དུར་བྱང་།
གཏམ་གྱི་འགོ་མ་གསལ་འདེབས་ཤིག་བྱ་དགོས་ཡོད། ཁོ་བོར་ནམ་ནམ་ཞར་ཞར་ལ་ཨ་ཚོགས་ཀླུ་མཁར་བྱམས་ནི་ཆབ་སྲིད་སྨྲ་བའི་མཁས་ཆེན་ཞིག་ཡིན་པའི་ལྟ་ཚུལ་མེད་ལ། འུ་ཚང་གི་འཁོས་ཆུང་བའི་ཆབ་སྲིད་པ་དེ་དག་གི་གོ་རྟོགས་ལ་འགྲན་མི་བཟོད་པའི་བླུན་པོ་ཞིག་ཡིན་པའི་འདོད་ཚུལ་དེ་བས་ཀྱང་མེད། ལྟོས་འཇོག་གིས་བཤད་ན་ཁོང་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ལ་དགག་སྒྲུབ་ཀྱི་སྙིང་སྟོབས་མངའ་བའི་གསར་བུ་སྣང་མཐོ་ཞིག་ཡིན་པ་རེད། དེའི་སྟབས་ཀྱིས། འཛམ་གླིང་རང་བཞིན་གྱི་མཁས་གྲལ་དུ་བཞུགས་པའི་སློབ་དཔོན་ཆེན་མོ་ཡན་ཧོང་པེན་གྱིས་ཀྱང་ཨ་ཚོགས་ཀླུ་མཁར་བྱམས་ལ་«ཁ་གཏད་ཚོགས་པའི་ན་གཞོན་དབུ་ཁྲིད་པ»དང་«ཆབ་སྲིད་དགག་སྒྲུབ་སྨྲ་བ»ཞེས་པའི་མཚན་གསོལ་གནང་དགོས་བྱུང་བ་མ་ཡིན་ནམ།
ངས་ཁྱེད་ཚོར་ནན་གྱིས་འདྲི། ཁྱེད་ཅག་ཨ་ཚོགས་ཀླུ་མཁར་བྱམས་ལ་ཁྲོ་བ་གཏིང་ནས་སྐྱེ་དོན་ཅི་ཡིན་ནམ། མི་སྒེར་ཞིག་གི་ལྟ་ཚུལ་ནི་ལྟ་ཚུལ་རང་ཡིན་ཤག་གི་དཀྱེལ་ཡངས་ངང་གུས་བརྩི་ཙམ་ཡང་བྱེད་ཕོད་པའི་སྙིང་སྟོབས་མེད་པ་མཚར་རོ། ། དོན་དམ་པར་ལྟ་རྒྱ་དང་མཐོང་རྒྱ་ཞན་དྲགས་པས་རེད་པས། ཡང་ན་ཉི་ཚེ་བའི་ཕྱོགས་ཞེན་དེས་བསླུ་བྲིད་ཐེབས་པ་རེད་པས།
ཧང་སངས་དགོས་པ་ནི། ཁྱེད་ཅག་གིས་ཀླུ་བྱམས་ལ་ཉེས་མེད་འགེལ་གྱི་ཞྭ་མོ་ནག་པོ་ནག་རྐྱང་ཞིག་བཟོ་དོན་ཅི་ཡིན་ནམ། ཁོང་ལ་དད་པ་མི་འདུག་ཅེས་ཟེར་བ་ཡིན་ནམ། ཨ་ཙི། དད་པ་ནི་མི་སྒེར་གྱི་གནད་དོན་ཞིག་མ་ཡིན་ནམ། གང་ལ་དད་པ་བྱེད་པ་དང་སུ་ལ་དད་པ་མི་བྱེད་པ་ནི་རང་དབང་དང་ཐོབ་ཐང་ཡིན་ཞེས་གཞན་དང་གཞན་གྱིས་ཁྲིམས་སུ་གཏན་ལ་ཕབ་འདུག་ལགས།
ཡ་མཚན་པ་ཞིག་ལ། ཁྱེད་ཅག་གིས་ཀླུ་བྱམས་ཀྱི་མི་གཞི་ལ་དམའ་ཕབ་དོན་ཅི་ཡིན་ནམ། མི་ལ་མིའི་རིན་ཐང་ཙམ་ཡང་འཇོག་མི་ཤེས་པའི་མི་རིགས་ལ་ཀླ་ཀློའི་མི་རིགས་ཞེས་འབོད་པ་ཡིན། ཁྱེད་ཅག་གིས་བོད་མི་རིགས་ནི་བསམ་བློའི་ཆ་ནས་འཛམ་གླིང་གི་ཡང་རྩེར་སོན་ཡོད་ཅེས་པའི་ཁ་ལབ་དེ་ད་ཆ་གང་དུ་སྦས་སྐུང་བྱས་ཡོད། དོན་དུ་འུ་ཅག་ཀླ་ཀློའི་མི་རིགས་སུ་ཁས་འཆེ་བ་མིན་ན་ཅི་ཡིན།
ཕྲན་པས་འདི་ལྟར་འཆད་འདོད་དེ། ྄སྤྱིར་ན་རིག་གནས་ཀྱི་ཁོར་ཡུག་ལ་དཀྱེལ་ཡངས་ཀྱི་བསམ་བློ་ངེས་ཅན་ཞིག་དགོས་པ་ནི་འོ་སྐོལ་ཚོས་ཉམས་ལེན་བྱ་འོས་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཡིན་པ་རེད། དེ་ལས་ཀྱང་གལ་ཆེ་བ་ནི། རིག་པའི་སྡེ་ཚན་རེ་ལ་རྩ་བའི་རྨང་གཞི་མི་འདྲ་བ་རེ་ཡོད་པ་ནི་ཅི་ནས་ཀྱང་བློ་ངོར་ཤོང་དགོས་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཏུ་ངེས། དཔལ་འབྱོར་རིག་པ་ཚོས་རྩ་བའི་བསྒྲུབ་བྱ་ནི་རྒྱུ་ནོམ་ཡིན་པ་ནི་སུས་ཀྱང་བསྙོན་དུ་མེད་ན། སྔོན་དུ་འགྲོ་དགོས་པ་ནི་ཁེ་ཕན་ཡིན་པ་ཨ་ཅང་བརྗོད་མེད་རེད། དེ་བཞིན། མཚན་ཉིད་རིག་པ་སྨྲ་བའི་ཁྱུ་མཆོག་ཅིག་ཡིན་ན་གང་ཞིག་ལ་དོགས་པ་ཟ་བ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་བླ་ན་མེད་པ་དེ་ཡིན་ལ། ཆོས་ལུགས་པ་རྣམ་དག་ཅིག་ལ་མཚོན་ན་དེ་ལས་ལྡོག་སྟེ་དད་པ་དང་ཡིད་ཆེས་ནི་གཙོ་གནད་དུ་འཛིན་པ་ཡིན། ལོ་རྒྱུས་མཁས་ཆེན་ཚོས་བདེན་པ་དང་དངོས་ཡོད་ནི་བླ་སྲོག་ལྟར་བརྩི་སྲིང་བྱེད་ལ། ཆབ་སྲིད་པ་རྣལ་མ་ཞིག་ཡིན་ན་རང་ཉིད་ཀྱི་ཐོབ་ཐང་དང་གོ་གནས་ལ་རྩོད་ལེན་བྱས་ཏེ་མི་དམངས་ཀྱི་མངོན་འདོད་བསྒྲུབ་པར་གཞོལ་བ་ཡིན། གནས་ལུགས་འདིས་ཅི་ཞིག་གསལ་འདོན་བྱེད་ཀྱིན་ཡོད་དམ། རིག་པའི་སྡེ་ཚན་མི་འདྲ་བའི་དབང་གིས་སྔོན་དུ་འགྲོ་དགོས་པའི་ཆ་རྐྱེན་དང་ཀུན་སློང་ཡང་རྦད་དེ་ཁ་ཁ་ཡིན་པའི་ལྟ་ཚུལ་བརྗོད་ཀྱིན་པ་ཤེས་པར་མཛོད། སླར་ཡང་བཤད་ན། དད་པ་ནི་ཆོས་ལུགས་པ་ཞིག་ཡིན་པའི་དན་རྟགས་དང་ཆ་རྐྱེན་ཡིན་པ་ལས། རིག་ཚན་གཞན་དག་ཏུ་འབྲེལ་བ་གང་ཡང་མེད་ལ། ལྷག་པར་ཆབ་སྲིད་དང་འབྲེལ་བ་མེད་པ་ནི་ཤིན་ཏུ་བདེན་མོད། ང་ཚོའི་སྤྱི་ཚོགས་འདིའི་བསམ་ཚུལ་ལ། ཕྱི་ཚུལ་ནས་བཅོས་མའི་དད་པ་ཞིག་ཡོད་མདོག་གི་རྣམ་འགྱུར་མ་བསྟན་ན། ཧ་ལམ་མི་གྲལ་ནས་ཁྱི་གྲལ་དུ་རྫོང་བཞིན་ཡོད་པ་རེད། དགོད་བྲོ་བའི་འུ་ཚང་གི་བྱ་སྤྱོད་འདི་ཆབ་སྲིད་པ་མཁས་ཆེན་ཚོའི་མིག་གི་སྤྱོད་ཡུལ་དང་རྣ་བའི་ཐོས་ཡུལ་དུ་གྱུར་ན་ཅི་འདྲ་ཡིན་གྲང་། ནན་གྱིས་སོམས། བཤད་འདོད་པ་ནི། རིག་ཚན་བྱེ་བྲག་པ་ཞིག་གིས་ཀུན་ལ་ཁྱབ་པར་རློམ་པའི་ཨ་འཐུས་ཀྱི་སེམས་བྱུང་དེ་ཅི་ནས་ཀྱང་འདོར་བར་ཞུ།
