ཀླུ་སྨྱོན་ཧེ་རུ་ཀ
(ཚིག་འབྲུ་གཅིག་ནས་སུམ་ཅུའི་བར་གྱི་སྙན་ངག)
གནའ།
སྲིད་པ།
ས་རུ་ཆགས།
རྙོག་འཛིངས་ཀྱང་ཆེ།
གཏོས་ཆེ་བའི་ཕུང་པོ།
ཕྱི་བརྩེགས་ནང་བརྩེགས་ཀྱི་རི།
སྤྲིན་པའི་གུར་ཁང་ན་བརྗིད་ཆགས།
དྲག་ཆར་གློག་འོད་དང་མུན་པའི་ཀློང་།
ཁ་བ་བུ་ཡུག་དང་འཁྱག་རོམ་ལ་འབྱར།
སྐར་ཚོགས་ཁོ་ནས་ཁ་ཕྱོགས་སྟོན་པ་ཡིན་ནམ།
ངའི་མེས་པོ་དག་གནའ་ནས་འདིར་གནས་བཅས་པར་བརྗོད།
ཁོ་ཚོས་རྒྱང་རིང་གི་གཏམ་རྒྱུད་སྣ་ཚོགས་བསླས་ཤིང་བཏགས།
ཨ་མྱེས་གླང་ཆེན་གྱི་བྱུང་བ་ཡང་ཁོ་ཚོའི་བརྗོད་བྱར་གྱུར།
དེ་དུས་རྫ་མཐོན་པོའི་གསེབ་ན་རི་དྭགས་སྣ་ཚོགས་ཅི་དགར་རྒྱུ།
དེ་དུས་རྫ་གསེབ་ཀྱི་གཞི་བདག་ཚོས་ཀྱང་རང་དགར་གཉོམ་མི་འཁུར་ཞིང་།
རྫ་འདབས་ཀྱི་དཔའ་རྒོད་ཚོར་དཔའ་སྤོབས་མཚོན་པའི་པུ་ར་གླིང་དྲུག་རེ་ཡོད།
མ་སྲུ་ཚོའི་ལང་ཚོའི་མེ་ཏོག་ཀྱང་འབྲུག་མོའི་སྐྲ་རྒྱན་བྱས་ཆོག་པ་རྐྱང་ཡིན།
ཕ་མཁར་ཚོའི་ཐོག་ཁར་བཙན་པོའི་དམག་དར་རླུང་གིས་བསྐྱོད་པའི་སྒྲ་དབྱངས་བར་མེད་སྒྲོག
ས་མཐོ་ཆུ་གཙང་རླུང་བསིལ་ཤིང་བཟང་གིས་གཏམས་པའི་ཡུལ་གྲུ་འགྲན་ཟླ་མེད་པ་ཞིག་ཡིན།
དེ་དུས་ཀྱི་མི་ལ་ཁྲེལ་ཡོད་ཅིང་ལྷ་ཡི་མཐུ་རྩལ་ཡང་བསང་དང་གསུར་ལ་རེ་མི་དགོས།
དེ་དུས་ཕུ་ནུའི་མཛའ་བརྩེ་ཟབ་ཅིང་དེ་དུས་མ་སྲུ་ཚོའི་ཞེ་འདང་ལ་འོ་མའི་དྲི་བསུང་འཐུལ།
དེ་དུས་ཕ་མེས་ཚོའི་སྦྲ་ནག་གི་ཐུ་འོག་ན་ཡིག་དྲུག་གི་དབྱངས་རྟས་ཞི་བདེའི་མཁའ་དབུགས་ལ་འཁྱུད།
དེ་དུས་དགོན་ཆེན་ཚོའི་གསེར་ཏོག་ལ་དུས་བཞི་ཧྲིལ་བོར་ངུར་སྨྲིག་གི་གཟི་བྱིན་ཉི་འོད་ཀྱི་ཀློང་ན་འཚེར།
