__ཨ དོན་ཉི།
དབུལ་ཤིང་ཕོངས་པའི་ཨ་ཚོགས་ཀླུ་མཁར་བྱམས་ནི་ས་ཆེན་གྱི་པང་ནས་བཙན་པོར་གྲགས་མྱངས་པའི་གདོང་དམར་བོད་པ་ཚང་གི་རྒྱལ་ཁབ་ཀྱི་མངའ་ཐང་ཡང་བསྐྱར་ཡར་ལ་སློང་སྟེ། རང་བཙན་སླར་གསོ་ཆེན་པོ་སྲོག་གིས་རྩོད་རྩིས་ཀྱི་བློས་གཏོང་གི་གྲ་སྒྲིག་ཚགས་སུ་ཆུད་ནས་ཡོད་མཁན་ཞིག་རེད།
འགྱེལ་ཅིང་ལངས་པའི་ཨ་ཚོགས་ཀླུ་མཁར་བྱམས་ནི་མི་རིགས་ལར་ཞེན་གྱི་ཆགས་སྡང་གི་ཁྲག་རྩ་དམར་པོ་ལྷོག་ལྷོག་ཏུ་གདུ་བཞིན་པའི་མི་ཕོ་དཔའ་བོའི་ཁྱད་ཆོས་མངོན་པར་གསལ་བ་ཅན་གྱི་མྱི་བུ་གདོང་མཆོང་པ་ཞིག་རེད།
ཁྲོ་ཞིང་གཏུམ་པའི་ཨ་ཚོགས་ཀླུ་མཁར་བྱམས་ནི་དྲང་བ་དང་བདེན་པའི་སླད་དུ་མགོ་སྐེ་ས་ལ་སྒོར་ཀྱང་མིག་ཟུང་གཏན་དུ་གདང་བ། བྲན་གཤིས་མགོ་འབུལ་གྱི་མི་གཞི་ཡེ་ནས་མེད་པའི་ཁེར་རྐྱང་གི་རྟོག་གེ་པ་ཆེན་པོའི་དགྲ་རྒོལ་རིང་ལུགས་པ་ཞིག་རེད།
རྨས་ཤིང་བརྒྱལ་མྱོང་བའི་ཨ་ཚོགས་ཀླུ་མཁར་བྱམས་ནི་རྙིང་པ་གསེར་དུ་རློམ་ཞིང་། གསར་པ་བདུད་དུ་ལྟ་བའི་ཀླད་རྙིང་མཁྲེགས་བཟུང་གི་ལྟ་གྲུབ་འཆང་བའི་མི་ཚོགས་ཤིག་གི་གྲུབ་གཟུགས་འཁྱོག་པོ་གཅོད་གཏུབ་བྱེད་ཕོད་པའི་ཕྲག་གོང་གི་མཇིང་བ་སྦོམ་པོ་ཅན་ཞིག་རེད།
དཔའ་ཞིང་དྲེད་པའི་ཨ་ཚོགས་ཀླུ་མཁར་བྱམས་ནི་རང་ཉིད་ཀྱི་བསམ་བློར་ནག་མེད་དུ་ཕོག་པའི་ཁོར་ཡུག་ཅིག་གི་རྡུང་རྡེག་དང་འཕྱ་དམོད་ཡོད་ཚད་སྟོབས་ཤུགས་སུ་བསྒྱུར་ཏེ། བྲན་གཤིས་ཀྱི་མྱགས་རུལ་དང་སྤྲེལ་ལད་ཀྱི་ཤ་གཟུགས་ཅན་ཚོའི་སྡང་ལྟ་ཡོད་ཚད་རླུང་དང་བསེར་བུར་བསྐུར་ཕོད་པའི་དཔྱོད་ཤེས་ཀྱི་མིག་ཟུང་ཆེས་ཆེར་ཡངས་མཁན་ཞིག་རེད།
བལྟས་ན་ཆུང་ཡང་རེག་ན་རྩུབ་པའི་ཨ་ཚོགས་ཀླུ་མཁར་བྱམས་ནི་ཡོན་པོར་གཅུ་བའི་མིག་ལོག་ཁྲི་ཕྲག་གི་མདའ་ཁ་མང་བོས་ཉེ་འགེལ་བྱས་ཤིང་ཁ་རྡུང་གཏོང་བཞིན། ཡུལ་གྱིས་བསྐལ་བའི་ས་སྟོང་ཞིག་ལ་ཞེ་སྡང་དྲག་པོས་བསྐྲད་ན་འདོད་པའི་ཚོགས་སྤྱི་ཞིག་གི་ངོ་ཡ་ཐུབ་མཁན་གྱི་བསམ་བློའི་རང་ཚུགས་པ་ཆེན་པོ་ཞིག་རེད།
འགྲན་རྩོད་ཆེ་ཞིང་ཧམ་ཤེད་ཚ་བའི་ཨ་ཚོགས་ཀླུ་མཁར་བྱམས་ནི་འོ་སྐོལ་གྱི་དོན་དུ་གཡུལ་ཁར་གཤེགས་ཤིང་།སྒྱོགས་རྡོས་གཙབ་ཤུལ་གྱི་མེས་པོ་ཚོའི་ཞལ་ཆེམས་ཀྱི་དུམ་བུ་དང་སྐུ་ཁྲག་གི་ཐིགས་པ་རེ་རེ་ཕྱིར་ཨེ་འཇོལ་གྱི་བསམ་བློའི་ཐོབ་ཤོར་ལྕི་བའི་ཁྲེལ་ཡོད་ཤེས་ལྡན་གྱི་མི་བུ་སྒལ་ཚིགས་སྲ་མོ་ཅན་ཞིག་རེད།
