ར་རྒྱ་བློ་དབང༌།
མེག་ལོར་ནས་ཤག་ཏུ་ལོག་པའི་ལམ་ཞོར་གྲོགས་པོ་ཞིག་གི་རྩར་སོང་བས་༼དུས་འགྱུར༽དུས་དེབ་འདོན་ཐེངས་བརྒྱད་པ་ཀློག་པའི་གོ་སྐབས་བྱུང། དུས་རྒྱུན་གོ་མྱོང་ཐོས་མྱོང་གི་རྩོམ་པ་པོ་སྐོར་ཞིག་གི་རྩོམ་ཡིག་འདུག་པ་དང་། ཡུན་རིང་ཙམ་ལ་གསར་རྩོམ་ཀློག་རྒྱུའི་སྐལ་བ་མ་བྱུང་བས་གྲོགས་པོའི་ས་ནས་གཡར་ཏེ་ཤག་ཏུ་ལོག འདོན་ཐེངས་འདིའི་བོད་ཡིག་ལ་ཤོག་ངོས་སོ་བཞི་འདུག་ལ། དེའི་ནང་སྔར་བཀླགས་ཟིན་པ་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱི་རྩོམ་ཡིག་མ་གཏོགས་རེ་རེ་བཞིན་ཚར་གཉིས་རེ་བཀླགས། རྩོམ་ཡིག་དེ་དག་གི་ཁྲོད་ན་ཚོད་མེད་ཀྱི་སྟོང་སྐད་བར་མེད་བཀྲམས་ཤིང་། བསམ་བཞིན་ཚིག་གི་རྒྱུ་མ་རིང་དུ་བསྲིང་བའི་རྩོམ་ཡིག་དགོད་བྲོ་བོ་རེ་ཡང་འདུག་མོད། སྐབས་འདིར་ངས་གླེང་འདོད་པ་ནི་དེ་ཚོ་མིན་པར། ད་ལྟ་བཙན་བྱོལ་བོད་ཀྱི་སྙན་ངག་པའི་ཁྲོད་གདེང་འཇོག་མཐོ་བའི་རྩོམ་པ་པོ་ཨ་འཇམ་ལགས་ཀྱི་རྩོམ་ཡིག་༼ལྡོམ་པོ་ཞིག་གི་ཁེར་ལབ་ཐན་ཐུན༽ཞེས་པ་དེ་ཡིན། ཨ་འཇམ་ལགས་ཀྱི་རྩོམ་ཡིག་དེ་ནི་སྒྱུ་རྩལ་རྩོམ་རིག་ཐད་ཀྱི་བློ་སྦྱོང་དང་། ཡང་ན་ཉམས་མྱོང་གི་སྤྱི་སྡོམ། ལྷག་པར་དུ་སྙན་ངག་ཕྱོགས་ལ་གཏན་ཚིགས་རང་བཞིན་གྱི་མཐའ་སྡོམ་ལྟ་བུར་བྲིས་ཡོད་པ་དང་། འབྲི་ཐབས་ཀྱི་རྣམ་པ་ནི་དེ་སྔ་རྡོ་རྗེ་དབང་ཕྱུག་གི་༼ཨེ་རེད༽དང་ཕྱོགས་མཚུངས་སམ། གང་ལྟར་ཨ་མདོའི་འབྲོག་པ་རྒན་པོ་ཚོའི་བསླབ་བྱ་རྒྱག་སྟངས་དང་གཅིག་མཚུངས་ཤིག་རེད་འདོད། ཡིན་ན་ཡང། རྩོམ་ཡིག་ཞིབ་ཏུ་ཀློག་སྐབས་རེ་གཉིས་ཇི་ལྟར་འདང་བརྒྱབ་ཀྱང་གོ་དཀའ་བ་དང་། ལ་ལ་བསྐྱར་ནས་ཡང་དུ་གླེང་བས་ཉོག་པོར་གྱུར་བ། ཡང་རེ་འགའ་རང་ཉིད་ཀྱི་ངོས་འཛིན་དང་གཏན་ནས་མི་མཚུངས་སྟབས། དོན་ཚན་རེ་གཉིས་དམིགས་སུ་བཀར་ནས་གཤམ་གྱི་དོགས་འདྲི་དག་ཕུལ་བ་ཡིན།
༡ བརྗོད་གཞི་གཅིག་གི་རྒྱབ་རོལ་ཏུ་ཆེས་ཡིད་དུ་འོང་བའི་རྟོག་འགྱུ་མང་པོའི་འཚང་ག་ཡོད་དགོས།