གསལ་བར་ངེས་དགོས་པ་ཞིག་ལ། རང་ཉིད་ཀྱི་མངའ་ཐང་གཞན་གྱིས་ལོངས་སུ་སྤྱད་དང་སྤྱོད་བཞིན་པ་དེ་ཡིན། བྱེས་སུ་གྱར་བའི་ང་ཅག་གིས་རང་ཉིད་ལ་དབང་བའི་མངའ་ཐང་གཞན་ལག་ཏུ་ཤོར་བའི་རྒྱུ་རྐྱེན་ལ་འཚོལ་ཞིབ་བྱ་དགོས་པ་ལས། དབུ་མ་དང་རང་བཙན་གཉིས་ཀྱི་གང་ཡག་གང་བཟང་གི་གཏམ་བཤད་ཡ་མ་བརླ་དེས་ཅི་ཞིག་བྱ། ལམ་དབུ་མ་ནི་མྱུར་སྐྱོབ་ཀྱི་ཐབས་ཇུས་ཤིག་ཡིན་ལ། རང་བཙན་ནི་གཅེས་པར་འོས་པའི་ཐོབ་ཐང་དེ་ཡིན། བྱས་ཙང་། འདི་གཉིས་ནི་འགལ་བ་ལྟག་སྤྲོད་དུ་སོང་བའི་མེ་ཆུ་ལྟ་བུ་ཞིག་ཁྱོན་ནས་མ་རེད། གང་ལྟར་ཡང་རང་བཙན་ཟེར་བའི་མིང་ཚིག་འདི་ནི་གསོན་པོ་ཚོས་རེ་ལྟོས་འཆའ་ས་དང་ཤི་བོ་ཚོས་ཞལ་ཆེམས་སུ་བཀོད་པ་ཡིན་པས་ང་ཅག་སྟེ་མི་རབས་གསར་བ་ཚོས་དུས་གཏན་དུ་མ་བརྗེད་པར་གྱིས།
གནད་འདི་དང་འབྲེལ་ནས་ཞུ་དགོས་པ་ནི། བརླ་རྐང་རྨང་ནས་རུལ་བའི་ཅོལ་ཆུང་རེ་འགས། ཨ་ཚོགས་ཀླུ་མཁར་བྱམས་ནི་རང་བཙན་རྩོད་མཁན་ཞིག་ཡིན་པས་སྤྱི་འཐུས་སུ་ཡོང་ས་མེད་ཅེས་ཟེར། སྤྱིར་ན་གཞུང་གི་ལངས་ཕྱོགས་ལམ་དབུ་མ་ཡིན་པ་ནི་སུས་ཀྱང་ཤེས་པས། དེ་ནི་མིི་སྒེར་ཞིག་གིས་བསྒྱུར་བཅོས་བྱ་ཆོག་ཆོག་ཅིག་མིན་ལ། བྱ་ཐུབ་པ་ཞིག་ཀྱང་གཏན་ནས་མིན་པར་སྤྱི་དམངས་ཀྱི་དབང་ཚད་ཡིན་པ་རེད།
མཇུག་ཏུ་འཆད་འདོད་པ་ནི། མི་སྒེར་གྱི་ལྟ་ཚུལ་ལ་དཀྱེལ་ཡངས་ཀྱིས་སྙོམ་སྒྲིག་བྱ་རོགས། སྤྱི་དམངས་ཀྱི་བསམ་ཚུལ་ལ་དགའ་སྤྲོའི་ངང་ཞིབ་ཏུ་གསན་རོགས། འདི་ནི་གཞུང་དམངས་གཉིས་ཀྱི་ནུས་པ་གཅིག་ཏུ་སྤུངས་ཐུབ་པའི་རྩ་བའི་རྨང་གཞི་ཡིན་པ་རེད།
ནན་གྱིས་ཞུ་བར་བྱ་བ་ནི། ཁ་རྒོད་ལ་ཤོར་བའི་དྲ་འབུ་དག་གིས་ཉོན། འགན་འཁུར་མེད་པའི་སྐད་ཆ་ལ་གཟབ་གཟབ་བྱོས། ལག་ལེན་མེད་པའི་ཁྱི་ལབ་དག་མཚམས་འཇོག་བྱོས། སྐད་ཆ་འདི་སུ་ལ་ཕོག་ན་དེ་ཡིས་ཉམས་ལེན་བྱོས།
2014.2.13 ནམ་གུང་བྲིས།
ད་རེས་སྤྱི་འཐུས་ཚོགས་ཁང་སྒོ་འབྱེད་སྟེང་དུ་རྒྱལ་བ་རིན་པོ་ཆེ་ཡིས་རང་བཙན་རྩོད་མཁན་སྤྱི་འཐུས་སུ་སླེབས་མི་ཆོག་དོན་ངེས་པར་ཁ་གསལ་བོའི་ལམ་ནས་གསུང་བར་ཚང་མས་སྒུག་གི་ཡིན།
རྒྱ་ནག་གི་དྲག་པོའི་སྲིད་ཇུས་ལ་ནུས་བ་ཐོན་པས། ༧གོང་ས་མཆོག་གི་ཐུགས་ཁམས་ཡོངས་དཀྲུག་ནས། ཅི་བྱ་འདི་ཡིན་མེད་པའི་བཀའ་གསུང་བྱོན་པ། ༼ང་ཚོས་འདི་ནས་ནུས་པ་ཐོན་རྒྱུ་མེད་པའི་སྐད་འབོད་རྒྱག་རྒྱུའི་ཐོག་གཟབ་གཟབ་བྱེད་དགོས།༽
Why! Why! Why! རྡོག་རྩ་རྦད་དུ་འཐོར་རྒྱུ་ཡིན་པའི་ལས་ངན་མི་རིགས་ཀྱི་ལམ་ཁ་དེ་དེ་རིང་རིག་སོང་། མང་པོ་ཞིག་ཤི་ཡོད་ཡ། མང་པོ་ཞིག་བསྒྲུབས་ཡོད་ཡ། སྟག་གི་སྔ་མ་ནི་ཝ་མོའི་གཞུ་གུ་ལ་ཅི་ལྟར་བརྗེ་འམ།
དུར་བྱང་ལགས་ཀྱི་རྩོམ་ཡིག་བྲོ་བ་ཡོད་པ་ཁ་ཤས་བྲིས་སོང་། ལྷག་པར་མདོ་སྨད་ཀྱི་མི་བསམ་མེད་སྐབས་འཚོལ་བ་དང་མགོ་བདེ་དྲན་འཁྲུལ། རང་དོན་བརྩོན་ལེན་པ། ཕྱོགས་རུས་ཅན།ཟ་རྒྱུ་ཞིག་གང་ན་ཡོད་ན་དེ་ལ་ངོ་སོ་ཁྱི་ལས་འཁྲབ་ཐུབ་མཁན་མང་བོས་ཀླུ་མཁར་བྱམས་ལ་མགོ་མནོན་ཐབས་བྱས་ཀི་ཡོད་པ་དེ་མིག་ལྡན་ཚོས་ཤེས་ཡོད་ངེས། ཡིན་ན་ཡང་ང་ཚོ་ནི་མི་ཡུལ་ལུང་བར་ཡོང་དོན་ལ་དམིགས་ནས་སྤྱི་འཐུས་ཤིག་ནི་ཁོ་ལས་འདེམས་རྒྱུ་མི་འདུག ངའི་སྤྱི་འཐུས་ནི་ཀླུ་ཡིན།
དུར་བྱང་ཞེས་པར་བཤད་རྒྱུ། ཁྱོད་ཀྱིས་ཀླུ་མཁར་བྱམས་ག་ཚད་བཀྱགས་ཀྱང་ཆོག་མོད་མང་ཚོགས་ཀྱིས་ཁོ་ཆབ་སྲིད་པ་མ་རེད་དང་ཆོས་དད་མེད་མི་འདུག་ཅེས་གཞར་ཡང་བཤད་ཀྱི་མེད། ཁོ་སྐད་ཆ་དུམ་བུ་གཅིག་གིས་བཤད་ན། ཁོས་དྲིན་བྱས་དྲིན་དུ་མི་གོ་བ་ཞིག་རེད་ཟེར་བ་ལས་གཞན་གང་ཡང་མ་རེད། དྲིན་བྱས་དྲིན་དུ་མི་གོ་མཁན་ཞིག་ལ་མི་གཞི་ག་ཚོད་ཅིག་ཡོད་པ་རེད། གནད་དོན་འདི་ཤེས་པར་གྱིས།
་་་་་་་་་་་་་རེད་རེད་རེད། ཁྱེད་ལ་༸རྒྱལ་བ་རིན་པོ་ཆེ་མཚན་སྨོད་ཞུ་མཁན་ཞིག་ཡིན་ནའང་མདོ་སྨད་སྤྱི་འཐུས་སུ་སླེབས་ན་འགྲིག་གི་ཡོད་དུས། མ་གཞི་ཁྱེད་རང་ག་བ་སླེབས་ཡོད་མེད་ཤེས་གསལ་རེད་བ། སྤྱིར་བཏང་ད་དུང་སློབ་སྦྱོང་བྱོས་ན་དགའ་གི་རེད། ཆབ་སྲིད་བཙོན་མ་ཡིག་རྨོངས་ཞིག་རྒྱ་གར་དུ་འབྱོར་ནས་ལོ་གཅིག་གཉིས་ནང་ས་རཱ་ནས་མཁས་པ་ཆགས་འགྲོ་རྒྱུ་ཁག་པོ་ཡིན་སྟབས། ངས་བསམས་ན་ཁྱེད་འདྲ་བོར་སྐད་ཆ་འདི་འདྲ་ལན་པོ་མི་འདུག་ལ། དེ་ལས་ཀུན་སྤྱོད་སྐྱ་མིན་སེར་མིན་དེ་བདག་པོ་རྒྱབ། ཆབ་སྲིད་བཙོན་པ་ཡིན་པས་ས་རཱར་དམིགས་བསལ་སློབ་འཇུག་བྱས་ཡོད་པ་དེ་འཕྲོ་བརླག་ཏུ་མ་གཏོང་བར་སློབ་སྦྱོང་བྱས་ན་ཡག་གི་རེད། ངས་བསམས་ན་འཇམ་དཔལ་གྲགས་པས་མཚོན་མཚན་ཉིད་ས་རཱ་མཐོ་སློབ་ཀྱི་སྒྲིག་འཛུགས་འདིས་༸རྒྱལ་བ་རིན་པོ་ཆེའི་དོལ་རྒྱལ་གཏན་འགོག་སོགས་ཀྱི་མཛད་འཕྲིན་ལ་མཚན་སྨོད་ཞུ་མཁན་ཞིག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སློབ་མ་ཞིག་གཞར་ཡང་ཉར་འདོད་ཡོད་ཀྱི་མ་རེད་འདོད་པས། མི་ཤེས་ན་མི་ལ་ཕྲིས་གསུངས་པ་ལྟར། ཧོལ་རྒྱུགས་བྱས། ཚོར་བ་ཁམ་གང་བཤད་ཁུལ་བྱས་ན་གྱོང་སོ་སོར་རག་གི་རེད། གལ་སྲིད་ཁྱེད་ཀྱིས་ཀླུ་མཁར་བྱམས་ཀྱིས་མཚན་སྨོད་ཞུས་རིགས་ཧ་གོ་གི་མེད་ན་ཁྱེད་ཚོའི་སློབ་སྤྱི་འཇམ་དཔལ་གྲགས་པ་དང་བཀའ་སྤྱི་གཉིས། མདོ་སྨད་དབུས་རྒྱུན་ལས། སེ་འབྲས་དགེ་གསུམ་གྱི་བླ་སྤྱི་གང་ལ་སྐད་ཆ་དྲིས་ཀྱང་ཚང་མས་ཧ་གོ་བ་ཡིན་སྟབས། གཟབ་གཟབ་བྱོས་ན་ཡག་གི་རེད།