དམར་ཚ་ཡིན་ལ་མྱེ་བཙའ་ཡིན་པའི་ཨ་ཚོགས་ཀླུ་མཁར་བྱམས་ནི་འུ་ཚོའི་མི་མངོན་པའི་སེམས་ཀྱི་རྣམ་རྟོག་ཕྲ་མོ་ཕྲ་མོ་དག་གི་དབྱིངས་རིམ་ན་ཡོད་པ་འདྲ་བའི། འུ་ཚོའི་ལྐོག་གྱུར་གྱི་འཇིག་རྟེན་ཆེན་པོ་ཆེན་པོའི་ཁམས་ཀློང་ན་འདུར་པ་འདྲ་བའི་བོད་ཀྱི་སྲིད་བྱུས་ཀྱི་ལྷ་མཆོད་ཀླུ་བཅོལ་དང་། གསོལ་འདེབས་ཐལ་སྦྱོར་གྱི་ཕྱག་རྒྱ་སྟོང་བ་དག་རྒྱང་ཕུད་གཏོང་བའི་རིག་གནས་སྙིང་སྟོབས་ལྡན་མཁན་ཞིག་རེད།
གཞུང་གི་མིག་ལ་མི་འཕྲོད་ཅིང་སྒྲིག་གི་ར་ལ་མི་ཆུད་པའི་ཨ་ཚོགས་ཀླུ་མཁར་བྱམས་ནི་མིའི་འཚོ་གནས་ཐམས་ཅད་སོ་སོའི་རྣམ་དཔྱོད་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པའི་འཇིག་རྟེན་གྱི་ཁམས་འདི་ནས་དམངས་དོན་ཡོད་ཚད་ལྷ་འདྲེའི་ཁ་ངོ་ལ་མི་བསྐུར་བའི་མི་ཚུལ་རིང་ལུགས་ཀྱི་ལྟ་སྤྱོད་གཙང་མ་ལག་ཏུ་བསྟར་མཁན་གྱི་རྩོད་སྒྲུབ་རིག་པ་བ་ཁེར་ཧྲེང་ཞིག་རེད།
བོད་ནས་འཚར་ཞིང་བོད་ལ་དགའ་བའི་ཨ་ཚོགས་ཀླུ་མཁར་བྱམས་ནི་གདེང་སྤོབས་གངས་རི་བཞིན་མཐོ་ཞིང་བདེན་དོན་གཅེས་སྲོག་ལྟར་སྲུང་བའི་དེང་རབས་བློ་འབྱེད་པ་ཞིག་ཡིན་པ་མ་ཟད། གཞན་དྲང་མི་འཇོག་པའི་རྣམ་དཔྱོད་ཀྱི་བློ་མིག་ཡང་ལྡོངས་ནས་མེད་པའི་དགའ་སྐྱོ་ཆགས་སྡང་གི་འདུ་བ་ཐོལ་ཐོལ་འཕྱུར་བའི་སྐྱོ་གར་པ་ཆེན་པོ་ཞིག་རེད།
དཀར་པོ་ཡིན་ལ་ནག་པོ་མིན་པའི་ཨ་ཚོགས་ཀླུ་མཁར་བྱམས་ནི་ལུགས་སྲོལ་རྙིང་བའི་ལྕགས་མདོང་གིས་གཡས་ནས་ལྟིར་ཞིང་། སྐྱུག་དྲི་བྲོ་བའི་རས་གཅོད་ཀྱི་རྡོ་འཇོང་གིས་གཡོན་ནས་བསྣུན་ཏེ་དོལ་རྒྱལ་གྱི་གྲས་སུ་བརྫངས་ཤིང་ངོ་ལོག་པའི་མིང་བྱང་ཇི་ལྟར་བཀལ་ཀྱང་རུང་། བདེན་པ་གཙུག་ཏུ་བཀུར་བར་དཔའ་མི་ཞུམ་ཞིང་མེས་རྒྱལ་རྩ་ནས་འདོར་བར་སེམས་མི་བདེ་བའི་གངས་ལྗོངས་ཀྱི་ཕོ་ཤར་ར་ཞིག་རེད།
གཅིག་ཏུ་དྲིལ་ན། མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཀྱིན་པ་འདྲ་བའི་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལ་ཤོང་བ་ནི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ལུས་བོངས་ཀྱི་མཐོ་ཚད་ཡིན་གྱི་བསམ་བློའི་རྒྱ་ཁྱོན་གྱི་མངའ་ཐང་མ་ཡིན་པ་དེ་སྐྱོ་གར་རིང་མོ་ཞིག་རེད། མག་མོག་དང་ཡད་ཡུད་ཀྱི་དད་པ་དག་སྣང་ཞིག་གི་ཐུ་འོག་ལ་བུག་གིས་འཚང་སྟེ་མྱི་ཆེན་ཚོའི་སྐད་ཆ་བསྐྱར་དཔར་རྒྱག་པར་གོམས་ནས་ཡོད་པའི་ཕྱི་བསྡོད་བོད་པ་མང་བོ་ཞིག