དེ་དུས་མི་རྣམས་ལུས་བདེ་སེམས་སྐྱིད་དང་ཚེ་རིང་ནད་མེད་རྒན་བཀུར་གཞོན་བྱམས་ཀྱི་འཚོ་བར་ལོངས་སུ་སྤྱད་ཆོག
ནམ་ཡང་ཕྱིར་ལོག་མེད་པའི་གསེར་མདོག་གི་གཏམ་རྒྱུད་འདི་དག་ནི་ཨ་མྱེས་གླང་ཆེན་གྱི་ལྷ་ཞོལ་ནས་བྱུང་བ་ལགས།
བདག་གིས་ལྕི་ཞིང་འཁྱག་ལ་ཟད་ཅིང་འཁྱོག་པའི་སྨྱུ་གུ་འདི་ལག་ཏུ་བཟུང་ནས་ཅི་ཞིག་ལ་བསམ་བློ་གཏོང་ཐེངས་རེ་རེར།
ཡུན་རིང་བཙན་གྱིས་ཁོག་ཏུ་མིད་པའི་མཆི་མ་དང་ལོ་མང་བསགས་ཤིང་གཏོས་ཆེ་བའི་གཏམ་རྒྱུད་མངར་སྐྱུར་སྣ་ཚོགས་ཕྱིར་ལུད་ཡོང་།
ཅི་ཞིག་འབྲི་རྩིས་བྱེད་དུས་ཐག་རིང་གི་འཇིག་རྟེན་རེ་རེ་དང་སྙན་ངག་རེ་རེས་ཀྱང་ཐོག་མདའ་བཞིན་བདག་གི་ནམ་མཁའ་གཤགས་ཡོང་།
དགའ་སྐྱོ་ཆགས་སྡང་གླུ་རུ་ལེན་པར་དགའ་བའི་བདག་ནི་གངས་འདབས་ཀྱི་ཁ་བ་རྡོག་པོ་གཅིག་ཅི་བཞིན་སྨྲ་བ་མེད་པར་ཡུན་རིང་ལུས།
སྐྱེས་ལྷ་གཉན་པོ་ཁྱོད་དྲན་ཐེངས་རེར་བདག་གིས་ཅི་ཞིག་བཤད་རྩིས་ཐེངས་མང་བྱས་པ་དེ་ཚོ་དོ་ནུབ་གསེར་སྐྱེམས་ཤིག་གི་ཚུལ་དུ་ཕུལ་ཡོད།
—ཕ་ཡུལ་གྱི་(ཨ་མྱེས་གླང་ཆེན་ལོ་དེབ་)ལ་རྩོམ་ཡིག་ཅིག་བསྐུར་རོགས་ཟེར་བ་ལྟར་བྲིས།
* ཨ་མྱེས་གླང་ཆེན་ནི་མཚོ་ལྷོའི་མང་སྟོད་ཀྱི་རྫ་རི་མཐོན་པོ་ཞིག་དང་དེར་གཉུག་མར་གནས་པའི་གཞི་བདག་ཅིག་གི་མིང་ཡིན།
ཀླུ་སྨྱོན་ཧེ་རུ་ཀའི་རྩོམ་ལ་བསྟོད་བསྔགས་ཞུ།
ང་ཁྱེད་ཀྱི་བྲིས་རྩོམ་ལ་ཧ་ཅང་དགའ།
བཀྲིས་བདེ་ལེགས་ཡོད།
ཀླུ་སྨྱོན་ནི་དྲན་རྒྱུ་རྒོད། མཛུབ་བྲིས་ནི་ཐམས་ཅད་རྩོམ་ལ་བསྒྱུར། བརྗོད་བྱ་ནི་མཇེ་དང་སྟུ་ནི་ཉུང་། ཀླུ་སྨྱོན་ནི་སེམས་འཁྲུགས། ལྗོངས་རྒྱུ་བ་བུ་མེད་ཚོ་མིག་ལམ་བཞུར། དོན་དག་ནི་སྟུ་ཁ་ལ་ཕྱོགས་ཙམ་དྲི་མ་མནམ་སྐལ་དབེན། བཀྲིས་བདེ་ལེགས།