཐུག་ཡོད། ཨེ་ཤི་ཡའི་མངའ་ཁུལ་ག་རེ་བྱས་ནས་ཨ་མེ་རི་ཀར་གནད་འགག་ཆགས་ཡོད་པ་དང་། ཞིབ་ཕྲའི་ཐག་གཅོད་བྱེད་པར་ང་ཚོས་ཨ་ཤེ་ཡའི་མངའ་ཁུལ་དེ་ཨ་མེ་རི་ཀར་གནད་འགག་ག་རེ་ཆགས་ཡོད་མེད་དང་གནད་འགག་ག་ཚོད་ཅིག་ཆགས་ཡོད་མེད་ཀྱི་ལྟ་ཚུལ་འཕྱུག་པ་མེད་པ་ཞིག་དགོས། ངས་བསམ་ཚུལ་ལྟར་ན་ཐབས་ལམ་ཡག་ཤོས་ནི་རྒྱལ་ཁབ་དང་མི་སྒེར་ཚང་མར་གཅིག་མཚུངས་ཀྱི་རྨང་གཞིའི་དགོས་མཁོ་གསུམ་སྟེ། ཡར་རྒྱས་གོང་འཕེལ། བདེ་འཇགས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཅས་ཀྱི་ཐོག་བགྲོ་གླེང་བྱེད་རྒྱུ་དེ་རེད།
ཡར་རྒྱས་གོང་འཕེལ།
ཨེ་ཤི་ཡའི་མངའ་ཁུལ་དུ་ཨ་རིའི་མངོན་གསལ་ཆེ་ཤོས་ཀྱི་དམིགས་ཡུལ་ནི་མུ་མཐུད་འཛམ་གླིང་གི་དཔལ་འབྱོར་གྱི་བང་མཛོད་ལྟ་བུ་དེ་ནས་ཚོང་ལས་ནང་འདྲེན་དང་། ཕྱིར་གཏོང་གི་ཁྲོམ་རྭ། མ་རྩ་འཛུགས་ས་དང་མ་རྩའི་ཐོན་ཁུངས་བཅས་ཡིན་པ་དེ་ནས་ཁེ་ཕན་ལེན་རྒྱུ་དེ་རེད། འདི་ལ་སྣང་ཚུལ་གཉིས་ཡོད་ལས་དང་པོ། ཨ་མེ་རི་ཀར་འཁྲུག་ཉམས་ཅན་དང་འཕེལ་རྒྱས་ལ་འགྲོ་བཞིན་པའི་ཨེ་ཤི་ཡའི་དཔལ་འབྱོར་དགོས་ཀྱི་ཡོད་པ་དང་། གཉིས་པ། མུ་མཐུད་ཨ་མེ་རི་ཀའི་ཚོང་ལས་ལ་སྒོ་ཕྱེ་དགོས་ཀྱི་ཡོད་པ་རེད། འདི་གཉིས་ལ་འབྲེལ་བ་ཡོད་ཀྱང་གཅིག་མཚུངས་མ་རེད་པས། དེ་གཉིས་ལོགས་སུ་དགར་ནས་བལྟ་རིན་ཡོད་པ་ཞིག་རེད།
དང་པོ། ཨེ་ཤི་ཡ་མུ་མཐུད་འཕེལ་རྒྱས་སུ་འགྲོ་བར་ཁོང་ཚོ་ངེས་པར་དུ་ཞི་བདེ་དང་བརྟན་བརླིང་ངང་གནས་དགོས་པ་དང་། ཨ་མེ་རི་ཀར་མཚོན་ན་ཨེ་ཤི་ཡའི་སྲུང་སྐྱོབ་ཁྲོད་དཔལ་འབྱོར་གྱི་ཁེ་ཕན་ཆེན་པོ་ཞིག་ཡོད། འདས་པའི་ལོ་བཞི་བཅུའི་རིང་ང་ཚོས་མཐོང་གསལ་ལྟར། ཨ་མེ་རི་ཀའི་འགོ་གཙོའི་གནས་བབ་དང་དེའི་འབྲེལ་མཚམས་གསལ་བོ་ཡིན་པས་དབང་གིས་ཨེ་ཤི་ཡ་ནང་ཞི་བདེ་བྱུང་ཐུབ་ཡོད། ང་ཚོ་ད་ལྟ་འབྲེལ་མཚམས་དེ་འདྲ་མེད་པའི་དུས་རབས་གསར་བ་ཞིག་ནང་འཛུལ་ཞུགས་བྱེད་ཀྱི་ཡོད། ཨ་རིའི་འགོ་གཙོའི་གནས་བབ་རྒྱུན་འཛིན་བྱེད་རྒྱུ་དེ་ནི་ཨེ་ཤི་ཡའི་མངའ་ཁུལ་དུ་ཞི་བདེ་ཡོང་བའི་ཐབས་ཤེས་ཡག་ཤོས་དེ་མིན་པ་དང་། གོ་གནས་རྒྱུན་འཛིན་ཡོང་བར་རྒྱ་ནག་གི་ཁ་གཏད་དུ་ལངས་ནས་འགྲན་རྩོད་བྱེད་དགོས་པ་དེ་ཡིན་ན། ཨེ་ཤི་ཡའི་བདེ་འཇགས་སྣང་མེད་གཏོང་བ་དང་། ཨེ་ཤི་ཡའི་དཔལ་འབྱོར་ལ་དལ་འགོར་དང་ཡང་ན་འགོ་མཇུག་སློག་ནས་ཨ་མེ་རི་ཀའི་དཔལ་འབྱོར་ལ་རྡུང་རྡེག་ཚབས་ཆེན་ཕོག་རྒྱུ་ཡིན་པ་བཅས་རེད། མ་འོངས་པའི་ལོ་ཤས་ནང་། ཨ་མེ་རི་ཀས་ཕྱོགས་ནས་མངའ་ཁུལ་གྱི་འགོ་གཙོའི་གནས་བབ་རྒྱུན་འཛིན་ཀྱི་སྲིད་བྱུས་དེས་དོན་དངོས་ཐོག་ཨ་མེ་རི་ཀའི་དཔལ་འབྱོར་གྱི་ཁེ་ཕན་ལ་གནོད་ཀྱི་ཡོད་པ་ལས་སླ་བོར་རྟོགས་ཐུབ། ཕྱོགས་གཞན་ནས་བཤད་ན། ཕྱིར་འཐེན་བྱས་པ་ཡིན་ན་ཡང་ཉེན་ཁ་གཅིག་མཚུངས་འཕྲད་ཀྱི་ཡོད་པ་རེད། ཨེ་ཤི་ཡི་ནང་སྟོབས་ཆེན་རྒྱལ་ཁབ་ཨ་མེ་རི་ཀ་མེད་པ་ཡིན་ན། མངའ་ཁུལ་དེའི་སྟོབས་ཆེན་རྒྱལ་ཁབ་ནང་ཁུལ་ཕན་ཚུན་འགྲན་རྩོད་ཀྱིས་བརྟན་བརླིང་མེད་པའི་ཆུ་འཁོར་ནང་ལྷུང་སྟེ་ཚང་མར་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་ཕོག་གི་རེད། འདིས་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན་ཨེ་ཤི་ཡའི་ནང་ཨ་མེ་རི་ཀའི་དཔལ་འབྱོར་གྱི་ཁེ་ཕན་ལ་རྒྱབ་སྐྱོར་ཡོང་བའི་ཐབས་ལམ་ཡག་ཤོས་ནི་ཕྱིར་འཐེན་བྱེད་རྒྱུ་དང་འགོ་གཙོའི་གནས་བབ་ཆེད་འགྲན་རྩོད་རྒྱུ་གཉིས་གང་རུང་མིན་པ་དེ་རེད།
གཉིས་པ། ཨ་མེ་རི་ཀའི་དཔལ་འབྱོར་གྱི་མ་འོངས་པ་ནི་ཨེ་ཤི་ཡའི་འགོ་གཙོ་མུ་མཐུད་པའི་བསྒུལ་ཤུགས་དེ་གཅིག་པོར་བརྟེན་པ་མ་ཡིན་པར་ཨ་མེ་རི་ཀའི་ཁོ་ཚོས་ཁྲོམ་རྭར་མཉམ་ཞུགས་ཐུབ་པ་དགོས་ཀྱི་ཡོད། ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་ཨ་མེ་རི་ཀ་ནི་དཔལ་འབྱོར་སྒོ་འབྱེད་དང་ཆ་ཚང་རང་བཞིན་ཅན་གྱི་ཕྱོགས་སུ་བསྒྱུར་མཁན་གཙོ་བོ་ཡང་དེ་ཡིན། སྒོ་འབྱེད་དེ་ལྟ་བུ་ནི་ད་ལྟ་ཚང་མའི་རྒྱུན་རིང་གི་ཁེ་ཕན་དུ་གྱུར་ཡོད་པ་དང་། འབྱུང་འགྱུར་མུ་མཐུད་རྒྱ་ནག་དང་ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་དཔལ་འབྱོར་ལ་ཁེ་ཕན་ཆེན་པོ་ཞིག་ཡོད་པ་གསལ་བོ་ཡིན་པས། དེ་ལྟར་ཡོང་བར་ཁོང་ཚོར་མུ་མཐུད་ཨ་མེ་རི་སྣེ་ཁྲིད་དགོས་དོན་མེད། དོན་དངོས་ཐོག རང་སྲུང་རང་ལུགས་ཀྱི་གནོན་ཤུགས་དེ་ཐོག་མར་ཨ་མེ་རི་ཀའི་ཕྱོགས་ནས་སླེབས་སྲིད། ཡང་ན་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཚོང་འབྲེལ་ཐོག་ཉེན་ཚབས་ཆེ་ཤོས་ནི་ཨ་རྒྱའི་བར་ཐབས་ཇུས་ཀྱི་འགྲན་རྩོད་བྱས་དེ་དཔལ་འབྱོར་གྱི་ཁོར་ཡུག་ནང་སླེབས་སྲིད་པ་དེ་རེད། འདིས་ཞི་བདེ་རྒྱ་མཚོའི་ཕྱོགས་གཉིས་ནས་ཚོང་ལས་དང་མ་རྩ་འཛུགས་པའི་ཐག་གཅོད་ལ་ཤུགས་རྐྱེན་སྤྲོད་པར་མ་ཟད། ཨ་རིས་མུ་མཐུད་འགོ་གཙོའི་གནས་བབ་རྒྱུད་འཛིན་བྱས་པ་ཡིན་ན་ཁོང་ཚོར་ཡོད་པའི་ཨེ་ཤི་ཡའི་མངའ་ཁུལ་གྱི་དཔལ་འབྱོར་གོ་སྐབས་ལ་ཉེན་ཚབས་ཆེ་ཤོས་དེ་ཡོང་གི་རེད།
བདེ་འཇགས།