འུ་ཚོ་བཙན་བྱོ་སྤྱི་ཚོགས་ཀྱི་སྤྱི་ཐུས་ར་བ་དེ་ཉོག་དཀྲུག་ས་ཞིག་ཆགས་འདུག སྤྱི་ཐུས་རྒྱ་ཆ་༨༠ཡིས་ལས་ཀ་ཚང་མ་ཤོག་སྒྲིག་ནས་ལས་ཀྱིན་ཡོད། ཡིན་ནའང་། ཤོག་དེ་རང་བཙན་དང་དབུ་མའི་ལངས་ཕྱོགས་ཀྱི་ཆེད་དུ་མ་རེད་དཱ། དེ་འདྲ་ཡིན་ན་ད་དུང་འོ་ཙི་ཡོད་རེད། སོ་སོའི་ཁེ་ཕན་གཞི་ལ་བཞག་པའི་སྐབས་འཚོལ་བའི་ཤོག་སྒྲིག་གི་ཡོད་རེད། དེ་བས་སྤྱི་ཐུས་ར་བ་དེའི་ནང་དུ་གཞན་གྱི་འདྲུད་ས་འཁྲིད་ས་མི་འགྲོ་བའི་རང་ཚུགས་ཅན་ཀླུ་ཁར་བྱམ་ལྟ་བུའི་མི་རེ་ཟུང་དགོས་ངེས་རེད། དེར་བརྟེན། ངས་ནི་འོས་ཤོག་གཅིག་པུ་ཀླུ་ཁར་བྱམ་ལ་འཕེན་ཁོ་ཐག་ཡིན། མི་འདིའི་རིགས་རེ་འགའ་ཤས་སྤྱི་ཐུས་ནང་ལ་མ་བསླེབ་པ་ཡིན་ན། སྤྱི་ཐུས་འདི་རྦད་དེ་རུལ་སུངས་རུལ་ནག་ཏུ་འགྱུར་ལ་ཉེ།་་་་་་་་་་་་་་་ དབུ་མ་ལབ་མཁན་སྤྱི་ཐུས་དག་གི་ནང་ཐ་ན་རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་བཅའ་ཁྲིམས་ཐེངས་གཅིག་ལ་ཁ་ཚང་ཞིག་ཀློག་མཁན་ཡོད་ན་ངས་རྣ་གཅོད་ལ། དེ་བཞིན། རང་བཙན་ཟེར་མཁན་དག་གིས་རང་བཙན་གྱི་ཐབས་ལམ་དང་དམིགས་ཡུལ་སྐོར་ལ་རྩོམ་ཡིག་ཐུང་ཐུང་ཞིག་འབྲི་མྱོང་མཁན་ཡོད་ན་ངས་རྐེ་གཅོད་ལ། ཚང་མ་མང་ཚོགས་ལ་མགོ་སྐོར་དང་རང་ཁེ་དོན་གཉེར་ཤ་སྟག་རེད།
ཁྱུང་ཆེན་ལགས་ལ་ཞུ་བྱ། ལ་ལས་ལོ་བརྒྱར་སྦྱངས་པ་གང་།། ལ་ལས་ཡུད་ཙམ་རང་ལ་ཤེས།། ཞེས་པ་ལྟར་ཁྱེད་དག་གིས་ལོ་བརྒྱ་ལ་སྦྱངས་ནས་མ་ཤེས་པ་དེ་ངས་ནི་ཡུད་ཙམ་རང་ལ་ཤེས་སོང་བས་དགོངས་དག་ཞུ། ས་རཱ་ནས་ལོ་གཅིག་གཉིས་ཤིག་ལ་ཞེས་པ་ནི་ཅུང་ཙམ་ནོར་འདུག ང་ས་རཱ་རང་ནས་ལོ་ལྔ་ལྷག་ལ་བསྡད་པ་ཡིན། ན་ནིང་མཐར་ཕྱིན་སོང་ལགས། འོ་ད་དུང་བཤད་རྒྱུ་ཞིག་ནི། ངས་ནི་དད་པ་དང་ཆབ་སྲིད་ལ་འབྲེལ་བ་མེད་པའི་གནས་ལུགས་གསལ་འདོན་བྱེད་ཞོར་དམངས་གཙོ་དང་རང་དབང་སྤུས་གཙང་ཞིག་ལ་བླ་འབོད་བྱེད་བཞིན་ཡོད། ཧེ་ཧེ། ད་ནི་གོ་བར་གྱིས།
ཁྱེད་རང་གི་ཅུང་རག་གི་རེད་ཟེར་བ་ནི། ཤ་ཚ་བའི་གཏམ་ཡིན་ན་ནི་བཀའ་དྲིན་ཆེ། དེ་མིན་འདི་རིགས་མང་བོ་གོ་མྱོང་ཡོད། ཞོར་དུ་འཆད་འདོད་པ་ནི། ཁྱེད་དག་གིས་མི་སྒེར་ལ་སེམས་ཁྲལ་བྱེད་པ་ལས་མི་རིགས་ལ་སེམས་ཁྲལ་བྱོས་དང་། བཟང་ངོ་སྙམ། འོ་དྲ་གྲོགས་ཚོར་ནན་གྱིས་བཤད་དོན། འདི་ནས་བཟུང་གནས་ལུགས་ཀྱིས་སྟོང་ཞིང་མི་གཞི་ལ་སྨད་པའི་ལྐོག་ལྐོག་སུད་སུད་ཀྱི་སྐད་ཆ་དག་ལ་ནི་ལན་ལྡོན་པའི་ངལ་བ་བསྟེན་རྩིས་མེད་པས། ཡིད་དུ་ཟུངས།
ཡ་ཡ། འགྲིག་གི ངས་ཁྱེད་ལ་དྲི་བ་ཁ་ཤས་གཏོང། ལན་འདེབས་མི་ཤེས་ན་ཨུ་ཚུགས་མ་རྒྱག་ཨ།
དོལ་རྒྱལ་གཏན་འགོག་གི་མཛད་འཕྲིན་ལ་མཚན་སྨོད་ཞུ་བ་ནི་ཆབ་སྲིད་དང་འབྲེལ་བ་མེད་པ་རེད་དམ། འོ་ན་དོལ་རྒྱལ་གཏན་འགོག་དེ་བོད་ཀྱི་ཆབ་སྲིད་དང་འབྲེལ་བ་མ་རེད་དམ། དད་པ་བྱེད་ཡུལ་དང་བྱེད་མཁན་བར་གྱི་རྩོད་རྙོག་ཁོ་ན་ཞིག་རེད་དམ། ལན་ཡག་པོ་ཐོབས་ཨ།
༼ ཧང་སངས་དགོས་པ་ནི། ཁྱེད་ཅག་གིས་ཀླུ་བྱམས་ལ་ཉེས་མེད་འགེལ་གྱི་ཞྭ་མོ་ནག་པོ་ནག་རྐྱང་ཞིག་བཟོ་དོན་ཅི་ཡིན་ནམ། ཁོང་ལ་དད་པ་མི་འདུག་ཅེས་ཟེར་བ་ཡིན་ནམ། ཨ་ཙི། དད་པ་ནི་མི་སྒེར་གྱི་གནད་དོན་ཞིག་མ་ཡིན་ནམ། གང་ལ་དད་པ་བྱེད་པ་དང་སུ་ལ་དད་པ་མི་བྱེད་པ་ནི་རང་དབང་དང་ཐོབ་ཐང་ཡིན་ཞེས་གཞན་དང་གཞན་གྱིས་ཁྲིམས་སུ་གཏན་ལ་ཕབ་འདུག་ལགས། ༽
ཁྱེད་ཀྱི་གོང་གི་སྐད་ཆ་འདིའི་གཞི་འཛིན་ས་གང་ཡིན། མི་སུ་ཞིག་གིས་ཀླུ་མཁར་བྱམས་ལ་དད་པ་མི་འདུག་ཅེས་སྨོད་ཀྱི་འདུག ཁྱེད་ཀྱང་གྲྭ་བ་ཐབས་ཆག་ཅིག་བྱས་མྱོང་ཡོད་སྟབས། དད་པ་མ་བྱས་ན་སྨད་ནས་ཕན་གྱི་མེད་པ་ཤེས་མེད་དམ།
སྤྱིར་ནང་བསྟན་ནང། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ།། ཡིད་ཆེས་རྙེད་པའི་རྟག་ཏུ་གང་བར་ཤོག། གསུངས་པ་ལྟར། དད་པ་ཟེར་པ་དེ་དེ་ག་ཟིག་ཐལ་མོ་སྦྱར་བ་དེ་འདྲ་མིན་པར། དད་པ་འབྱུང་བའི་རྒྱུ་ངོ་མ་གཏན་ཚིགས་ཉག་ཅིག་ལ་ཐུག་ཡོད་པ་ཁྱེད་ཀྱིས་ཁས་ལེན་ནམ། དད་པ་དད་པ་ཟེར་དུས་མིག་བཙུམས་ནས་འགྲོ་བ་དེ་འདྲ་མ་རེད། བོད་ནང་ནས་བླ་ཆེན་དཔོན་ཆེན་དེ་ཚོར་༸རྒྱལ་བ་རིན་པོ་ཆེའི་མཛད་འཕྲིན་ལ་ཁ་གཏོང་དགོས་པའི་བཀའ་ཕབ་ཀྱང་གཏོང་གི་ཡོད་པ་མ་རེད། འོ་ན། ཁོང་ཚོས་ཀྱང་དད་པ་བྱས་དྲག་ནས་ཆབ་སྲིད་བརྗེད་པ་རེད་དམ། འཇམ་དབྱངས་བཞད་པ་སོགས་རེ་འགས་ཁ་གཏོང་གི་ཡོད་པ་རེད། འོ་ན། ཁོང་ཚོས་རྒྱལ་བ་རིན་པོ་ཆེར་དད་པ་བྱེད་ཀྱི་ཡོད་པ་མ་རེད་དམ།