ཨ་ཚོགས་ཀླུ་མཁར་བྱམས་ལྟར་བསམ་བློའི་རང་སྐྱ་འཕེར་ཞིང་སོ་སོའི་ཀླད་པ་བཀོལ་བར་ཧུར་གྱིས་འཇུག་པའི་མང་གཙོ་དོན་གཉེར་ཅན་གྱི་མི་སྒེར་རེ་རེ་མ་ཡིན་པ་དེ་གདུང་ཤུགས་དྲག་པོ་ཞིག་རེད་དོ། །
༡༠ ༨ ༢༠༡༥
ཀླུ་བྱམས་ཀྱི་རྒྱབ་སྐྱོར་བ་ཡིན་ཟེར་མཁན་དྲ་ནང་གི་མི་ཅོ་རི་ཉི་མ་དང་། རྔ་བཟའ་བདེ་པོ། ལྷ་སྡེ་གནམ་ལོ་ཡག་སོགས་ཕལ་ཆེ་བ་། དོན་ལ་ཁོང་ཚོས་ཁ་ཞེ་གཉིས་མེད་ཀྱིས་ཀླུ་བྱམས་ལ་རྒྱབ་སྐྱོར་བྱེད་པ་ཞིག་མ་ཡིན་པར། གོ་སྐབས་འདི་བརྒྱུད་ནས་རང་ཉིད་ཀྱི་ལྟ་ཚུལ་དང་ལངས་ཕྱོགས། རྒྱབ་ལྗོངས་དང་དམིགས་ཡུལ་འདྲ་མིན་གྱི་དབང་གིས་ཀླུ་བྱམས་རྩེད་ཆས་བཞིན་མདུན་གཡུགས་ཏེ། རྒྱབ་ནས་མང་གཙོ་ཁ་ལ་ཁྱེར་ནས་རྒྱབ་སྐྱོར་ཡིན་ཁུལ་གྱི་གཏམ་བརྗོད་སྤེལ་མཁན་ཡོད་ལ། ཁོང་ཅག་གིས་དོན་དམ་པར་ད་ལྟའི་༧གོང་ས་མཆོག་གིས་གཡས་སྐྱོར་གཡོན་འདེགས་གནང་སྟེ་ཡོང་བའི་བོད་གཞུང་ངམ་མང་གཙོའི་སྒྲིག་འཛུགས་དང་། ལམ་ལུགས་འདི་ཡང་དག་པ་ཞིག་མིན་པའི་ལྟ་ཚུལ་འཛིན་བཞིན་པ་ནི་ཧ་ཅང་གསལ་པོ་རེད
ཡག་པོ་སྟོད་འདུག། ཕར་བཏད་ན་ཀླུ་བྱམས་ནི་གླང་མགོ་འདྲ་བོ་ཡིན་པའི་མི་སྤྱོད་ཡོད་ཚུམ་བཀོད་འདུག། གླང་མགོ། ཧ་ཧ་ཧ།
གླེང་རིན་ཅི་ཡང་མེད་པའི་མི་ཞིག་གླེང་གིན་མ་འདུག ཁ་དྲོ།
ཁ་བའི་འདབ་མས་གང་གསུངས་པ་དེར་རྒྱབ་སྐྱོར་ཡོད་་་་་་དེ་འདྲའི་སྐབས་སུ་མི་ངན་ཁག་གཅིག་གིས་སེམས་ཤུགས་དང་ཤ་ཞེན་ཆེ་མདོག་མང་པོ་བཤད་ནས་གོ་སྐབས་ཚོལ་གྱི་ཡོད་པ་ཧ་ཅང་གསལ་པོ་རེད་
ངས་ངོས་ནས་ཀླུ་བྱམས་ལ་ཁ་ཞེ་གཉིས་ཀྱིས་ཐོག་ནས་རྒྱབ་སྐྱོར་བྱེད་བཞིན་ཡོད། མ་གཏོགས་རང་གི་ལྟ་བ་དང་ལངས་ཕྱོགས་ཁྱབ་བསྒྲགས་བྱས་པ་ལ་ཀླུ་བྱམས་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་མེད། ག་རེ་བསྒྲགས་ཡ་ཡོད་ན་སོ་སོས་ངོས་ནས་བསྒྲབས་ཆོག་ཆོག་རེད་ད། ཡིན་གཅིག་ཀླུ་བྱམས་ལ་རྒྱབ་སྐྱོར་མ་བྱས་ན་རང་གི་ལྟ་གྲུབ་ཁྱབ་བསྒྲགས་བྱེད་མི་ཐུབ་པ་དེ་འདྲ་མ་རེད་ད་་་ཧཧཧ ཅི་བཤད་འདི་བཤད་མེད་པའི་སྐད་ཆ་རང་རེད།
རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་སྙིང་སྟོབས་དང་འཆར་སྣང་ལྟ་བུ་ད་བར་བཙན་བྱོལ་ལོ་རྒྱུས་བྱུང་མྱོང་མེད་པ་བོད་ནང་གི་ཤེས་ཡོན་ཅན་དང་རྒྱ་རིགས་ཚོས་གླེང་གི་འདུག ཤེས་ཀི་འདུག ཡིན་ཡང་བཙན་བྱོལ་ནང་གི་མི་ཐེབས་ཆགས་བོད་ཀྱི་བྱུང་བ་ལ་མུན་ནག་ཡིན་པའི་མི་ཚོས་རྒྱལ་གཅེས་དཔའ་བོ་ཁོང་ལ་གཞི་མེད་འཁྱོགས་གཏམ་བཤད་ནས་ཡོད།
ད་ཐེངས་ཀླུ་མཁར་བྱམས་ལས་རྒྱབ་བསྐྱོར་བྱེད་ས་ཞིག་བརྙེད་མ་སོང་། དེ་བས་རྒྱབ་བསྐྱོར་བྱེད་ཀྱིན་ཡོད། རྔ་བཟའ་དང་ལྷ་སྡེ་སོགས་ཨ་མདོའི་ཤེས་ཡོན་པའི་སྡེ་མ་རེད་དམ། ད་ཡིན་ན་ཨ་མདོ་ཁག་གཉིས་སུ་གྱེས་ནས་ཤེས་ཡོན་པའི་སྡེ་ནས་ཀླུ་མཁར་བྱམས་ལ་རྒྱབ་བསྐྱོར་དང་། ཡིག་ངོ་ཙམ་ཆོད་མཁན་ཚོས་སྤེན་པ་ཚེ་རིང་ལ་རྒྱབ་བསྐྱོར་བྱེད་ཀྱིན་པ་འདྲ། འདི་ལས་ཀྱང་ཀླུ་མཁར་བྱམས་ཀྱི་རིན་ཐང་ཤེས་ཐུབ།
སྤྱིར་བཏང་བོད་པའི་ངོས་ནས་རྒྱལ་བ་རིན་པོ་ཆེ་བཀྲིན་ཆེ་བའི་མགོན་སྐྱབས་བླ་ན་མེད་པ་དེ་ཡིན་པར་རྩོད་མེད་ཡོངས་གྲགས་རེད། ལྷག་པར་དུ་དུས་ཚོད་ཉག་ཕྲ་བའི་ནང་བོད་མིའི་ལས་དབང་ལ་ཁ་ལོ་བསྒྱུར་པོ་རེད་ཡོད། དེ་ཚོ་གསལ་བཤད་མ་དགོས་པ་ལོང་བས་བལྟས་ཀྱང་རིག་ཚོད་རེད། ད་ལྟའི་སྐབས་སུ་གོང་ས༧མཆོག་གི་སྐུ་དབང་རྩིས་སྤྲོད་ཟིན་ལ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཟུང་སྲོལ་དེ་ཡང་མཇུག་འགྲིལ་ཟིན། དེར་བརྟེན་གལ་ཆེ་བར་ད་ལྟའི་ཁ་ཕྱོགས་གང་ལ་བཏད་དང་མ་འོངས་འདུན་ལམ་ལ་ལམ་ཕྱོགས་གང་བཟུང་རང་དབང་མང་གཙོ་ནང་རྣམ་དཔྱད་ལྡན་པའི་མི་སྣ་རེ་བྱུང་དུས་དེར༼རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་ཀི་འདུག་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་ཀྱི་འདུག་་་་དེར་དོལ་རྒྱལ་ཚོགས་མི་རེད་འདུག༽དུག་མདའ་འཕེན་ནས་སྤྱི་ཚོགས་ནང་མགོ་བོ་བཏེགས་མི་ཐུབ་པ་བཟོ་ཀི་ཡོད། འདི་ཚོའི་ནང་ལ་སྐབས་འཚོལ་བ་ལས་མནོ་དཔྱད་ལྡན་པའི་མི་བུ་དཀོན་པོ་རེད། ཕྱོགས་ཡོང་ནས་བསམ་བློ་གཏོང་དགོས་པ་དང་མྱི་གང་འདྲ་ཅིག་གིས་བགྲོ་གླེང་བྱུང་ན་ཉན་དཔྱད་སྡོམ་རྒྱག་དགོས་པ་ལས་མཐའ་ཅིག་ཏུ་འབུར་འཇོམ་གཏོང་བ་འདིར་ད་དུང་རྨོངས་གཉིད་ལས་སད་མེད་པ་དང་སྲོལ་རྒྱུན་གྱིས་བཅིངས་པའི་རྨོངས་པའི་རིང་ལུགས་ལས་བརྒལ་མེད་པའི་རྟགས་མཚན་གསལ་པོ་རེད། དེར་བརྟེན་བོད་པ་ཚོ་ད་དུང་ལམ་ཐག་རིང་ཚད་ག་ཚོད་ཙམ་ལ་བགྲོད་དགོས་སམ།