ཡར་རྒྱས་གོང་འཕེལ་ནི་དམིགས་ཡུལ་གཅིག་ཡིན་པ་དང་བདེ་འཇགས་ཡང་དེ་བཞིན་ཡིན། དུས་རབས་གཅིག་ཙམ་གྱི་རིང་ནུབ་གོ་ལ་ཕྱེད་ཀའི་ཕྱི་ལོགས་སུ་ཨ་མེ་རི་ཀའི་ཐབས་ཇུས་ལ་རྩ་བའི་དམིགས་ཡུལ་གཅིག་ཡོད། དེ་ནི་ཡོ་རོབ་དང་ཨེ་ཤི་ཡ་གླིང་ཆེན་ནས་འབུར་ཐོན་སྟོབས་ལྡན་རྒྱལ་ཁབ་དེ་འདྲས་དམག་དཔུང་འཆར་འགོད་བྱས་ཏེ་ཨ་མེ་རི་ཀའི་མཐའ་སྐོར་གྱི་རྒྱ་མཚོར་སྙོབ་པ་དང་ཨ་མེ་རི་ཀའི་གླིང་ཆེན་དེའི་བདེ་འཇགས་ལ་ཉེན་ཁར་མ་ཡོང་བའི་སྔོན་འགོག་བྱེད་པར་ཁོང་ཚོར་ཆོད་སེམས་བརྟན་པོ་ཡོད། ཕྱི་ལོ་༡༩༡༧་ལོར་བཙན་རྒྱལ་འཇར་མན་རྒྱལ་ཁབ་ཀྱིས་ཡོ་རོབ་ཁྱོན་ཡོངས་ཀྱི་ཐོན་ཁུངས་ལ་དབང་སྒྱུར་བྱས་པ་དང་དེ་ལ་རྒྱལ་ཁབ་སུས་ཀྱང་འགྲན་ཟླ་བྱེད་མི་ཐུབ་པའི་སྐབས་སུ་ཨ་མེ་རི་ཀར་ཉེན་ཁ་སླེབས་པའི་བློ་འཚབ་སྐྱེས་ཡོད། ཕྱི་ལོ་༡༩༤༡་ལོར་ཡང་ཁོང་ཚོར་ནཱ་ཙེ་འཇར་མན་དང་བཙན་རྒྱལ་འཇར་པན་གཉིས་ལ་རྒྱལ་ཁ་ཐོབ་པའམ་ཐོབ་སྲིད་པར་འཇིགས་སྐྲག་བྱུང་ཡོད། ཕྱི་ལོ་༡༩༤༥་རྗེས་སུ་སོ་ཝེ་ཏྲི་(ར་ཤི་ཡ)་ཕྱོགས་ནས་ཉེན་ཁ་ཆེ་ཤོས་དེ་སླེབས་ཡོད་པ་དང་། གལ་སྲིད་ར་ཤི་ཡས་ཡོ་རོབ་ནུབ་མ་དང་འཇར་པན་གྱི་སྟོབས་ཤུགས་གཙོ་བོ་ཁག་ལ་སྟངས་འཛིན་བྱེད་ཐུབ་པ་ཡིན་ན་དེ་ལས་ཀྱང་ཉེན་ཁ་ཆེ་བ་ཞིག་སླེབས་ཀྱི་ཡོད། དེ་བས་དུས་རབས་ཉི་ཤུ་བའི་ངང་ཁོང་ཚོས་ཐེངས་གསུམ་ལ་ཚད་མེད་པའི་ཐོན་ཁུངས་བེད་སྤྱོད་དང་། འགྲོ་སོང་ཕོན་ཆེན་པོ་བཏང་བ། འཇིགས་སུ་རུང་བའི་ཉེན་ཁ་སོགས་ལ་གདོང་ལེན་བྱས་ཏེ། ཨོ་རོབ་དང་ཨེ་ཤི་ཡ་ནང་འབུར་དུ་ཐོན་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས་ཨ་མེ་རི་ཀས་རྒྱལ་ཁབ་ལ་སྡིགས་ར་སྐུལ་པར་སྔོན་འགོག་བྱས་ཡོད། འདི་ནི་ད་ལྟ་ཡང་ནུབ་གོ་ལ་ཕྱེད་ལས་བརྒལ་བའི་མངའ་ཁུལ་དུ་ཨ་མེ་རི་ཀའི་ཐབས་ཇུས་ཀྱི་དམིགས་ཡུལ་མཐར་ཐུག་ནི་རང་འཇགས་ཡིན། ཨ་མེ་རི་ཀའི་བདེ་འཇགས་ལ་འཛམ་གླིང་ཕྱོགས་གང་ས་ནས་འབུར་དུ་ཐོན་བཞིན་པའི་སྟོབས་ལྡན་རྒྱལ་ཁབ་རྣམས་ནས་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་གྱིས་གཙོས་ཨ་མེ་རི་ཀའི་གླིང་ཆེན་ལ་ཐད་ཀར་དམག་དཔུང་གི་ཉེན་ཁ་མ་ཡོང་བའི་སྔོན་འགོག་བྱེད་རྒྱུར་གཙོ་བོ་ཞིག་ཏུ་གྱུར་ཡོད།
གསལ་བོ་ཞིག་ལ་རྒྱ་ནག་འཕེལ་རྒྱས་སུ་སོང་བ་དང་དུས་མཚུངས་ཨ་མེ་རི་ཀས་དྲི་བ་ནི་འབྱུང་འགྱུར་གྱི་ལོ་བཅུ་ཕྲག་ཁ་ཤས་ནང་རྒྱ་ནག་ཕྱོགས་ནས་ཉེན་ཁ་སྤྲོད་ཀྱི་རེད་དམ་ཟེར་བ་དེ་ཡིན། གལ་སྲིད་སྤྲོད་ཀྱི་ཡོད་པ་ཡིན་ན། དེ་ད་དུང་རྒྱང་ཐག་རིང་པོ་ཞིག་ཡིན་ཡང་། ཡོང་སྲིད་པ་དེར་བཀག་སྡོམ་བྱེད་རྒྱུ་དང་། དེ་ནི་རྒྱ་ནག་ལ་འབྲེལ་བ་བྱེད་པའི་ཐབས་ཇུས་ཀྱི་དམིགས་ཡུལ་གཙོ་བོར་འཛིན་དགོས་པ་ཡིན། འོན་ཀྱང་། ང་ཚོས་མཐོང་གསལ་ལྟར། ཁོ་ཚོ་འཛམ་གླིང་སྟེང་གི་དཔལ་འབྱོར་ཆེ་ཤོས་སུ་འགྱུར་སྲིད་པའི་འཇོན་ཐང་ཡོད་མེད་ལ་མ་བལྟོས་པར། རྒྱ་ནག་གི་ནུས་པ་མུ་མཐུད་བཀག་སྡོམ་ཤུགས་ཆེན་པོའི་འོག་