ཁྱུང་ཆེན་ལགས། ཧེ་ཧེ། དངོས་སུ་ཐུག་ནས་བགྲོ་བར་བྱའོ།། ད་བདེ་མོ་ཨ། རང་གིས་བྲིས་པ་དག་ལ་ཞིབ་ཏུ་ལྟོས་དང་། ནང་འགལ་ཏག་ཏག་རེད། དགོངས་དག་ཞུ། ཞོར་དུ་ཡིག་ནོར་ལ་གཟབ་དགོས་ཡོད། བདེ་མོ།
གནས་ལུགས་དང་རྒྱུ་མཚན་ལྡན་པ་ཞིག་བྲིས་འདུག་་་་འོན་ཀྱང་དེའི་བར་དུ་དྲ་འབུ་ཕྱོགས་རིས་ཅན་འགའ་ཡོང་ནས་ཆུ་དཀྲུགས་དཀྲུགས་བྱེད་ཀྱིན་འདུག་པ་འུ་ཅག་བོད་པ་ཚང་གི་ཁྱད་ཆོས་རེད་་་འདི་འདྲ་མང་པོ་ཞིག་འུ་ཚང་གི་ལོ་རྒྱུས་ནང་བརྒྱུད་ནས་ཡོང་ཡོད་པས་འདི་ཚོའི་རྒྱུད་འགོག་ཐབས་ཡོད་པ་མ་རེད་་་་ད་དུང་མུ་མཐུད་ཡོང་གི་རེད་་་
ཁྱུང་ཆེན་ཟེར་བ་དེས། འཇམ་དབྱངས་བཞད་པ་སོགས་ཁྲིད་ཡོང་གི་འདུག སྐབས་དོན་འཆོལ་བར་དོགས་ནས་ལན་མ་བརྒྱབ་པ་ཡིན། དགོངས་དག་ཞུ།
ཁ་ཙམ་མིན་པར་པུར་རྒྱལ་བོད་རྒྱལ་ཁབ་ཀྱི་ཕན་བདེ་ཁོ་ནའི་དོན་དུ་མཐའ་ན་རང་གི་གཅེས་པར་འཛིན་པའི་བླ་སྲོག་ཚུན་ཕངས་མེད་དུ་བློས་བཏང་མྱོང་བའི་བཙན་པོའི་སྙིང་སྟོབས་ཀྱིས་ཕྱུག་པའི་དཔའ་རྒོད་ཀླུ་མགར་བྱམས་ནི་མདོ་ཁམས་སྨད་ཀྱི་སྤྱི་འཐུས་སུ་ངེས་པར་དུ་འདེམས་འོས་ཏེ། གངས་ལྗོངས་བོད་དུ་བཙན་པོ་ལྷ་སྲས་དར་མ་དོན་མེད་སྐུ་བཀྲོངས་པའི་རྗེས་ནས་ད་བར་ཁོང་ལྟ་བུས་ཕུངས་པའི་རྒྱུ་མཚན་གྱིས་ད་ལྟའི་ང་ཚོའི་གནས་སྟངས་ཐབས་སྐྱོ་པོ་འདི་བྱུང་བ་རེད། མཁས་མཆོག་དགེ་འདུན་ཆོས་འཕེལ་ནང་བསྟན་ལ་དད་ལོག་དང་། ར་སྒྲེང་རིན་པོ་ཆེ་རྒྱ་ཡི་རྒྱུགས་ཁྱི། སྲིད་སྐྱོང་བློ་བཟང་སེངྒེ་དོལ་རྒྱལ་བསྟེན་མཁན། ཀླུ་མཁར་བྱམས་གྱིས་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་ཁ་གཏོང་བ་སོགས་གཞི་མེད་འཆལ་གཏམ་གླེང་མཁན་ཡོང་རྫོགས་མདོར་བསྡུས་ནས་བཤད་ན་བོད་རྒྱལ་ཁབ་མི་རིགས་དང་བཅས་པ་འཇིག་རྟེན་འདི་ནས་ཕྱི་མའི་ལམ་དུ་བསྐྱལ་བར་འདོད་མཁན་ཁོ་ན་ལགས་སོ། བོད་རྒྱལ་ཁབ་ཀྱི་བདེ་དོན་རྩོད་བར་འདོད་ན་ཡིན་ཅིག་ཆོས་ལ་དད་པ་ཡོད་དགོས་བསམ་པ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་རེད། གལ་སྲིད་གཏམ་འདིར་ཡིད་ཆེས་མེད་ན། ངེས་པར་དུ་༧གོང་ས་མཆོག་གིས་ཉེ་དུས་མཛད་པའི་དབྱིན་ཡིག་ཕྱག་དེབ་ Beyond Religion ཞེས་པ་དེ་བཞིན་ངེས་པར་ཐེངས་ཤིག་ཞིབ་པར་ཀློགས་རོགས་ཞུ།
ཁྱོད་ཀྱིས་ཁོ་ལ་དྲ་འབུ་ཟེར། ཁོས་ཀྱང་ཁྱོད་ལ་དྲ་འབུ་ཟེར།
དེས་ན་ཚང་མ་དྲ་འབུ་སྟེ།་དྲ་འབུ་ཁ་བརྡའི་དམག་དཔུང་ཡིན།
དམག་དཔུང་མེད་ན་གཡུལ་ས་སྟོང། དེས་ན་དམག་འཐབ་སུ་ལ་བྱེད།
དེ་བས་དྲ་འབུ་མང་ན་དགའ།
དད་པ་མེད་ཀྱང་འོས་པ་སྟེ། བཀའ་དྲིན་མི་ཚོར་དེ་ཅི་ཞིག
ལོག་ལྟའི་སྒྲོ་སྐུར་ཀུ་ཅོ་ཡིས། དམངས་སེམས་དཀྲུགས་ན་རླུང་རྟ་རྒུད།
ཐབས་ལ་མི་མཁས་དམག་འཐབ་དེ། ལན་བརྒྱར་འཐབ་ཀྱང་ཕམ་ལ་ཉིད།
དེ་བས་སྨྲ་བ་ཉུང་ན་མཛེས།
རྒྱབ་སྐྱོར་ཇི་ལྟར་བྱེད་དགོས་སམ།
ཀླུ་ལགས་ལ་བདེན་པས་རྒྱབ་ལངས་ངོ་མ་བྱེད་འདོད་ན། ཁོ་རང་གིས་ཅི་ཞིག་བཤད་པ་དང་བྲིས་པ་དེ་ཚོ་གསལ་བོ་ཧ་གོ་བ་བྱས་ནས་དེ་ལྟར་ཡིན་པའི་ངོས་ལེན་གྱིས་རྒྱབ་དཔུང་བྱས་ན་དེ་ནི་དོན་གྱི་དམག་རོགས་ཡིན། ཀླུ་ལགས་ཀྱིས་ང་དད་པ་མེད་ཅེས་བཤད་ཕོད་ལ་བཤད་ཀྱང་ཡོད། དེ་བཞིན་དུ་༸གོང་ས་མཆོག་ལ་སྐྱོན་བརྗོད་ཀྱང་བྱས་ཡོད། དེ་ནི་དབུ་མའི་ལམ་མ་འགྲིགས་ཚུལ་ཁོ་ནའི་གནད་དོན་ཞིག་མ་རེད། ཞི་བདེའི་གཟེངས་རྟགས་ལ་སོགས་པ་ཡང་དོན་མེད་ཆོ་མེད་ཡིན་ཚུལ་བཤད་ཡོད། དེ་བས་སྤྱི་ཡོངས་ཀྱི་མཛད་འཕྲིན་ཁས་ལེན་གྱིན་མེད། དེས་ན་འདི་སྒེར་ངོས་ཀྱི་དད་པ་ཡོད་མེད་ཙམ་དང་བཀའ་དྲིན་ལ་བསམ་ཤེས་ཐུབ་མིན་ཙམ་གྱི་གནད་དོན་ཞིག་མ་རེད། ཀླུ་ལགས་དང་ང་ཚོ་ཕན་ཚུན་རྒྱུས་ཡོད་པའི་མི་ཡིན། ཁོའི་བསམ་ཚུལ་དེ་རིགས་ཐལ་ཆ་ཤོར་བ་ཞིག་རེད་བསམ་གྱིན་ཡོད། འོན་ཀྱང་ཁོས་གདེང་ཚོད་དང་སྤོབས་པ་གང་ཞིག་གིས་བཀྱགས་ཏེ་དྲན་དྲན་པོ་བཤད་ཐུབ།། ཁ་བདེ། དེ་བས་ངས་ཁོ་ཡང་སྟག་གམ་སྟག་ཤར་གྲས་སུ་བཞག་པ་ཡིན། སྤྱི་འཐུས་ཀྱི་གཡུལ་ངོར་ཞུགས་ཐུབ་པའི་དམག་མི་ཞིག་ཏུ་ངོས་ལེན་བྱས་ཡོད། འོན་ཀྱང་དེས་ཕན་གནོད་གང་ཞིག་འབྱུང་མིན་དོན་གཞན་པ་ཞིག་རེད།
ངས་ད་དུང་དཔེ་ཞིག་བཞག་ཡོད། གལ་ཏེ་འདི་གླིང་གི་རྟ་རྒྱུགས་རྒྱན་འཇོག་འདྲ་བོ་ཡིན་ན། ཁུག་རྟ་དང་ཁོ་རང་གཉིས་ཇོ་རུ་དང་སྒུ་རུ་འདྲ་བོ་ཆགས་འདུག རྟེན་འབྲེལ་འགྲིག་མིན་ཞིག་གི་ཁྱད་པར་ལས་རྒྱལ་ཕམ་ཆེན་པོ་ཞིག་མེད་སྙམ།
མདོར་ན་ཀླུ་ལགས་ལ་རྒྱབ་སྐྱོར་བྱེད་མཁན་དང་དཀར་འདོན་བྱེད་མཁན་ཚོས་ཁོ་རང་གིས་ཅི་བཤད་ཇི་བྱེད་དེ་དག་ཤེས་ནས་རོགས་བྱེད་མ་ཐུབ་ན་ཁོའི་སེམས་པ་སྐྱོ་རྒྱུ་རེད།
ཀླུ་ཁུག་གཉིས་ལ་ཡག་བཙོག་ཞིག་མེད། གཉིས་ཆའི་ཁ་ན་ཁ་མ་དྲོ་བ། ལག་ན་བཀྲ་མ་ཤིས་བ་ཞིག་མ་གཏོགས་འདི་གཉིས་ལ་མེད། དེ་ལས་གཞན་པ་ཞིག་ལ་རེ་བཞག་བྱས་ན་དགའ་ནི་རེད། ནང་འཁྲུག་ཉུང་ནི་རེད། རྣ་དལ་ནི་རེད།