ལོ་མང་རིང་ང་ཚོའི་སྤྱི་ཚོགས་དང་མི་སྡེ་རུ་དད་པ་ལོག་སྤྱོད་པས་གནམ་སར་མི་ཤོང་བའི་ནག་ཉེས་ཤིག་མི་རིགས་ལ་བསགས་བཞིན་ད་དུང་རྒྱལ་གཅེས་པ་དང་ལ་བརྒྱ་པའི་མིང་བྱང་འོག་འབངས་མི་རྣམས་བསམ་པའི་དཔལ་ཡོན་ལ་ཤུགས་རྐྱེན་ངེས་ཅན་རེ་ཐེབས་ཡོད། འོན་ཀྱང་ཆེས་དགའ་འོས་པ་ཞིག་ལ་དེང་གི་འཆར་ང་ཚོའི་ན་གཞོན་དག་སེམས་ཁམས་ཀྱི་དཔལ་ཡོན་མདུན་ནས་མདུན་དུ་སྤྱོད་བཞིན་པར་ཅིས་ཀྱང་དགའ་འོས་ཤིག་རེད། དཔེ་ན། ཨ་རི་བ་མི་རིགས་ནག་པོའི་ཐོབ་བརྩོད་པ་ཁོང་གིས་ངས་མི་རིགས་ནག་པོ་འདི་བཞིན་མི་རིགས་དཀར་པོ་གཉམ་དུ་འདྲ་གཉམ་ཆགས་པའི་རྨི་ལམ་ཞིག་གཏང་གི་ཡོད་གསུངས་པ་བཞིན་ད་ཆ་དངོས་སུ་རྨི་ལམ་དངོན་འགྱུར་ཆགས་ཟིན་པ་ང་ཚོས་མཐོང་གལ་ཆེ། ཁོང་ནི་ང་ཚོ་ལ་སློབ་སྟོན་པ་དང་དགེ་དགེན་ཡག་ཤོས་ཤིག་རེད་ཟེར་ན་མཆོག་གི་རེད། དེས་ན་ང་ཚོའི་དད་པ་ལོག་སྤྱོད་ཤོག་ཁག་འདིས་ང་ཚོའི་མི་རིགས་དང་མི་རིགས་ཀྱི་བསམ་པའི་དཔལ་ཡོན་ལ་ཆེས་ཡ་ང་བའི་འཁོར་ཡུག་ཞིག་བསྐྲུན་ཡོད། འདི་དག་གི་བྱེད་ཤུགས་ལས་མི་སྡེ་སྤྱི་ཚོགས་སུ་འཆམ་མཐུན་དང་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་རྩོམ་ཡིག་རང་དབང་དད་མོས་རང་དབང་སོགས་རང་དབང་ཡོད་ཚོད་དད་པ་ལོག་སྤྱོད་ཀྱིས་དམངས་ལ་ལོག་འགྲེལ་གྱིས་ཚད་བཀག་རང་བཞིན་བཟོས་ཡོད་པ་ཆེས་གསལ་བོ་རེད། ད་སྐབས་ན་གཞོན་པ་རྣམས་ཀྱིས་དད་པ་ལོག་སྤྱོད་པའི་འོག་ཏུ་མི་འགྲོ་བ་མ་ཟད་བསམ་བློའི་རང་དབང་ལ་ལོངས་སྤྱོད་བཞིན་པ་ནི་ང་ཚོའི་མི་རིགས་ཀྱི་བསམ་པའི་དཔལ་ཡོན་ཡར་རྒྱས་འགྲོ་བར་ངོས་འཛིན་གསལ་པོ་བྱེད་ཆོག་པ་རེད། དད་པ་ལོག་སྤྱོད་པའི་འོག་ཏུ་འཛུལ་ན་ཁྱེད་རང་མི་ཚད་ལྡན་རེད་འདུག་གམ། ལེགས་པར་དཔྱོད། ལེགས་པར་བརྟག ལེགས་པར་སོམ་དང་།
༧གོང་ས་མཆོག་གི་དགོངས་བ་ཟབ་ཆེན་ལས་གནང་པའི་དབུ་ལམ་ལ་ཤར་སྐྱོད་བྱེད་རྒྱུ་ཡིན་ཟེར་ན། དེ་དད་པ་ཡོད་མདོག་གིས་ཆབ་སྲིད་འཁྲབ་པ་རེད་ཟེར་ན། དེ་ནི་འཁྱོག་བཤད་ཞིག་ཡིན་པ་ཤེས་དགོས།
དེ་ནི་སྲིད་ན་དཀོན་པའི་ཆབ་སྲིད་པ་ཞིག་གི་ཆབ་སྲིད་ལམ་སྟོན་ལམ་འམ་དབུ་མ་རང་ལ་རྒྱུན་འཁྱོང་བ་བྱེད་རྒྱུ་ཡིན་ཞེས་བ་ཙམ་དང་གཅིག་པ་ཡིན་པས། འདི་ལ་དད་པ་ལོག་སྤྱོད་ཟེར་བའི་ཉེ་མིང་འདི་ཐོབ་མདོག་མེད། ཡིན་ན་ཡང་། ༧རྒྱལ་བ་མཆོག་གིས་གནང་བའི་ལྟ་ལམ་ཡང་དག་ལ་ལམ་འགྲོ་མི་ཡོང་སྤྱད་ཀྱི་གཡོ་ཚིག་ཞིག་ཡིན་པ་ཚང་མས་ཤེས་དགོས།