སྡོད་དགོས་བྱུང་བ་རེད། ཁོ་ཚོ་ནི་ཨེ་ཤི་ཡའི་མངའ་ཁུལ་གྱི་སྟོབས་ཆེན་རྒྱལ་ཁབ་མང་པོའི་ནང་གི་གཅིག་ཡིན་པ་དང་། ཕལ་ཆེར་རྒྱལ་ཁབ་གཞན་ཚང་མས་ཀྱང་རྒྱ་ནག་གིས་ཁོང་ཚོར་སྟངས་འཛིན་བྱེད་པར་སྔོན་འགོག་གི་ཆོད་སེམས་ཡོད་ངེས། དེ་བས་རྒྱ་ནག་ལ་རང་ཉིད་ཀྱི་མངའ་ཁུལ་དུ་རྩོད་གླེང་མེད་པའི་ཐོག་འགོ་གཙོར་འགྱུར་རྒྱུའི་གོ་སྐབས་ཧ་ཅང་ཆུང་། དེ་ལྟར་མ་བྱུང་ཡིན་ན་རྒྱ་ནག་རང་ཉིད་ཀྱིས་དཔལ་འབྱོར་སྟོབས་ཤུགས་བེད་སྤྱད་དེ་ཨ་མེ་རི་ཀར་ཉེན་ཁ་སྤྲོད་པའི་གོ་སྐབས་གཏན་ནས་མེད། རྒྱུ་མཚན་འདི་ལ་བརྟེན་ནས་དམག་དོན་མཁས་པ་(CHRISTOPHER LAYNE)་ཁེ་རི་སུ་ཌོ་ཧྥེར་ལེ་ནེས་ནས་(མཚོ་འགྲམ་དང་ཐག་ཉེ་སར་ཆ་སྙོམས་ཐབས་ཀྱི་) ཐབས་ཇུས་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ཁོང་གིས་ཨ་མེ་རི་ཀའི་སྟོབས་ཤུགས་ཨེ་ཤི་ཡ་ནས་ཕྱིར་འཐེན་བྱས་ཏེ་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་ལྗིད་ཚད་བཀྱགས་བཅུག་ན། དེས་(རྒྱ་ནག་གིས)་ཡོ་རབ་དང་ཨེ་ཤི་ཡ་གླིང་ཆེན་ལ་སྟངས་འཛིན་བྱེད་རྒྱུ་སྔོན་འགོག་བྱེད་ཐུབ་པ་དང་། ཁོ་ཚོར་ནམ་ཡང་སྟོབས་ཤུགས་དང་སྲུང་སྐྱོབ་འདང་ངེས་ཐོག་ནས་ཨ་མེ་རི་ཀར་ཉེན་ཚབས་སྤྲོད་མི་ཐུབ་པར་འདོད་ཀྱི་ཡོད། རྒྱུ་རྐྱེན་གང་རུང་ཞིག་གིས་ཁོ་ཚོའི་ལས་དོན་ལ་འདར་ཁྱོམ་རྒྱབ་པ་ཡིན་ན། ཨ་མེ་རི་ཀས་གོམ་པ་ཚུར་སྤོས་ནས་ཁོ་ཚོར་གཞོག་སྐྱོར་དང་རྒྱབ་སྐྱོར་བྱས་ཆོག འདི་ནི་ཆ་འཇོག་འོས་ཞིང་ཁུངས་སྐྱེལ་ཡོད་པའི་རྒྱུ་མཚན་ཞིག་རེད། འོན་ཀྱང་། ལག་པ་མི་འཆང་བའི་བྱེད་སྟངས་འདིས་མི་མང་པོར་བློ་འཚབ་སྐྱེ་གཞིར་གྱུར་ཡོད། ཁོ་ཚོས་རྒྱ་ནག་གི་སྟོབས་ཤུགས་ལ་ཡང་ལྗིད་ཚད་འགྱོགས་པའི་ལས་དོན་དེ་གཞན་གྱི་ཐོག་གཡུག་པ་ནི་སྤྱང་གྲུང་མི་ལྡན་པའི་བྱེད་ཐབས་ཤིག་རེད་བསམ་གྱི་ཡོད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་བཀག་སྡོམ་བྱས་པར་ལམ་ལྷོང་མི་འབྱུང་བའི་ཉེན་ཁ་མཐོང་གི་ཡོད། དེ་ནས་ཨ་མེ་རི་ཀས་ཐད་ཀར་བར་འདུམ་བྱེད་དགོས་བྱུང་ཚེ་རྗེས་ལུས་ཐེབས་ཚར་བ་དང་། འགྲོ་སོང་ཆེ་བ། གཅིག་བྱས་ན་ཕལ་ཆེར་རྒྱ་ནག་གི་ཉེན་ཁ་བཀག་སྡོམ་བྱེད་རྒྱུ་ཡོང་མི་སྲིད་བསམ་གྱི་ཡོད།