ཨ་མདོ་ནང་ཁུལ་གྱི་ས་གནས་དང་ལུང་ཚན་དབྱེ་མཁན་གྱི་གཏེ་བོ་གཉིས་ཡང་ཁོ་གཉིས་ཡིན། ཀ་ཁ་ཚིག་གཅིག་ཤེས་བ་ལས། ཡོན་ཏན་སྣ་གཅིག་མེད། བཟང་སྤྱོད་ཀྱི་མྱི་གཤིས་ལ་འགྲིག་རྟགས་མ་རག་བར་དུ། མི་མང་གིས་ཁོ་གཉིས་ཡར་ལ་དུད་དུ་མི་འཇུག་པར་ཞུ་ཞུ་ཞུ།
བཀུར་འོས་ཆབ་བྲག་ལགས། ཉིད་ཀྱིས་གང་གསུངས་བ་དེ་ཉིད་བསམ་ཚུལ་ཙམ་དུ་ཟད་ན་དེ་ལ་གུས་བཀུར་ཡོད། ཡིན་ཡང་འཐད་པ་མེད། ཁྱོད་ཀྱིས་ཟེར་ན་ཀླུ་བྱམས་ཀྱི་སྐད་ཆ་དེ་ཚོ་དད་པ་ཡོད་མེད་མ་རེད་ཟེར། དབུ་མའི་ལམ་ལ་འདོད་པ་མེད་པའི་རྣམ་འགྱུར་གཅིག་པོ་མ་རེད་ཟེར་གི དྲིན་བྱས་དྲིན་དུ་མ་གོ་བའི་དོན་དག་དེ་འདྲ་མ་རེད། ད་དུང་ཁྱོད་ལ་རྒྱུས་མངའ་ཡོད་ཟེར། རྡོག་རྡོག་ཅིག་ཤོད་དང་དོན་ངོ་མ་ཀླུ་བྱམས་ཀྱིས་ཅི་ཞིག་འདོད་བཞིན་ཡོད་དམ། གོང་དུ་བཤད་པ་ལས་བརྒལ་བའི་ཐལ་ཆ་ཅི་ཞིག་ཤོར་རེད།
དེ་བཞིན་ངས་ནམ་རྒྱུན་འདི་འདྲ་ཞིག་བསམ་གྱི་ཡོད། ༧གོང་ས་མཆོག་ལ་དད་པ་ཡོད་དང་མེད་ཟེར་བ་དེ་གང་ཟག་སྒེར་གྱི་ཐག་གཅོད་ཅིག་ཡིན་པ་ལས་དེ་ཆ་རྐྱེན་ཞིག་ཏུ་བསམ་ན་རྦད་དེ་ནོར་བ་རེད། ད་དུང་དེ་མཚུངས་དོ་རྒྱལ་བསྟེན་ཕྱོགས་ཀྱང་དེ་བཞིན་རེད། ༧གོང་ས་མཆོག་གིས་དོ་རྒྱལ་བསྟེན་དང་མ་བསྟེན་རང་ཉིད་ཀྱི་དབང་ཆ་ཡིན་པ་ལས་དེ་ལ་སུ་ཞིག་གིས་ཇུས་གཏོགས་ཐུབ་ཀྱི་མ་རེད། གལ་ཏེ་སུ་དང་གང་གིས་བསྟེན་པ་ཡིན་ན་མི་ག་གེ་མོ་དེ་ཁོང་ལ་མཇལ་དུ་མ་ཡོང་གསུངས་ཡོད་པ་དོན་དངོས་རེད། འདི་ལས་ལྷག་ཅིག་ང་ཚོ་སུ་དང་གང་གིས་སྒྲུབ་ཐུབ་ཀྱི་མ་རེད་ལ་བསྒྲུབ་དགོས་པ་ཡང་མི་འདུག སྤྱིར་བཏང་ཡིན་ན་ཆབ་སྲིད་པའི་སྡིངས་ཆ་ལོངས་སུ་སྤྱོད་མཁན་ཞིག་ཡིན་ན་བཤད་ཕོད་དང་སྒྲུབ་ཕོད་པ་ད་དུང་ཁ་རུ་ཁ་ཐུག་ཟེར་བ་འདི་ཚོ་འུ་ཚང་མི་རིགས་འདིའི་སེམས་ཁམས་ཀྱི་མཛེས་དཔྱོད་ལྟ་སྟངས་ཤིག་ཡིན་པ་ལས་ཆབ་སྲིད་པ་ཞིག་ལ་མཚོན་ན་ཉེ་ཁའི་གཤིས་ཀ་ཞིག་རེད། ཡིན་ཡང་དུས་ད་རག་བར་གྱི་འུ་ཚོའི་གྲོས་ཚོགས་ར་བ་རུ་རྣོ་ངར་ཅན་གྱི་བགྲོ་གླེང་ཞིག་བྱུང་མྱོང་མེད་ལ་གལ་ཏེ་ཡོད་རེད་ཟེར་ན་གནམ་གྲུའི་འཛིན་བྱང་ཞིག་གི་རྩོད་གཞི་དེ་རེད། ཛ་དྲག་གི་སྐབས་སུ་འདི་ལྟར་”སྡེ་བ་གཞུང་གི་ཁྲལ་”ནང་བཞིན་འགྲོ་བསྡད་ན་སྐད་ཆ་གསར་བ་ལྟ་བ་གསར་བ་གྲོས་དོན་གསར་བ་ཅི་གང་ཡོང་རྒྱུ་མེད་པ་གསལ་བོ་རེད། སོང་ཙང་སྐབས་འདིར་ཀླུ་བྱམས་ལྟ་བུའི་གསར་རྒོད་ཅིག་གྲོས་ཚོགས་སུ་སླེབས་དགོས་པ་ཡང་འུ་ཚོ་སྤྱི་འབངས་ཕལ་ཞིག་གི་ངོས་ནས་བཤད་ན་གོ་སྐབས་ཤིག་རེད། བསམ་ཚུལ་རང་ཡིན་པས་ནོར་བ་འཆལ་བ་དག་ལ་ཐོལ་ལོ་ལོ།
བཙན་པོའི་མཚན་བཟང་ཅན་ལགས། ཁྱེད་རང་ཁ་བརྡའི་གཡུལ་ས་འདིའི་དམག་མི་རྙིང་པ་ཞིག་ཡིན་ན་་་ཀླུ་ལགས་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ན་་་གནད་དོན་དེ་རིགས་རང་ངོས་ནས་རྟོགས་དགོས་པ་ཞིག་རེད། འདིར་ངན་སྐྱུགས་ཁྲོན་པ་སྔོག་འདོད་མེད།
དད་པ་རང་གི་སེམས་ནས་མ་སྐྱེས་ན་དེ་ལ་བྱེད་རྒྱུ་ཅང་མེད། སྐྱེས་ཡོད་མེད་ཀྱང་རང་ཉིད་ཁོ་ནས་ཤེས། གང་ལྟར་དེ་ཆོས་དད་རང་མོས་རེད། འོན་ཀྱང་དོལ་རྒྱལ་གྱི་གནད་དོན་དེ་དང་གཏན་ནས་མི་གཅིག་པ་རེད།
ངས་ཁྱོད་ལ་དཔེ་གོ་བདེ་ཞིག་འཇོག སྡེ་བ་གཅིག་གི་ནང་ལ་རྒྱུས་མེད་ཀྱི་མག་པ་གསར་བ་ཞིག་སླེབས། དེས་ཁྱིམ་ཚང་དང་རུ་སྡེ་བར་གནོད་བྱས་ན་ཡང་ཁྱིམ་ཚང་དེས་དེ་ཧ་མ་གོ་བའི་ཐོག་ལ་རུ་སྡེ་བས་བཀུར་ས་དང་མཆོད་ས་དེ་ཡིན། ད་དུང་དེ་ལྷ་གང་ཞིག་གི་སྤྲུལ་བ་ཡིན་པར་རློམ་ནས་རང་གི་ལུས་ངག་ཡིད་གསུམ་དེ་ལ་བཅོལ་ན་དེ་འགྲིག་གམ། མག་པ་དེའི་བྱུང་བ་དང་གཡོ་ཇུས་གསལ་བོ་རྟོགས་མཁན་གྱི་སྡེ་དཔོན་དེས་སྡེ་བ་དང་མི་མང་ལ་འགན་ཁུར་ནས་མག་པ་དེའི་གནས་སྟངས་ངོ་མ་གསལ་བཤད་བྱས་ནས་ཁྱིམ་ཚང་དེ་དང་རུ་སྡེ་བའི་ཁེ་ཕན་སྒྲུབ་ཕྱིར་མག་པ་དེ་གསོད་པའམ་ཕྱིར་འབུད་གང་རུང་བྱེད་ལོས་དགོས། གལ་ཏེ་ངོས་ལེན་མི་བྱེད་མཁན་ཡོད་ན་ང་ཚོའི་རུ་སྡེ་བ་ནས་འགྲོ་དགོས་ཟེར་ལོས་ཆོག ཁྲིམས་འདི་ཐལ་ཆ་ཅན་ཞིག་ཀྱང་མ་རེད། དོལ་རྒྱལ་ཟེར་བ་དེ་དགེ་ལུགས་པའི་འདྲེ་གསར་བ་ཞིག་རེད། སྡེ་དཔོན་ནི་༸གོང་ས་མཆོག་གོ འདི་ལ་རང་གི་ཆོས་བརྒྱུད་དག་ཐེར་བྱེད་པ་ཟེར། ད་དུང་དོལ་རྒྱལ་ཁ་ལ་ཁྱེར་ནས་ཆོས་དད་རང་དབང་མེད་ཚུལ་དང་དགེ་སློང་ཉི་མ་འདྲ་བོ་དམར་གསོད་བཏང་ནས་རྒྱ་དམར་གྱི་རྒྱུག་ཁྱི་བྱས་དང་བྱེད་ཀྱིན་པ་ཡོད་པ་རེད། དེ་བས་གནས་ལུགས་འདི་འདི་འདྲའི་ལས་སླ་མོ་ཞིག་རེད། འདིའི་ཐད་ལ་ལོག་པར་རྟོག་པ་པོ་དག་གིས་བསམ་བློ་རེ་གཏོང་རོགས། ཀླུ་ལགས་ཀྱིས་ཀྱང་གནད་དོན་འདི་མ་ཤེས་པར་༸གོང་ས་མཆོག་གིས་དོལ་རྒྱལ་ལ་དགག་གཞག་དམ་དྲག་གནང་ཚུལ་དེ་དང་རྒྱ་དམར་གྱི་ཆོས་དད་རང་དབང་འཕྲོག་ཚུལ་གཅིག་པ་རེད་ཅེས་བཤད་པ་རེད། རྒྱུ་མཚན་འདིས་ངས་ཁོས་ཆོས་ལུགས་ཐད་ཀྱི་གནད་དོན་གང་མང་ཞིག་དབྱེ་ཞིབ་ཐུབ་ཀྱིན་མེད་པ་ཤེས་ཡོད། ནོར་འཁྲུལ་ཡོ་བསྲང་ཐུབ་མིན་ནི་མི་གཞི་ཟེར་བའི་ཚད་གཞི་ངོ་མ་རེད། ངས་ཁོ་རང་གིས་རང་ཉིད་ལ་བསྐྱར་ཞིབ་ཀྱིས་དཀར་འདོན་བྱེད་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད།་