རྒན་ངྷེ་ཡི་ཞི་བའི་ལྟ་ལམ་ལ་ཤར་སྐྱོད་བྱེད་རྒྱུ་ཡིན་ཟེར་ན། རྒན་ངྷེ་ལ་དད་པ་ཡོད་པས་དེ་ལྟར་བཤད་པ་མིན། ལྟ་བ་ཡང་དག་གཏིང་ཟབ་ཡིན་པས་དེ་ལྟར་བཤད་པ་ཡིན།
མ་ཏྲིན་ལོའུ་ཏར་ཁེས་ཀྱིས་ང་ལ་རྨི་ལམ་ཞིག་ཡོད་ཟེར་བའི་མི་རིགས་འཐབ་རྩོད་ཀྱི་གཏམ་བཤད་ལས་མྱི་ནག་ཚོས་མ་ཏྲིན་ལོའུ་ཏར་ལྟར་ཐོབ་ཐང་རྩོད་ཀྱི་ཡིན་ཟེར་ན། མ་ཏྲིན་ལ་དད་པ་ཡོད་པས་དེ་ལྟར་བཤད་པ་མིན་སོགས་ཤེས་བའི་སྒོ་ནས།
ཀླུ་བྱམས་ཕྱོགས་ཁག་གིས། བསམ་པས་གཟེས་ནས་དད་པ་ལོག་སྤྱོད་ཟེར་བའི་གཡོ་ཚིག་འདིའི་མཐའ་དོན་གྱི་དགོས་འདུན་ངོ་མ་བཀབ་ནས། མྱི་མང་ལ་དད་པ་ལོག་སྤྱོད་བྱེད་བཞིན་ཡོད་རབས་ཀྱིས་མགོ་སྐོར་བཏང་སྟེ། ལམ་ལོག་ལ་འདྲེན་འདོད་སྐྱེས་བཞིན་པ་འདི་ང་ཚོ་རྣམ་དཔྱོད་ཅན་ཚོས་མི་མང་ལ་ཁ་གསལ་བྱེད་དགོས་བ་དེ་འགན་དུ་ལེན་རོགས་ཞུ།
ཉེས་མིང་ལ་བཅོས།
ཧཧ།བོད་པས་གུང་བྲན་ཏང་ཕྲུག་འདི་ཚོས་རྩོམ་འབྲི་ཚུལ་འདི་རིགས་དངོས་གནས་ཡ་མཚན་པོ་རེད།
རང་བཙན་རྩོད་ན་བོད་ནང་ལ་བསྡོད་ནས་རྩོད་བཙན་བྱོལ་ལ་ཡོང་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་མཐུན་སྒྲིལ་ལ་གཏོར་ཤིག་མ་གཏོང་རོགས་
ཧཧཧཧ་་་་་བདེན་པའི་ཕོ་ཉ་ལགས། ངོ་མ་ཁྱོད་བདེན། རང་བཙན་རྩོད་མཁན་ཡིན་ན་གུང་བྲན་ཏང་ལ་རྩོད་དགོས་པ་ཤེས་ནས་ད་ལྟའི་དུས་ལ་བསམ་བློ་གོ་རྟོགས་མཁན་མང་དུ་འགྲོ་ཀི་ཡོད་པ་དང་ལམ་ཕྱོགས་གསར་པ་ཅིག་དགོས་གལ་ཆེ་བ་མཐོང་མཁན་མང་པོ་མཐོང་རྒྱུ་ཡོད་རེད།ཡིན་ནའང་གཉིས་ཕན་དབུ་ལམ་དེ་རྩོད་ས་རྒྱ་ནག་མ་ཡིན་པ་ཨ་རི་དང་༼མིང་ཙམ་མཉམ་འབྲེལ་རྒྱལ་ཚོགས༽ལ་རེ་ཡོད་པ་དེ་འདྲེ་ཤར་ལ་བཞག་ནས་གླུད་ནུབ་ལ་གཡུག་པ་དངོས་གནས་རང་མ་རེད་དམ།
ཧ་ཧ། བདེན་པའི་ཕོ་ཉ་འདི་ལྐུགས་རྟགས་ཚ་བ་དང་ཧམ་པ་ཚ་བ་ལ། ཀླུ་བྱམས་ཀྱིས་བོད་ནང་མེ་མདའི་ཁ་འོག་ནས་རང་བཙན་བརྩད་མྱོང་བ་རེད། འོ་ན་ཁྱོད་ཀྱིས་བཙན་བྱོལ་ནས་ཅི་ཞིག་བརྩད་པ་ཡིན་ནམ། མ་གཞི་ནས་ལམ་དབུ་མའི་རང་སྐྱོང་དེ་ཁ་གུང་ཁྲན་ལ་ཕྱོགས་ནས་བརྩད་དགོས་པ་ཞིག་ལས། ཏང་གི་ལོག་སྤྱོད་པ་རང་བཙན་ཤོག་ཁག་ལ་མདུང་རྩེ་གཏད་དགོས་པའི་རྒྱུ་མཚན་ཅི་རེད། འདི་ཏང་གིས་ངན་ཇུས་མིན་ན