འདི་ཡང་ཆ་འཇོག་འོས་པའི་རྒྱུ་མཚན་ཞིག་རེད། འོན་ཀྱང་རྒྱུ་མཚན་འདི་ནི་ཨ་མེ་རི་ཀས་ངེས་པར་ཨེ་ཤི་ཡའི་ནང་འགོ་གཙོའི་གནས་བབ་རྒྱུན་འཛིན་བྱེད་པར་གོ་དགོས་དོན་མེད། ཨ་རིས་མུ་མཐུད་ཨེ་ཤི་ཡའི་མངའ་ཁུལ་དུ་ལས་དོན་སྤེལ་པ་དང་། རྒྱ་ནག་གི་སྟོབས་ཤུགས་ལ་ལྗིད་ཚད་སྙོམས་པ་དང་དམག་དཔུང་གི་གདམ་ཀ་ཁག་ལ་བཀག་སྡོམ་བྱེད་པའི་ལམ་ཁ་མང་པོ་ཡོད། (མཚོ་རྒྱུད་དུ་ལྗིད་ཚད་སྙོམས་པའི་)ཁ་གཡང་ཁྲོད་ཕྱིར་འཐེན་བྱེད་པའི་མཐའ་དང་། རྟག་ཏུ་འགོ་གཙོའི་གནས་བབ་རྒྱུན་འཛིན་བྱེད་པའི་མཐའ་འདི་གཉིས་ཀྱི་དབུས་སུ་མཚམས་སྦྱོར་བྱེད་པའི་ཐབས་ཤེས་ཤིག་ཡོད་པ་ནི། ཨ་མེ་རི་ཀར་ཁེ་ཕན་སྤྲད་ནས་གནོད་སྐྱོན་ལས་ལྡོག་ཐབས་བྱེད་རྒྱུ་དེ་རེད། དོན་དངོས་ཐོག་འདི་ལྟར་བྱེད་པ་ཨེ་ཤི་ཡའི་མངའ་ཁུལ་དུ་ཨ་མེ་རི་ཀའི་རྒྱུན་སྲོལ་དུ་གྱུར་ཡོད། སྒོ་འབྱེད་བྱས་པའི་པེ་ཅིང་རང་འགུལ་གྱིས་ཝ་ཞོན་ཀྲོན་གྱི་པང་དུ་སླེབས་པ་ཡིན་ན་འགོ་གཙོའི་གནས་བབ་དམིགས་ཡུལ་དུ་བཟུང་ཆོག དེའི་གོང་དུ་ཨ་མེ་རི་ཀའི་དམིགས་ཡུལ་ནི་ཨེ་ཤི་ཡ་མངའ་ཁུལ་དེ་གཞན་གྱིས་སྟངས་འཛིན་བྱེད་པ་སྔོན་འགོག་བྱེད་རྒྱུ་ཡིན་པ་ལས། རང་ཉིད་ཀྱི་སྟངས་འཛིན་ལས་དོན་བརྟན་སྲུང་བྱེད་རྒྱུ་དེ་མིན། གཅིག་བྱས་ན་ད་ལྟའི་སྐབས་འདིར་དམིགས་ཡུལ་དེ་རང་འཇགས་སྐྱར་གསོ་བྱེད་པའི་དུས་ལ་སླེབས་ཡོད།
ཐུན་མོང་མ་ཡིན་པའི་ངོ་བོ།
མི་མང་པོ་ཞིག་གིས་ཨ་མེ་རི་ཀའི་ཕྱོགས་ནས་ཨེ་ཤི་ཡ་མངའ་ཁུལ་དང་འཛམ་གླིང་ཁྱོན་ཡོངས་ལ་བཟུང་པའི་དམིགས་ཡུལ་ནི་རང་ཉིད་འཕེལ་རྒྱས་དང་སྲུང་སྐྱོབ་ཀྱི་མངོན་འདོད་ལས་བརྒལ་དགོས་པར་འདོད། ཨ་མེ་རི་ཀས་ངེས་པར་དུ་རང་ཡུལ་ལས་བརྒལ་་འཛམ་གླིང་ཡོངས་ཁྱབ་ལ་རིན་ཐང་དར་སྤེལ་གཏོང་དགོས་པར་འདོད། (དེ་ནི་འཛམ་གླིང་གི་རེ་བ་ཡག་ཤོས་དང་མཐའ་མ་ཡིན་) ཨ་མེ་རི་ཀའི་ཁྱད་འཕགས་རིང་ལུགས་ནི་ཁོང་ཚོས་རྒྱལ་ཁབ་འདི་རྒྱལ་ཁབ་འདྲ་འདྲའི་ནང་གི་མ་འདྲ་བ་ཡོད་པ་ནི། ང་ཚོས་ཤེས་གསལ་ལྟར་ཨ་མེ་རི་ཀའི་སྟོབས་ཤུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཕྱོགས་གང་ཅིའི་ཐད་ནས་གཏིང་ཟབ་པོ་དང་བློ་སྐྱེད་སྤྲོད་པ་འདི་ཡིན།
ཨ་མེ་རི་ཀའི་ཁྱད་འཕགས་རིང་ལུགས་ལ་གཞན་གྱི་ལད་ཟློས་བྱེད་རྒྱུ་ལས་སླ་བོ་ཡིན་ཀྱང་། དེ་དག་ཚང་མ་ཕྱོགས་གང་ཐད་ནས་བདེན་པའི་གཟུགས་བརྙན་ལ་བཅོས་མའི་མཚོན་མདོག་སྣུམ་པོ་བྱུགས་པ་ཙམ་ཡིན། ད་ལྟའི་བར་དུ་དཔལ་འབྱོར་དང་དམག་ཤུགས་གང་ཐད་ནས་ཨ་མེ་རི་ཀ་ནི་འགྲན་ཟླ་བྲལ་བ་ཞིག་རེད། དུས་རབས་གཅིག་ལྷག་གི་རིང་ལ་འཛམ་གླིང་སྟེང་ཁོ་ཚོས་ཞི་བདེ་དང་སྒྲིག་ཁྲིམས། དཔལ་འབྱོར་ཡར་རྒྱས། སྲིད་དོན་འཕེལ་འགྱུར། ཚན་རིག འཕྲུལ་རིགས། སྒྱུ་རྩལ་སོགས་ཀྱི་ཐོག་རྨད་དུ་བྱུང་བའི་ལེགས་སྐྱེས་ཕུལ་ཡོད། ལེགས་སྐྱེས་འདིས་ཁོ་ཚོ་གཞན་ལས་ཁྱད་འཕགས་ཡིན་པ་གསལ་སྟོན་བྱས་ཡོད། དེ་ལྟ་ནའང་དྲི་བ་ཡང་བསྐྱར་གཏོང་དགོས་པ་ཞིག་ལ། ཨ་མེ་རི་ཀར་མ་འོངས་ལོ་བཅུ་ཕྲག་ཁ་ཤས་རིང་ཨེ་ཤི་ཡའི་མངའ་ཁུལ་དུ་དོན་དག་ག་རེ་སྒྲུབ་ཐུབ་བམ། འཛམ་གླིང་གི་བྱ་བཞག་ཁྲོད་ཐུན་མོང་མ་ཡིན་པའི་འགན་ཁུར་རྒྱུན་འཛིན་བྱེད་རྒྱུ་དེ་ཨ་མེ་རི་ཀས་ཨེ་ཤི་ཡའི་ནང་བཟུང་བའི་དམིགས་ཡུལ་གཙོ་བོ་ཡིན་ནམ།