ཀླུ་མཁར་བྱམས་ཀྱི་གཏམ་ལ་རྫོགས་མཐའ་དང་མུ་མེད་ཀྱང་དོན་སྙིང་ཡོད་མེད་སུས་ཀྱང་རྟོགས་དཀའ།
ཆབ་ལྷ་ལགས། ཉིད་ཀྱིས་དགོངས་ཚུལ་གསུངས་བ་ལ་བཀའ་དྲིན་ཆེ། གནས་སྐབས་ཏོག་ཙམ་མི་ཁོམ་པས་རྗེས་སུ་སྐད་ཆ་ཁ་ཤས་ཤིག་ཤོད་རྒྱུ་ཡོད།
ཨོ་ཡ་ཡ་་་ཡིན་ད་ཡིན། ཉན་རེས་བཤད་རེས་ཀྱིས་བསམ་ཚུལ་བརྗེ་རེས་བྱས་ནས་གཅིག་སེམས་གཅིག་གིས་གསལ་རྟོགས་ཐུབ་པ་དང། གནད་དོན་གང་ཞིག་ཡང་དག་ཡིན་མིན་ལ་ཕན་པའི་གཟུར་གནས་ཀྱི་ཁ་བརྡ་བྱེད་མཁན་རྣམ་པར་ངས་སེམས་གཏིང་ནས་བཀའ་དྲིན་་ཆེ་ཞུ་འདོད་བྱུང།
ཤེས་ཡོན་ཅན་ཚོས། བསམ་བློ་ཅུང་རེ་ཡོད་པ་ཚོས། སྐད་ཆ་དྲང་མོ་རེ་བཤད་རྒྱུ་ཧ་ཅང་གལ་ཆེན་རེད། ལྷག་པར་དེང་སང་ང་ཚོ་གྲངས་ཉུང་བའི་ཐོག་ལ་ཁ་ཐོར་ཡ་ཐོར་དུ་གྱུར་བས། ཁ་བརྡ་ལྟ་བུའི་དྲ་ལམ་འདི་རིགས་ང་ཚོའི་སེམས་པའི་ནང་ལ་སེམས་པ་འཇོག་སའི་ལམ་ཡག་ཤོས་དེ་རེད། དེ་བས་ཚང་མས་གཅིག་གིས་གཅིག་ལ་དྲ་འབུ་མ་ལབ་ན་བཟང། དོན་ངོ་མའི་དཀྲུགས་ཤིང་བཟོ་མཁན་གྱི་དྲ་འདྲེ་ཡང་མེད་པ་མིན་མོད། བོད་ཡིག་གི་མཆན་འདེབས་པ་རྣམས་ནི་་བོད་ཀྱི་རིག་གནས་ཀྱི་གཉན་འཕྲང་བརྒྱུད་རོགས་གདོང་ལེན་དམག་དཔུང་ཡིན་པས། མང་ཆེ་བ་བསམ་ངན་སྤྱོད་ངན་མིན། དེ་བས་ཚང་མ་དྲ་འབུའི་ཁོངས་སུ་དེད་ན་བློ་ཕམ། འདི་ཚོ་རྒད་པོའི་སེམས་གཏམ་ཡིན།
མཆན་གྲངས་༢༢ པ། ཆབ་བྲག་གི་བསམ་ཚུལ་དེར་ཧ་ཅང་མོས་མཐུན་ཡོད། མཁས་པའི་ལེགས་བཤད་དང་ཉམས་མྱོང་རྒན་པོའི་འབེལ་གཏམ་རང་རེད། མིག་དཔེར་འོས།
སུ་ཞིག་ཡིན་རུང་ཆབ་བྲག་ཁོང་ལྟར་བརྗོད་གཞི་དང་འབྲེལ་ནས་ཚུལ་མཐུན་གྱི་བསམ་ཚུལ་སྤེལ་ན་ལེགས་པ་ལས། དོན་དག་ཅི་ཡང་མེད་པར་ཐོག་མ་ཉིད་ནས་མི་གཞི་ལ་དམའ་འབེབས་ཁྱད་གསོད་བྱེད་དགོས་དོན་མི་འདུག
བཀུར་འོས་ཆབ་བྲག་ཕོ་ཉ་ལགས། བསམ་ཚུལ་ལྷུག་བརྗོད་གནང་བར་དགའ་ཡོད། བཀའ་དྲིན་ཆེ། སྐབས་རྗེས་མར་དྲ་འབུ་སོགས་ཀྱི་མིང་བརྡ་དག་ལ་གཟབ་ངེས་ཡིན། སྤྱིར་ན་དོལ་རྒྱལ་སྐོར་མ་གླེང་ན་བཟང་སྙམ། དོལ་རྒྱལ་ནི་ཆོས་ལུགས་དང་འབྲེལ་བའི་གནད་དོན་ཞིག་ཡིན། ཆོས་ཀྱི་གནད་དོན་དག་དེ་འཛིན་གྱི་སྐྱེས་བུ་ཚོས་བསྒྲུབ་འོས་པ་ལས་ཆབ་སྲིད་པ་ཚོས་ཇུས་གཏོགས་མ་བྱས་ན་ལོས་དགའ་བསམས་པ་ཡིན། ལྷག་པར་དམངས་གཙོའི་སྲིད་ལུགས་ཀྱི་སྡིངས་ཆའི་སྟེང་ནས་བཀག་འགོག་དང་དགག་རྒྱག་བྱས་པ་ནི་ཅུང་ཙམ་བདེ་བོ་ཞིག་མིན། དེ་སྔོན་རྡོར་གདན་དུས་དབང་སྐབས་སུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དངོས་སུ་གསུང་དོན། བཀའ་ཤག་གི་ངོས་ནས་དོལ་རྒྱལ་དང་དེ་བསྟེན་དག་ལ་མཐའ་གཅིག་ཏུ་དགག་པ་རྒྱག་གི་ཡིན་ཟེར། ཅུང་ཙམ་རྣ་བར་གཟན་སོང་། མི་སྒེར་གྱི་ངོས་ནས་ཅི་ཞིག་བྱ་འདོད་ན་རང་མོས་ཡིན་མོད། དེ་དང་འབྲེལ་བའི་སྐད་ཆ་བཤད་པ་ཙམ་གྱིས་ཆབ་སྲིད་ཀྱི་སྟེགས་བུར་བསླེབ་པར་བཀག་འགོག་བྱས་ན་གང་འདྲ། གང་ལ་དད་པ་བྱེད་པ་དང་སུ་ལ་དད་པ་མི་བྱེད་པ་རང་དབང་ཡིན་ཟེར་ཞོར་དེ་དང་དེ་ནི་མྱི་ཞིག་གི་ཚད་འཛིན་ས་གཙོ་བོ་ལྟ་བུར་གྱུར་ན་གང་འདྲ། ལྷག་པར་དམངས་གཙོར་ཁས་འཆེ་བ་དག་གིས་སོ།། འགྲིག་མིན་མི་ཤེས། ངས་ནི་འདི་ལྟར་བསམ་གཞིག་གཏོང་གི་ཡོད། བྱས་ཙང་། རྒྱབ་སྐྱོར་དང་འབྲེལ་བའི་རྩོམ་ཡིག་ཡིན་ཁུལ་རེ་ཟུང་འབྲི་བར་འབད་པ་ཡང་དེ་ག་ཡིན། མང་བོ་ཞིག་བྲིས་ན་ཉོག་འགྲོ། སྐད་ཆ་འདིས་གནད་དོན་རྨང་ནས་འཁྲོལ་བའི་ཡིད་ཆེས་བྱེད་བཞིན་ཡོད། ད་དུང་མཚན་སྨོད་ཟེར་བའི་སྐད་ཆ་མང་བོ་ཡོང་གིན་འདུག་མོད། དོན་དུ་ཅི་ཡིན་མིན་བརྟག་པ་གལ། སྐུ་ཞབས་ཆབ་ལགས་ཀྱིས། དད་པ་ཡོད་མེད་རང་ཉིད་ཀྱིས་མ་གཏོགས་མི་ཤེས་ཟེར། དེ་བདེན་ན། ལ་ལ་དྲང་དོན་དང་ལ་ལ་ངེས་དོན་དུ་བཀྲལ་དོན་ཅི། གང་ལྟར་དེ་འདྲ་ཞིག་ཡིན། ནོར་བ་དག་བཟོད་པར་གསོལ། གནད་མ་འཁྲོལ་བ་དག་ཐེར་འདོན་གནོངས། དཀྱེལ་ཡངས་ཀྱི་བཀའ་མོལ་དག་བླ་རུ་བཀུར་ཡོད། སླར་ཡང་བཀའ་དྲིན་ཆེ།
མཚན་སྨོད་དང་བཀུར་འདེབས་ཟེར་བ་འདི་ཚོ་དད་གཙོ་སྨྲ་བ་རིང་ལུགས་པའི་སྐད་ཆ་ཞིག་ལས་མི་རིགས་ཞིག་གི་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་མེད་དོན་གཞན་རེད། འདི་ནི་དད་མེད་རིང་ལུགས་དང་དད་གཙོ་སྨྲ་བ་རིང་ལུགས་གཉིས་ནང་ཕན་ཚུན་ཚིག་མཚོན་གྱི་མདའ་མདུང་བཟུང་བའི་དམག་འཁྲུགས་ཅིག་རེད།
འོ་ན་ཀླུ་མཁར་བྱམས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ལ་ཁ་བྲལ་རིང་ལུགས་ཏཱ་ལའི་རུ་ཚོགས་སོགས་ཅི་ཞིག་ལབ་པ་རེད།
དོལ་རྒྱལ་སྐོར་མཆན་༡༩ པར་དཔེའི་སྒོ་ནས་ཁ་གསལ་བོར་བཤད་ཡོད། མ་གཞི་ནས་ཆོས་ལུགས་དད་མོས་རང་དབང་ཟེར་བ་དེ་མི་རེ་རེས་ལྷ་འདྲེ་གང་ཞིག་ལ་དད་མོས་བྱས་ཀྱང་ཆོག་ཅེས་པའི་དོན་དུ་གོ་ན་ནོར་བ་རེད། དེ་ལྟར་ཆོག་པར་བཤད་ན་ང་ཚོས་ཆོས་ལུགས་ཁག་ལ་གཏོར་བཤིག་གཏོང་བའི་བྱས་ཉེས་ཆགས་སྲིད་པ་རེད། ཆོས་ལུགས་སོ་སོར་སོ་སོའི་ལུགས་སྲོལ་དང་གྲུབ་མཐའ། བཅའ་ཡིག་སོགས་ཡོད་པ་རེད། དམངས་གཙོ་ཟེར་བ་དེ་ནི་རང་སྣང་གང་འདོད་ཀྱི་རང་མོས་རིང་ལུགས་ལ་གོ་མི་རུང།
སྒྲོ་སྐུར་ཟེར་བ་དེ་གོ་བདེར་བཤད་ན་ཧམ་བཤད་དང་རྫུན་གཏམ་རེད། དེ་ལ་དད་མོས་ཡོད་མེད་ཀྱི་དབྱེ་བ་ཅང་ཡོད་མ་རེད། ༸ཆོས་རྒྱལ་གོང་ས་མཆོག་ཡིན་ན་འདྲ། སྲིདརྒྱལ་མའོ་ཙེ་ཏུང་ཡིན་ན་འདྲ། སུ་ལ་ཡང་སྒྲོ་སྐུར་བྱས་ན་འགྲིག་གི་མ་རེད།
ངས་ནི་དོལ་རྒྱལ་དང་འབྲེལ་བའི་བོད་མི་ཚོ། བོད་རིགས་གཅིག་པ་ཡིན་པ་ཙམ་མིན་པར། དགྲ་བོ་རྒྱ་དམར་ཚང་གི་སོ་ཁ་ན་ཡོད་པ་གཅིག་པ་ཡིན་པའི་ཡིད་ཆེ་ཡོད་ན་ཡང་། ཉེ་སྔོན་ཞིག་ལ། སྟབས་མ་ལེགས་པར། ཁ་བརྡ་ཡོའུ་ཁྲུཔ་YouTube ཟེར་སའི་བརྙན་འཕྲིན་ཞིག་གི་སྒང་ནས་ནན་པ་ཡིན། དེའི་ནང་ན་ཕོ་གསར་འགའ་དང་གྲྭ་བ་ཞིག་འདུག། ས་གནས་གང་ཞིག་ལ་ཡིན་མིན་མི་ཤེས། བལྟས་ཚོད་ལ་ཕྱི་རྒྱལ་ཡུལ་གྲུ་ཞིག་ཡིན་པ་འདྲ། གང་ལྟར། གྲྭ་བ་དམ་ལོག་དེས་༧གོང་ས་མཆོག་ལ་གནས་ལུགས་དང་རྒྱུ་མཚན་དྲང་ཕྱོགས་གཅིག་ལ་མི་འཛིན་པར་མཚན་སྨད། སྡུག་རུ་སྡུག་ཚད་བཤད་ཁུལ་བྱས་བ་དང་། གཞན་པ་དག་གིས་ཀྱང་ཁྱིའི་རྔ་ལྟར་གྲྭ་བ་དེ་ལྡན་པའི་མགོ་བོ་གཡུག་གཡུག་བྱེད་པ་སོགས་མཐོང་བས།
ཉིན་མ་དེ་ནས་བཟུང་ཐོབ་ཐང་། དད་པ། ཆོས་ལུགས་འདྲ་མཉམ་ཞིག་བཤད་ཀི་མེད་པར། ནང་དགྲ་རང་སློང་ཡ་ལ་དམིགས་པའི་གཡོ་ཇུས། རྒྱ་དངུལ་ཟ་བ། རྒྱལ་ཚོང་རྒྱག་འདོད། མི་ཡི་ནང་ནས་འདྲེ། འདྲེ་ཡི་ནང་ནས་བདུད་རང་རིན་པ་གསལ་སྟོན་བྱས་སོང་། གནད་དོན་འདི། ལྷ་ཡིན་པ་རྣམས་ལྷ་གྲལ་ལ་གུག་པ་དང་། འདྲེ་ཡིན་པ་རྣམས་འདྲེ་གྲལ་ལ་རྫང་ནས། ཁྱོད་ཁྱོད་དང་ང་ང་ཞིག་མ་བྱས་བར། སྡུག་པར་མིག་བཙུམ་བྱས་ནས་ཁོ་ཚོ་ལ་དད་པའི་རང་དབང་ཡོད་པ་རེད་ཟེར་ནས་བཞག་ཉན་པ་ཞིག་རྩ་བ་ནས་རེད་མི་འདུག། ཕར་ལ་བཞག་ན་ཡང་ཚུར་ལ་བཞག་མཁན་དེ་འདྲ་མིན་པ་གསལ་པོ་བྱས་སོང་བས། ཚང་མས་མིག་ཤེས་ནས་སྐད་ཆ་བཤད་ན་ཡག་པོ་འདུག།
གོང་གི་ཆབ་བྲག་ལྷ་མོ་དང་བགྲོ་གླེང་བ་དག་ལ་བཀྲ་ཤིས་བདེ་ལེགས། ཕྲན་ཁ་བརྡ་ཚང་གི་དམག་མི་རྙིང་བ་ཞིག་མིན་ཁ་སང་སོ་མ་འདིར་ཞུགས་པའི་མི་ཞིག་ཡིན་ཡང་གནད་དོན་ཁ་ཤས་ཤིག་ལ་རྣ་བ་གཏད་ནས་བསྡད་བསྡད་པའི་རིགས་ཤིག་ཡིན།
དང་བོ་དོ་རྒྱལ་གྱི་དཀའ་ངལ་འདི་ཆོས་དད་རང་མོས་ཙམ་གྱི་དཀའ་ངལ་ཞིག་མ་རེད་ཟེར་བའི་ཐུག་ས་གཙོ་བོ་དེ་རྒྱ་ནག་གིས་ཆབ་སྲིད་ལག་ཆར་བེད་སྤྱོད་གཏོང་གི་འདུག་ཟེར་གི་མེད་འགྲོ། དེ་ནས་དོ་རྒྱལ་གྱི་དཀའ་ངལ་འདི་ཆོས་རྒྱུད་དགེ་ལུགས་པའི་དཀའ་རྙོག་ཅིག་རེད། དེ་ལྟར་ཡིན་པས་ཆོས་རྒྱུད་གཞན་ཁག་གིས་དགེ་ལུགས་པ་ནང་བཞིན་འདི་ལ་བལྟ་སྟངས་གཅིག་པ་ཡོད་དམ།
ཉེ་སྔོན་ང་དོ་རྒྱལ་གྱི་མི་གཉིས་ལ་ཐུག་སོང་ང་ཚོས་ཁ་རུ་ཁ་ཐུག་གིས་སྐད་ཆ་བཤད་པ་ཡིན། གཅིག་གིས་ཟེར་ན་ཁོའི་ཨ་མ་ས་སྐྱ་བ་ཡིན་ཡང་ཨ་ཕས་དོལ་རྒྱལ་ལ་བསྟེན་གྱི་ཡོད་པས་ཁོ་ཡང་དེ་མཚུངས་ཡིན་ཟེར། ད་དུང་ཁོས་དོལ་རྒྱལ་ལ་བསྟེན་གྱི་ཡོད་ཀྱང་༧གོང་ས་མཆོག་ལ་དད་པ་རྨ་མེད་ཡོད་ཟེར། འདི་ལྟ་བུའི་རིགས་ལ་ང་ཚོས་རྣམ་འགྱུར་ཅི་འདྲ་ཞིག་འཛིན་དགོས། གཞན་པ་དེ་རེད། ང་ཚོས་སྐད་ཆ་དེའི་མགོ་བཙུགས་པ་དང་ལངས་ནས་བུད་སོང་། སོང་བའི་མ་ཚད་གདོང་མདོག་ཀྱང་འགྱུར་སོང་། འདིའི་རིགས་ལ་ང་ཚོ་སྒེར་གྱི་ངོས་ནས་རྣམ་འགྱུར་སྟོན་སླ་བོ་རེད། ཡིན་ཡང་མང་གཙོའི་སྤྱི་ཚོགས་ཤིག་གི་ངོས་ནས་གཞུང་ཕྱོགས་ཀྱིས་འདི་ལ་རྣམ་འགྱུར་གང་འདྲ་སྟོན་འོས་བ་རེད། ༧གོང་ས་མཆོག་ལ་མཚན་སྨོད་བྱེད་ཀྱི་འདུག་ཟེར་བ་ཙམ་གྱིས་ང་ཚོའི་གཞུང་མང་གཉིས་རྣམ་འགྱུར་གཅིག་མཚུངས་བསྟན་ན་འགྲིག་གི་ཡོད་དམ། དེ་འདྲ་བའི་རིགས་དྲ་ངོས་འདིར་མང་པོ་འདུག དཔེར་ན་བཀའ་བློན་ཁྲི་བས་ཅིག་བཅས་སོང་ཉིག་བཞག་སོང་ཟེར་བའི་ཁ་བརྡུང་མང་པོ་གཏོང་གི་འདུག་པས་འདི་ཡང་གཅིག་མཚུངས་མ་རེད་དམ། སྐད་ཆ་འདི་ཆབ་སྲིད་ཀྱི་ངོས་ནས་སྤྱི་འབངས་ཤིག་ལ་ཐོབ་ཐང་འདྲ་མཚུངས་ཡིན་པའི་ངོས་ནས་བཤད་པ་ཡིན།
གོང་གི་དེ་དག་སྐད་ཆ་འཕྲོས་པ་རེད། འུ་ཚོའི་གླེང་གཞི་གཙོ་བོ་དེ་ཀླུ་མཁར་བྱམས་སྤྱི་འཐུས་གྲོས་ཚོགས་ར་བ་རུ་ཡོང་འོས་མི་འོས་པའི་སྐད་ཆ་རེད། མི་འོས་ཟེར་མཁན་ཚོའི་གནད་འཛིན་ས་དེ་ཀླུ་བྱམས་ཀྱིས་༧གོང་ས་མཆོག་ལ་མཚན་སྨོད་བྱས་སོང་ཟེར་བ་དང་ཞི་བདེ་གཟེངས་རྟགས་སྐོར་ནས་ཅིག་བཤད་ཡོད་པ་དེ་བཞིན་ལངས་ཕྱོགས་རང་བཙན་གཙང་མ་ཡིན་པ་འདི་དག་རེད། (སྒུག་ཐོའི་ནང་ན་ཡོད་དང་མེད། དེའི་བར་སྐད་ཆ་གཡས་བསྐོར་གཡོན་བསྐོར་དེ་ཚོ་གླེང་རྒྱུ་མིན།) གཤམ་དུ་༧ལྷར་བཅས་གཙུག་རྒྱན་གོང་ས་མཆོག་ལ་དད་པ་ཡོད་མེད་ཀྱི་སྒང་ནས་བཤད་རྒྱུ་མ་ཡིན་པར་བོད་འབངས་སྤྱི་མཚུངས་ཀྱི་ཐོབ་ཐང་ངོས་ནས་བསམ་ཚུལ་རག་ཙམ་བཤད་རྒྱུ་ཡིན། གཅིག ང་ཚོས་ཀླུ་བྱམས་ཀྱིས་༧གོང་ས་མཆོག་ལ་མཚན་སྨོད་བྱས་སོང་ཟེར་ནས་སྤྱི་འཐུས་འོས་ཡོང་མི་ཆོག་པར་བཤད་ན་བཀའ་བློན་ཁྲི་བ་ལ་མ་དགའ་མཁན་ཞིག་དེ་བཞིན་ཚོགས་གཙོ་ལ་མི་དགའ་མཁན་ཞིག་སྤྱི་འཐུས་གྲོས་ཚོགས་ར་བ་རུ་ཡོང་མི་འོས་པ་གཅིག་མཚུངས་སུ་བལྟ་མི་དགོས་སམ། དེ་ནས་དྲྭ་གྲོགས་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་སྡེ་བ་ཞིག་ལ་དཔེར་ཅིག་བཀོད་འདུག དེ་ནི་དེ་ཙམ་གྱིས་རན་པོ་མི་འདུག་བསམ་གྱི་ཡོད། འུ་ཚང་གི་དོན་དག་འདི་སྡེ་དོན་འདྲ་བའི་ལས་སླ་བོ་ཞིག་ཀྱང་མ་རེད། འུ་ཚོས་གཅིག་མཚུངས་ཀྱི་ཐོབ་ཐང་དང་རང་དབང་འདྲ་མཉམ་ཞིག་གི་ངོས་ནས་མག་པ་དེ་སྡེ་གྲལ་ནས་ཕུད་དགོས་ཡོད་པ་གང་ཞིག་ལ་འུ་ཚང་སྡེ་བར་བཀྲ་མ་ཤིས་བ་དང་དོན་མ་འགྲུབ་པ་ཞིག་ཡོང་ན་བསམ་བསྡད་ཡོད་པའི་རུ་སྡེ་གཞན་ལ་ལག་པས་འཛིན་རྒྱུ་ཞིག་དང་མིག་གིས་མཐོང་རྒྱུ་ཞིག་ཡོད་པའི་སྒོ་ནས་མག་ངན་དེ་སྒོ་ལ་ཕུད་དགོས་ཡོད་པ་ཡིན་དུས་འུ་ཚོས་མག་པ་དེ་ངན་པ་ཞིག་ཡིན་པའི་བདེན་པ་དང་སྒྲུབ་བྱེད་་འུ་ཚོའི་བསམ་བློའི་ནང་གི་དད་པ་དག་སྣང་ཞིག་འཇོག་རྒྱུ་ལས་གཞན་མེད་པས་ན་འུ་ཚང་སྡེ་མིས་སྡེ་དཔོན་ལ་ཡིད་ཆེས་རྨ་མེད་བྱེད་པ་ནང་རུ་སྡེ་བ་གཞན་གྱིས་དེ་ལྟར་བྱེད་ཀྱི་རེད་དམ།
གོང་ན་དྲ་གྲོགས་གནམ་ལགས་ཀྱིས་ཉེ་སྔོན་དོལ་ཚོགས་ཀྱིས་”མི་མང་གླེང་སྟེགས་”ཟེར་བའི་དྲྭ་ཐོག་ཅིག་ཏུ་སྐད་ཆ་ཁ་ཤས་ཤིག་བཤད་པ་དེའི་སྐོར་ཅིག་གླེང་འདུག དེ་ངོ་མ་རེད། གཡོ་གཏམ་རང་རེད། སྐྱུག་བྲོ་བ་རེད། གཞི་མེད་པ་རེད། དེ་འདྲ་ཡིན་པས་འདིའི་རིགས་ལ་གཞུང་མང་གཉིས་འཛིན་སྟངས་སྟབས་བདེ་བོ་རེད་བསམ་གྱི་ཡོད།
གོང་དུ་གང་ཡོད་པ་ཐམས་ཅད་པོ་གང་ཟག་སྒེར་བ་ཞིག་གི་བསམ་ཚུལ་རང་ཡིན་པས་མ་དག་པ་དང་མ་འོས་རིགས་ལ་དགོངས་གསོལ་ཞུ།
གལ་སྲིད་ནང་བའི་རྗེས་འཇུག་པ་ཞིག་ཡིན་ན། ཀླུ་མཁར་བྱམས་ཀྱིས་རྒྱལ་བ་རིན་པོ་ཆེར་བསྲེག་བཅད་བརྡར་གསུམ་བྱས་པ་དེ་སྟོན་པ་ཤཀྱཱ་ཐུབ་པའི་དགོངས་པ་རྨ་མེད་པར་མཐུན་འདུག རྒྱལ་བ་རིན་པོ་ཆེ་ཡིན་ནའང་བསྟོད་པ་གནང་སྲིད་པ་ཞིག་རེད། ཡིན་ནའི། དབུ་མའི་ལམ་གཞིར་བཟུང་ནས་རང་བཙན་རྩོད་མཁན་མཐའ་དག་དགྲ་རུ་འཛིན་བཞིན་པ་ནི་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན་པར་མ་ཟད། རྐང་རྗེས་ལག་སུབ་རང་མ་རེད་དམ།
ཨ་མདོ་བླ་མ་ལགས་།ཁྱོད་བདེ་གི་ཡོད་དམ
ངས་དེ་རིང་གོ་སྐབས་འདིར་བརྒྱུད་ནས་བོད་རྒྱ་ཆེའི་མི་མང་དང
ལྷག་པར་མདོ་སྨད་མི་དམངས་ལ་ཞུ་རྒྱུར། བལ་ཡུལ་གྱི་བཀྲ་ཤིས་དོན་གྲུབ་ནི་མི་གང་འདྲ་ཡིན་མིན་ནི་བལ་ཡུལ་གནས་བཞུགས་དང་མདོ་སྨད་དབུས་རྒྱུན་ཚོར་དྲིས་དང་ཤེས་རེད། ཁོ་ལ་ད་རེས་རྒྱབ་སྐྱོར་བྱེད་མཁན་མདོ་སྨད་གྲོས་ར་ནང་གི་རྐྱང་ཕྲུག་གྲགས་པ་ཟེར་བ་དེ་ནི་བལ་ཡུལ་ནས་རྒྱ་དམར་ལ་ཐད་དཀར་འབྲེལ་བ་ཡོད་པའི་མི་ཞིག་ཡིན་འདུག དེའི་ཕྱིར་ཁོས་ཆོལ་གསུམ་མཐུན་སྒྲིལ་གཏོར་བྱེད་ཆེད་མདོ་སྨད་གྲོས་ར་ནང་དུ་ག་རེ་བཤད་ཀི་ཡོད་པ་དེ་གཟབ་རོགས་གནང་།
བསོད་ནམས་ལགས་ཀྱི་འབོད་བསྐུལ་དོན་ལ་གནས་འདུག དེང་སྐབས་རྒྱ་ནག་གཞུང་གིས་རྐུབ་ལ་རྒྱུགས་མཁན་མང་པོ་བང་བསྒྲིགས་ནས་བཙན་བྱོལ་ནང་དཀྲུགས་གང་ཐུབ་བྱེད་ཀྱི་ཡོད་པ་རེད།
བསོད་ནམས་ཟེར་བས་བཤད་པ་དེ་ལྷག་བསམ་ཡིན་སྲིད། འོན་ཀྱང་གནས་ཚུལ་ཞིབ་ཕྲ་བཤད་རྒྱུ་མེད་ན་སྐད་ཆ་དེ་ཙམ་གྱིས་ཡིད་ཆེས་དཀའ་གི
དོལ་རྒྱལ་སྐོར་དེ་དད་པ་དག་སྣང་ཡོད་མེད་ཙམ་གྱི་གནད་དོན་ཞིག་ཏུ་བརྩིས་ན་ད་ང་ལ་ཅང་ར་བཤད་་རྒྱུ་མེད། ༸རྒྱལ་བ་ལྔ་པ་ལ་སོགས་པའི་མཁས་ཆེན་དུ་མས་དེ་སྔོན་ནས་བསྲེགས་བཅད་བརྡར་གསུམ་གྱིས་དགག་གཞག་གནང་བ་ཞིག་རེད།
ཀླུ་མཁར་ལགས་ཀྱིས་༸གོང་ས་མཆོག་དང་གཞུང་བཅས་པར་བསྲེགས་བཅད་བརྡར་གསུམ་བྱས་པའི་འབྲས་བུ་དེ་འགྲིགས་ཡོད་པ་ཞིག་ལ་ཁས་ལེན་མཁན་ཚོར་ཡང་ང་ལ་ཅི་ཡང་བཤད་རྒྱུ་མེད། བདེན་པར་རློམ་ན་ད་ཁོང་གི་རྗེས་འབྲང་བ་དགའ་ཞིག་བྱོས།
ད་སང་ཉིན་མདོ་སྨད་སང་གི་སྔོན་འགྲོའི་རྟ་རྒྱུགས་རེད། རྟ་བདག་སོ་སོས་བསང་མཆོད་རེ་བྱེད་རྒྱུ་མ་བརྗེད། ཧཧཧཧཧཧཧཧ
གླུ་མཁར་བྱམས་ལ་དད་ཡོད་དང་ཆོས་ལུགས་གང་ཡིན་ལ་ཁོ་རང་མི་སྒེར་བའི་དོན་དག་རེད། ཁོ་རང་གི་བོད་གཞུང་དམངས་ལ་བཅིངས་བའི་ལྷག་བསམ་ལ་ཚང་མས་བརྩི་བཀུར་བྱེད་དགོས་པར་མཐོང་།
ཁ་སང་དེ་རིང་གཞི་ནས་རྩོམ་ཡིག་འདིའི་རིན་ཐང་ཤེས་མཁན་གང་མང་བྱུང་གིན་པར་བཤད།