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་མགོ་འབུལ་ལུས་འབུལ་ཞུ་དགོས་པའི་རྒྱུ་མཚན་གཏན་ནས་མི་འདུག། མ་ཟད་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གི་གྲངས་ཉུང་མི་རིགས་ཁག་གི་མི་རིགས་ས་གནས་རང་སྐྱོང་ནི། དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་ཉིན་མོ་ནས་ཡོད་ཡོད་པ་རེད། འོན་ཀྱང་བཙན་བྱོལ་ཡོང་དགོས་པ་དང་དོན་ཚན་བཅུ་བདུན་རྩིས་མེད་བཏང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། དོན་ཚན་བཅུ་བདུན་ལག་བསྟར་ཡོང་ཆེད་ཙམ་ཞིག་ཡིན་ན་བོད་ནང་ནས་བརྩད་ནས་མ་བསྡད་པར་ཡུལ་བགྱར་ལ་ཅི་ཕྱིར་ཡོང་བ་རེད།
༄། ང་ཚོས་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་སྒྲུབ་ཡ་ལ་ལམ་ཁ་འདི་མ་གཏོགས་མི་འདུག
___ཨ་ཚོགས་ཀླུ་མཁར་བྱམས་ཀྱིས།
དབུ་མའི་ལམ་གསུང་མཁན་ཚོས་ང་ཚོ་ལ་ཅིག་བཅའ་རྒྱུ་ཡོད་མདོག་མདོག་བྱེད་ཀྱི་འདུག་པ་དང་། ཁྱོད་ཚོས་རྒྱལ་བ་རིན་པོ་ཆེ་ལས་ལྷག་ཅིག་འཇོན་གི་ཡོད་མེད་སོགས་དེ་འདྲའི་སྐད་ཆ་མང་པོ་ཞིག་ཡོང་གི་ཡོད་པ་རེད། ཡིན་ནའང་། ངས་དེ་རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མི་མཐུན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་བ་རིན་པོ་ཆེ་ལས་ལྷག་ཅིག་འཇོན་པ་ད་ལྟའི་སྤྱི་ཚོགས་ནང་ལ་མེད་པ་དེ་ཁ་ཡོད་ལག་ཡོད་རེད། ང་ཚོས་དེ་ལས་ལྷག་ཅིག་འཇོན་གྱི་ཡོད་ཉ་གེ་ཉོག་གེ་དེ་འདྲ་ཟེར་གྱི་ཡོད་པ་མ་རེད། སྔོན་མ་ཡང་བཤད་མྱོང་མེད་ལ་ད་ལྟའང་བཤད་ཀྱིན་མེད །
ཡིན་ནའང་། རྒྱལ་བ་རིན་པོ་ཆེའི་དགོངས་ཚུལ་དང་མི་མཐུན་པ་དེ་འདྲ་ཡོད་རེད། རྒྱལ་བ་རིན་པོ་ཆེའི་དགོངས་པ་རླབས་ཆེན་དང་རྒྱ་ཆེན་པོ་དེ་འདྲའི་ནང་ན་ང་ཚོས་རྟོགས་མི་ཐུབ་པ་ཏན་ཏན་ཡོད་རེད། ང་ཚོས་རྒྱལ་བ་རན་པོ་ཆེའི་བཀའ་སློབ་ཇི་བཞིན་དུ་བརྩི་དགོས་ཡོད་ན་<ཐ་མ་འཐེན་རྒྱུ་ཡོད་མ་རེད། ཨ་རག་འཐུང་རྒྱུ་ཡོད་མ་རེད། མ་ཅང་རྒྱག་རྒྱུ་ཡོད་མ་རེད། དྲང་པོ་བྱེད་དགོས་པ་རེད། དེ་ནས་གཞུང་གིས་ཡ་རབ་བྱེེད་དགོས་པ་རེད། ལྐོག་ཟ་རུལ་སངས་བྱེད་རྒྱུ་ཡོད་མ་རེད། སྐུ་དྲག་གསར་པ་འཁྲབ་རྒྱུ་ཡོད་མ་རེད། དགེ་རྒན་ཚོས་སློབ་ཁྲིད་ཡག་པོ་གནང་དགོས་པ་རེད། ཅེས་དངོས་གནས་རྒྱལ་བ་རིན་པོ་ཆེས་ཕ་ལགས་ཀྱིས་ནང་གི་བུ་ཕྲུག་ལ་གསུང་པ་ནང་བཞིན་དགོན་སྡེ་ཁག་ལ་རྫིག་པོ་བྱེད་རྒྱུ་ཡོད་མ་རེད། ཞེ་བོ་ཅིག་སྐར་མ་ལྔ་བདག་ཅན་གྱི་མགྲོན་ཁང་ནང་བཞིན་ལྷ་ཁང་གསེར་ཁང་རྫིག་པོ་བཞེངས་རྒྱུ་ཡོད་མ་རེད། སོགས་ཀྱིས་མཚོན་པའི་བཀའ་སློབ་སྣ་ཚོགས་ཤིག་གནང་ཡོད་རེད། ཡིན་ནའང་། ང་ཚོས་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ནང་ནས་ཁ་ཐུག་སོ་སོ་ལ་དགོས་ཡ་ཁ་ཤས་ཤིག་འཁྱེར་ཡོང་ནས་འདི་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་རེེད་དྭ། ངས་བཀའ་བརྩིས་ཡོད་ད་ཟེར་མཁན་དེ་ཚོ་ཡག་པོ་མ་རེད། དེའི་རིགས་ཀྱིས་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་བརྩིས་པ་མ་རེད། སྤྱི་ཚོགས་དཀྲུག་ཡ་ཞིག་མ་གཏོགས། ངས་བསམ་བློ་བཏང་པ་ཡིན་ན།
དེ་མ་གཏོགས་ང་ཚོའི་ངོས་ནས་སོ་སོས་རང་བཙན་གྱི་གནས་སྟངས་ཤིག་བཤད་བསྡད་པ་དེས་རྒྱལ་བ་རིན་པོ་ཆེ་ལ་དོ་ཕོག་ཅིག་དང་། སྐྱབས་མགོན་རིན་པོ་ཆེའི་བཀའ་བརྩི་དང་མི་བརྩི་ལ་འབྲེལ་བ་ཞིག་ཡོད་པ་ཞིག་ལ་རང་གི་ངོས་ནས་ངོས་འཛིན་ཞུ་གི་མེད།
སྐྱབས་མགོན་རིན་པོ་ཆེ་ནས་དབུ་མའི་ལམ་ཡོང་གི་འདུག །བོད་པ་ཚང་མ་ལོག་འགྲོ་དགོས་རེད། ཀླུ་མཁར་བྱམས་ཁྱོད་རང་ཡང་འགྲོ་དགོས་པ་རེད་གསུངས་ཏེ་ང་ལ་ཡིག་ཐོག་ནས་སྤྲད་པ་ཡིན་ན། སྐྱབས་མགོན་རིན་པོ་ཆེས་ཞལ་གསུང་པ་ཡིན་ན། རྒྱ་ནག་གཞུང་གིས་ངོ་སྤྲད་པ་ཡིན་ན། ཁྱོད་ཚོ་སྐོར་ཞིག་གིས་བཙན་བྱོལ་ནས་རང་བཙན་བཤད་བསྡད་པ་དེས་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་རླབས་ཆེན་པོ་དེ་འགྲུབ་ཀི་མེད། དབུ་མའི་ལམ་མ་ཡོང་པའང་དེ་ཡིན། ཁྱོད་ཚོས་ཁ་བཙུམ་ནས་བསྡད་ན། ཁོང་ཚོར་ཅིག་བྱེད་རྒྱུ་ཡོད་ལབ་ན་ང་ཚོས་མཚམས་འཇོག་ཆོག་གི་རེད། དེ་རྒྱ་ནག་གཞུང་གིས་ལབ་ཀྱི་མེད་ཨ། དེ་ཡིན་དུས་ང་ཚོའི་ངོས་ནས་རྒྱལ་བ་རིན་པོ་ཆེའི་དགོངས་གཞིར་དོ་ཕོག་འགྲོ་བ་ཞིག་ལ་ངོས་འཛིན་ཞུ་གི་མེད།
ད་ང་ཚོས་བསམ་བློ་བཏང་པ་ཡིན་ན་ལམ་ཁ་འདི་མ་གཏོགས་མི་འདུག། སྡུག་ས་ནས་བཤད་ན་ང་ཚོས་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་སྒྲུབ་པ་ལ་ལམ་ཁ་འདི་མ་གཏོགས་མི་འདུག། འོ་ཡ་ཐུགས་རྗེ་ཆེ།
ཀླུ་མཁར་བྱམས་ཀྱི་གཏམ་བཤད། ལྷོ་ཕྱོགས།
ལས་འགུལ་ཚན་པ་ཞིག་གིས་ཡི་གེར་ཕབས།