ལྟ་ཚུལ་གཅིག་ནི། ཨ་མེ་རི་ཀས་ངེས་པར་དུ་ཨེ་ཤི་ཡའི་ནང་གལ་ཆེ་ཤོས་ཀྱི་སྟོབས་ཤུགས་ཏུ་འགྱུར་བའི་འབད་བརྩོན་བྱེད་དགོས་པ་དང་། དེས་ཨ་མེ་རི་ཀའི་དཔལ་འབྱོར་དང་སྲུང་སྐྱོབ་ཀྱི་དགོས་མཁོ་སྒྲུབ་པ་ཙམ་མ་ཡིན་པར་། འགོ་གཙོ་བྱེད་རྒྱུ་ནི་ཨ་མེ་རི་ཀའི་ཐུན་མོང་མ་ཡིན་པའི་ངོ་བོ་དང་མཐུན་གྱི་ཡོད་པས་རེད། དེ་ནི་རྒྱུ་མཚན་ཡང་དག་པ་ཞིག་མ་རེད། རང་ཉིད་ཀྱི་རྒྱལ་ཁབ་ནི་རྒྱལ་ཁབ་གཞན་རྣམས་འགོ་ཁྲིད་མཁན་དུ་ཆེད་མངགས་བསྐོས་ཡོད་པར་འདོད་པ་ནི་ཨ་མེ་རི་ཀའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ག་ལ་ཡིན། སྟོབས་ཆེན་རྒྱལ་ཁབ་ཚང་མས་དུས་ཚོད་ངེས་ཅན་ཞིག་གི་ནང་རང་ཉིད་འགོ་ཁྲིད་བྱེད་པར་གདན་འདྲེན་བྱས་པར་རློམས་ཀྱི་ཡོད། དོན་དངོས་ཐོག་བཟང་སྤྱོད་ཀྱི་སྟོབས་ཤུགས་ཡང་དག་པ་ཞིག་ཐོབ་དགོས་ན་ཨ་མེ་རི་ཀའི་ཁྱད་འཕགས་རིང་ལུགས་དེ་རང་ཉིད་ཀྱི་ལྟ་ཚུལ་ལ་བཅོས་མས་བསྟོད་བསྔགས་ཙམ་གྱིས་འགྲིག་གི་མེད། ཨ་རི་བ་མང་ཆེ་བས་དོན་དངོས་ཐོག་ཁོ་ཚོར་དམིགས་བསལ་ཞིག་ཡོད་པ་ནི་ཁོ་ཚོའི་རིན་ཐང་རྣམས་ཡིན་སྐོར་བརྗོད་ཀྱི་ཡོད། ཁོ་ཚོས་ད་དུང་ཨ་མེ་རི་ཀ་ཡིས་ངེས་པར་དུ་ཨེ་ཤི་ཡའི་འགོ་ཁྲིད་དགོས། གང་ཡིན་ཟེར་ན་འགོ་ཁྲིད་བྱས་པ་དེས་ཨ་མེ་རི་ཀའི་རིན་ཐང་རྣམས་ཁྱབ་སྤེལ་གཏོང་ཐུབ་པ་དང་། རིན་ཐང་འདི་དག་ཁྱབ་སྤེལ་གཏོང་རྒྱུ་ནི་ཨ་མེ་རི་ཀར་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར།
མཚམས་རེར་རང་ཉིད་ཀྱི་མངོན་འདོད་རྣམས་གསལ་འདོན་བྱེད་རྒྱུ་གལ་ཆེན་པོ་རེད། དཔེར་ན། ཨ་རིས་རང་ཉིད་ཀྱི་རིན་ཐང་ཡོངས་ཁྱབ་དུ་མཉམ་སྤྱོད་བྱས་པའི་འཛམ་གླིང་ཞིག་གི་ནང་བདེ་འཇགས་ཁག་ཐེག་བྱེད་ཐུབ། འོན་ཀྱང་རིན་ཐང་ཡོད་ཚད་ལ་མོས་མཐུན་མ་བྱས་པའི་གནས་སྐབས་སུ་རྒྱ་ནག་ལྟ་བུའི་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་མཉམ་དུ་དྲག་རྩུབ་ཆེ་བའི་རྩོད་རྙོག་ནང་ཞུགས་ཀྱི་ཡིན་ནམ། འདིའི་དྲིས་ལན་ཁག་ནི་གང་འཚམས་གསལ་བོ་རེད། གཞུང་ལུགས་ཐོག་ནས་བཤད་ན་ཁོང་ཚོའི་རིན་ཐང་ཡོངས་ཁྱབ་དུ་མཉམ་སྤྱོད་བྱས་ན་ཨ་མེ་རི་ཀར་བདེ་འཇགས་མང་པ་ཡོད་ཀྱང་། ལག་བསྟར་དངོས་ཀྱི་ནང་ལས་དོན་དེ་དོན་འཁྱོལ་ཡོང་བའི་ཆེད་ནུས་པ་འདོན་དགོས་པ་དེས་ཁོ་ཚོར་བདེ་འཇགས་ཉུང་རུ་གཏོང་གི་ཡོད་པ་དང་། དམིགས་བསལ་ཨ་རིའི་འགོ་ཁྲིད་ཀྱི་གནས་བབ་དེ་སྟོབས་ཤུགས་ཆེ་ཞིང་འགོག་རྒོལ་བྱེད་པར་བློ་ཐག་བཅད་ཡོད་པའི་རྒྱལ་ཁབ་རྣམས་ཀྱི་ཐོག་བཙན་འགེལ་བྱེད་དགོས་བྱུང་ན་དེ་ཧ་ཅང་ཁག་པོ་རེད།
ཨ་མེ་རི་ཀས་ངེས་པར་དུ་རིན་ཐང་དེ་དག་ཁྱབ་སྤེལ་བྱེད་དགོས་པ་དེ་ཡང་འཕེལ་རྒྱས་དང་བདེ་འཇགས་ཙམ་མ་ཡིན་པར་རིན་ཐང་དེ་དག་ནི་རང་ངོས་ནས་བཟང་པོ་དང་། དེ་དག་ཨ་མེ་རི་ཀའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པར་འདོད་མཁན་ཀྱང་ཡོད། འདིར་དོན་དག་སྟབས་བདེ་ཞིག་བཟོ་བར་འདེང་ངེས་ཡོད་སྲིད། ཨ་མེ་རི་ཀས་སོ་སོའི་ལུང་པའི་ནང་རིན་ཐང་ཁྱབ་སྤེལ་དང་སྲུང་སྐྱོབ་བྱེད་པར་སུས་ཀྱང་བཀག་འགོག་བྱེད་ཀྱི་མེད། འདི་ནི་ཆེས་མཐོའི་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆེས་མཐོའི་དམིགས་ཡུལ་དེ་ཡིན་པས་དེའི་ཆེད་བློས་གཏོང་ག་ཚོད་དགོས་ཀྱང་མང་དྲགས་པ་ཞིག་ཏུ་མཐོང་གི་མེད། འོན་ཀྱང་། ཨ་མེ་རི་ཀའི་རིན་ཐང་རྒྱལ་ཁབ་གཞན་གྱི་ནང་ཁྱབ་སྤེལ་བྱེད་རྒྱུ་ནི་གནས་སྟངས་གཞན་ཞིག་རེད། དང་པོ་རྩོད་མེད་ཡོངས་གྲགས་ཀྱི་ལྟ་ཚུལ་ཞིག་ཡིན་ན་ཡང་། གཉིས་པ་ལྟ་ཚུལ་དེའི་སྐོར་ཁོ་ཚོས་ཐག་གཅོད་བྱེད་སྟངས་དང་། ཡང་ཁོ་ཚོའི་མངོན་འདོད། ཁོ་ཚོའི་གཏོང་ཕོད། ཉེན་ཁ་ལ་གདོང་ལེན་ཐུབ་མིན་བཅས་ཀྱིས་གསལ་བཤད་བྱེད་ཐུབ། ཨ་མེ་རི་ཀས་རྒྱལ་ཁབ་ཀྱི་རང་བཙན་གསལ་བསྒྲགས་སྲུང་སྤེལ་ཆེད་བློས་གཏོང་བྱས་པ་དེ་ལྟར་ཨེ་ཤི་ཡའི་ནང་ལྟ་ཚུལ་དེ་ཁྱབ་སྤེལ་གཏོང་དགོས་པར་བསམ་པ་ནི་མགོ་རྙོག་གི་གཞི་ལས་མ་འདས།
ཨ་མེ་རི་ཀའི་རིན་ཐང་སྐོར་གོང་གི་ལྟ་ཚུལ་གཉིས་འབྲེལ་བ་ཟབ་མོ་ཡོད་པ་ཡིན་ན་ཁོང་ཚོའི་ཐུན་མོང་མ་ཡིན་ཁྱད་ཆོས་ཀྱི་གོང་ཚད་ཧ་ཅང་ཆེན་པོར་གྱུར་ཡོད་པས། བསམ་བློ་གནད་དུ་ཕབ་ནས་བལྟས་པ་ཡིན་ན་མོས་མཐུན་གྱི་ཆ་ཞིག་རྙེད་ཐུབ།
རྒྱལ་སྤྱིའི་སྒྲིག་གཞིའི་སྐོར་ལ་ཡང་ལྟ་ཚུལ་གཅིག་པ་བཤད་ཆོག ཨ་མེ་རི་ཀའི་ངོ་བོ་དང་རྒྱལ་སྤྱིའི་སྒྲིག་གཞི་དབར་དོན་དངོས་ཐོག་འདྲ་མཚུངས་ག་ཚོད་ཡོད་དམ། སྤྱིར་བཏང་གི་ཐབས་ཇུས་ནི་ཨ་མེ་རི་ཀའི་ངོ་བོ་འམ་ཁྱད་ཆོས་ལ་ཨ་རིའི་འགོ་ཁྲིད་པའི་སྒྲིག་གཞི་ཆ་ཚང་ཞིག་དགོས་ཀྱི་ཡོད་ཟེར་བ་དེ་ཡིན། འདི་ནི་གནས་ཡོད་གནས་སྟངས་མུ་མཐུད་གནས་དགོས་པར་འདོད། གནས་ཡོད་གནས་སྟངས་མུ་མཐུད་གནས་མིན་དེ་རང་ཉིད་གནས་མིན་འགྲེལ་བཤད་རྒྱག་པ་ནི་འགྲེལ་བཤད་ཡག་པོ་ཞིག་མིན། ཨ་རིའི་ཁྱད་ཆོས་གཙོ་བོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་འཁོད་པའི་རྒྱལ་སྤྱིའི་སྒྲིག་གཞིའི་སྙིང་དོན་རྒྱུན་འཛིན་བྱས་དེ་བཤད་ན་རྒྱུ་མཚན་ལྡན་པ་ཞིག་རེད། འདིར་གནད་འགག་ཆེ་ཤོས་ནི་ཨ་རིས་སྒྲོགས་བཞིན་པའི་ཁྱད་ཆོས་ལ་ལྗིག་ཚད་ག་ཚོད་ཅིག་ཡོད་པ་རེད་དམ། དེ་ཚོ་ལ་རྒྱུན་གནས་ཡོང་བར་ཆོད་སེམས་དང་འགྲོ་གྲོན་གཏོང་ཕོད་པ། ཉེན་ཁར་གདོང་ལེན་བྱེད་ཐུབ་པ་བཅས་ཀྱི་རྒྱབ་བརྟེན་དགོས་ཀྱི་ཡོད། གང་ཡིན་ཟེར་ན། དེ་ནི་ཨེ་ཤི་ཡ་མངའ་ཁུལ་དུ་ཨ་མེ་རི་ཀས་མ་འོངས་པ་ཐད་གཅོད་བྱེད་པར་གནད་འགག་ཆགས་ཡོད། གསལ་པོར་བྱས་ནས་བཤད་དགོས་པ་ཞིག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ནང་གལ་ཆེར་བརྩི་བའི་འཚེ་བ་མེད་པའི་རྩ་དོན་ལ་སྲུང་སྐྱོབ་བྱེད་ཆེད། ཨ་མེ་རི་ཀར་རྒྱུན་རིང་པོར་འགྲན་རྩོད་ནང་ཞུགས་པའི་ཆོད་སེམས་དགོས་ཀྱི་ཡོད་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་དང་མཉམ་དུ་དམག་འཁྲུག་ཤོར་བའི་ཉེན་ཁར་འཕྲད་སྲིད་པ་དེ་རེད། དེ་ལྟར་བྱེད་དགོས་བྱུང་ཡང་དེ་ནི་ཕྱོགས་ཡོངས་ནས་ད་ལྟའི་རྒྱལ་སྤྱིའི་སྒྲིག་གཞིར་སྲུང་སྐྱོབ་བྱེད་པར་འགྱུར། ཨ་རིའི་དབུ་ཁྲིད་ཚོར་འཕྲད་པའི་བཟང་སྤྱོད་ཀྱི་འགན་ཁུར་ནི་ཁོ་ཚོས་རྒྱ་ནག་གི་འབུར་ཐོན་ལ་ལན་འདེབས་སྐབས་སུ་ཨ་རིའི་རིན་ཐང་ངམ་ཁྱད་ཆོས་ཕྱོགས་གཅིག་དང་མངོན་འདོད་ཕྱོགས་གཅིག་ཏུ་ཡོད་པའི་བར་ནས་ཐག་གཅོད་བྱེད་རྒྱུ་དེ་མ་ཡིན་པར། སྒྲིག་གཞི་བྱེ་བྲག་པ་ཞིག་རྒྱུན་གནས་བྱས་པའི་རིན་ཐང་དང་། ཞི་བདེ་རྒྱུན་གནས་དང་དམག་འཁྲུག་གི་ཉེན་ཁ་ཆུང་རུ་བཏང་བའི་རིན་ཐང་གཉིས་ཀྱི་ཁྱད་པར་རེད།
ང་ཚོས་ཨ་མེ་རི་ཀས་ཕྱོགས་ནས་རྒྱ་ནག་ལ་ལན་འདེབས་བྱེད་པའི་གདམ་ཀ་གསུམ་ཡོད་པ་རྣམས་ཁོ་ཚོའི་རིན་ཐང་གི་ངོས་ནས་བལྟ་དུས། ཨེ་ཤི་ཡའི་མངའ་ཁུལ་ནས་ཕྱིར་འཐེན་བྱེད་རྒྱུ་ནི་འདེམས་ཀ་སྐྱོ་བོ་ཞིག་ཡིན་པ་གསལ་བོར་རྟོགས་ཐུབ། དེ་བཞིན་ཆོད་སེམས་བརྟན་པོས་སྔར་ཡོད་ཀྱི་འགོ་གཙོའི་གནས་བབ་རྒྱུན་འཛིན་ཆེད་རྒྱ་ནག་དང་མཉམ་དུ་འགྲན་རྩོད་བྱེད་རྒྱུ་ཡང་འདེམས་ཀ་སྐྱོ་བོ་ཞིག་ཡིན་པ་ཤེས་ཐུབ། དེ་བས་གདམ་ཀ་དེས་ཨ་མེ་རི་ཀའི་མངོན་འདོད་དང་རིན་ཐང་ངམ་ཁྱད་ཆོས་ལ་ཕན་ཐོགས་སྒྲུབ་རྒྱུ་ཁག་པོ་ཡིན་པས། གྲོས་མོལ་བྱེད་རྒྱུའི་འདེམས་ཀ་གསུམ་པ་དེ་ལེགས་པོ་ཡིན་པ་དང་། བྱུང་ན་སྟོབས་ཤུགས་མཉམ་སྤྱོད་དང་རྒྱལ་སྤྱིའི་སྒྲིག་གཞིའི་སྙིང་དོན་རྣམས་སྲུང་སྐྱོབ་བྱས་ཏེ་དམག་འཁྲུག་གི་ཉེན་ཁ་ཆུང་རུ་གཏོང་ཐབས་བྱེད་རྒྱུ་གལ་ཆེ། དོན་དངོས་ཐོག་ཞི་བདེ་ཡི་རིན་ཐང་ནི་ཧ་ཅང་གི་ཆེན་པོ་ཡིན།
གསལ་བཤད། འདི་ནི་སྒྱུར་རྩོམ་ཞིག་ཡིན་པས་གུས་པའི་བསམ་ཚུལ་མཚོན་གྱི་མེད།
ལེའུ་སྔོན་མ་རྣམས་གུས་པ་སྒེར་གྱི་ཟིན་བྲིས་ནས་གཟིགས་ཐུབ།
ཕྱི་ལོ་༢༠༡༨་ལོའི་ཟླ་༡༡་ནང་སྤེལ།
https://khabanagbo.com