ཚིག་ཕྲེང་འདིའི་དོན་དག་འབབ་ས་དེ་གང་ཞིག་ཡིན། བརྗོད་གཞི་གཅིག་བརྗོད་སྐབས་ཚིག་དང་དོན་གྱི་མཚོན་ཐབས་མང་པོ་བཀོལ་དགོས་ཟེར་བ་ཨེ་ཡིན། ཡང་ན་བརྗོད་གཞི་གཅིག་ལས་འཕྲོས་ཏེ་དེའི་ངོ་བོ་རང་བཞིན་འབྱུང་ཁུངས་མཇུག་འབྲས་སོགས་ཐམས་ཅད་ལ་ཚོད་དཔག་བྱ་དགོས་ཟེར་བ་ཨེ་ཡིན། གལ་སྲིད་ཕྱི་མ་དེ་ཡིན་ན་ཧ་ཅང་ཐལ་ཆེ་བར་འགྱུར་རོ་སྙམ་ལ། ཡང་ན་གཞན་ཞིག་ལ་གོ་དགོས་སམ། ང་ལ་མཚོན་ན་འདིས་ཅི་ཞིག་རྗོད་ཀྱིན་པ་དངོས་གནས་དཔག་དཀའ།
༢ གོམས་སྲོལ་གྱི་མཛེས་པས་ནམ་ཡང་བདེན་པའི་མཛེས་པ་ལ་འཇིགས་རུང་གི་གཡུལ་ས་བཏིང་། སྙན་ངག་པའི་ཁ་ཕོད་ཀྱང་རྒས་འགྲོ་བའི་ཅ་ལག་ཁོ་ན་རུ་སྣང་བས། ང་ཚོས་ནམ་ཡང་ལྷན་སྐྱེས་ཀྱི་མཛེས་པ་དང་རང་བྱུང་གི་མཛེས་པའི་ཕྱོགས་ལ་དཔུང་འཇུག་བྱེད་དགོས། དེ་ནི་ཆེས་མཐའ་མཇུག་གི་དག་ཞིང་ངམ་བཙན་རྫོང་འཚོལ་སྟངས་དེ་ཡིན།
ཚིག་ཕྲེང་ཐོག་མ་དེ་གོ་མ་སོང་། ཚིག་ཕྲེང་གཉིས་པ་དེ་སྐབས་འདིར་དགོས་མཁོ་མེད་པ་འདྲ། ཚིག་ཕྲེང་བཞི་བ་དེའི་གོ་དོན་ཀྱང་རྙེད་མ་སོང་། བར་མ་དེར་དོགས་སློང་བྱ་རྒྱུར། གལ་སྲིད་སྙན་ངག་པའི་དཔུང་འཇུག་བྱ་ས་དེ་ལྷན་སྐྱེས་དང་རང་བྱུང་གི་མཛེས་པ་ཡིན་ན། རི་བྲག་དབེན་པར་མི་ཚེ་སྐྱེལ་བའི་ཕྱི་ནང་གི་རི་ཁྲོད་པ་ཚོ་ལས་མེད་དུ་བསྒྱུར་སོང་བ་དང་། མིའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཕལ་མོ་ཆེ་སྦྱར་བྱུང་ངམ་བཅོས་སྒྱུར་ཐེབས་ཟིན་པའི་འཇིག་རྟེན་ཞིག་ཡིན་སྟབས་འགྲོ་བ་མིའི་རིགས་ཀྱི་སྙན་ངག་པ་ད་ནས་བཟུང་དངོས་གནས་ཤི་ཟིན་པ་རེད།
༣ སྙན་ངག་པ་བྱེ་བྲག་རིག་གཞུང་ཞིག་གི་ཁ་ལོ་བ་ཡིན་པས། ཚིགས་བཞི་ཙམ་འབྲི་ཤེས་པ་ནི་སྡེབ་སྒྲིག་སྦྱོང་བརྡར་བ་ཙམ་ལས་སྙན་ངག་པར་བརྩི་ག་ལ་རུང་། སྡེབ་སྦྱོར་ཙམ་ཤེས་པས་སྙན་ངག་པར་འཇོག་ན་སྒྱུ་རྩལ་ཚིག་གི་མཚོན་ཐབས་སྣ་ཚོགས་སྤྱོད་པའི་མཐོ་རིམ་མཛེས་རྩལ་བའི་མིང་ལ་ཅི་ཟེར།
ཚིག་ཕྲེང་འོག་མ་བསམ་འཆར་ཅི་ཡང་མེད་མོད། སྙན་ངག་པ་བྱེ་བྲག་རིག་གཞུང་ཞིག་གི་ཁ་ལོ་བ་ཡིན་པས། ཟེར་བ་ནི་ཕྱོགས་གཅིག་ནས་ཅུང་གོ་དཀའ་ལ། རང་ཉིད་ཀྱིས་གོ་ཚོད་ལྟར་ན། སྙན་ངག་པ་ནི་རིག་གཞུང་བྱེ་བྲག་པ་ཞིག་གི་ཁ་ལོ་བའམ་ཁ་ཕྱོགས་སྟོན་མཁན་ཡིན་ཟེར་གྱི་ཡོད་པ་འདྲ། གལ་སྲིད་དེ་འདྲ་ཡིན་ན། སྙན་ངག་པ་ཇི་ལྟར་རིག་གཞུང་ཞིག་གི་ཁ་ལོ་བ་ཡིན་སོང་བ་རེད། སྙན་ངག་པས་བཀོལ་བའི་སྒྱུ་རྩལ་ཐབས་ལམ་དག་རིག་གཞུང་ལས་རིགས་པ་ཚོས་བསྡུ་སྒྲིག་བྱེད་ངེས་པའི་ཆ་ནས་བཤད་ཀྱི་ཡོད་ཚེ། ཁ་ལོ་བ་དེ་སྙན་ངག་པ་གཏན་ནས་མ་རེད། ཡང་ན་ཕྱོགས་གཞན་ནས་གོ་བ་ཇི་ལྟར་ལེན་དགོས་སམ།
༤ སྙན་ངག་འབྲི་བ་ནི་སྒྱུ་རྩལ་གྱི་ཆེད་དུ་ཡིན་པ་ལས། རྩོམ་པ་བོ་རང་ཉིད་ཀྱི་ཆེད་དུ་ག་ལ་ཡིན།
སྙན་ངག་འབྲི་བ་སྒྱུ་རྩལ་གྱི་ཆེད་དུ་རེད་དམ། སྙན་ངག་རང་ཉིད་མ་གཞི་ནས་སྒྱུ་རྩལ་ཞེས་པ་དེ་རེད། ང་ཚོའི་རྩོམ་པ་པོ་ཆེས་ཤིན་ཏུ་མང་པོ་ཞིག་གིས་སྒྱུ་རྩལ་གྱི་ཆེད་དུ་སྙན་ངག་བྲིས་སྟབས། འཚོ་བ་བོར་བའི་སྒྱུ་རྩལ་ཤི་བོ་འདི་དག་གྲུབ་པ་དང་། དེའི་ཕྱིར་རང་རེའི་སྒྱུ་རྩལ་དང་། འཚོ་བ། སྐད་ཡིག སློབ་གསོ་དང་བཅས་པ་ཤི་མིན་རོ་མིན་དུ་འགྱུར་བཞིན་པས། འདི་ནི་ལོག་ལམ་ཞིག་རེད་སྙམ། རྩོམ་པ་པོ་རང་ཉིད་ཀྱི་ཆེད་དུ་ག་ལ་ཡིན་ཞེས་པ་ནི་བདེན་ལུགས་དང་རྒྱུ་འབྲས་ཀྱི་ཆ་ནས་བལྟས་ན་ཁྱེད་ཀྱིས་བཤད་པ་ལྟར་རེད་མོད། དོན་དངོས་ཀྱི་ཆ་ནས་བལྟས་ན་སྐད་ཆ་འདི་བཟང་བོར་རྫུ་བའི་སྐད་ཆ་རྫུན་མ་ཞིག་ཏུ་མཐོང་གི་འདུག༼མ་མཐའ་ཡང་ད་ལྟའི་ང་ཚོའི་རྩོམ་པ་པོ་ཚོར་བལྟས་ན།༽ རྩོམ་པ་པོ་སྐུ་ཉིད་ཀྱིས་ཀྱང་སྔ་ཕྱིའི་རྩོམ་ཡིག་དག་འབྲི་སྐབས་ཀྱི་ཀུན་སློང་ལ་བསྐྱར་ཞིབ་གནང་སྟེ་སྐད་ཆ་དྲང་མོར་བཤད་པའི་རེ་བ་ཡོད།
༥ སྙན་ངག་པས་སྤྱི་ཚོགས་ཀྱི་ཆེས་དམའ་ས་ནས་མཐོ་སར་ལྟ་དགོས་པ་ལས་མཐོ་ས་ནས་དམའ་སར་ལྟ་མི་རུང་། རང་ཉིད་ནམ་ཡང་མི་སྡུག་པ་དང་སྐྱི་གཡའ་བ། མྱ་ངན་དང་འཇིགས་རུང་བ། ཞེ་སྨྲེང་བ་སོགས་ཀྱི་ཀློང་དུ་འགྲིམས་ནས་དག་ཞིང་གི་གཤོག་པ་ཇི་ལྟར་རྙེད་པར་འབད་དགོས།
ངས་བསམ་ན་སྙན་ངག་པས་སྤྱི་ཚོགས་ཀྱི་ཆེས་མཐོ་ས་ནས་དམའ་སར་ལྟ་དགོས། སྐབས་འདིར་བཤད་པའི་སྤྱི་ཚོགས་ཀྱི་ཆེས་མཐོ་ས་ནི་དཔལ་འབྱོར་དང་ཐོབ་ཐང་གི་མཐོ་དམའ་མིན་པར། ཤིན་ཏུ་མང་བའི་སྤྱི་ཚོགས་ཀྱི་ཆོས་ཉིད་དང་། དེ་དག་གི་འགྱུར་ལྡོག་ཡོངས་རྫོགས་མཐོང་བའི་བསམ་བློའི་མཐོ་སར་བརྗོད་པ་ཡིན། ཁྱེད་ཀྱིས་བརྗོད་པའི་མཐོ་དམའ་ཡང་དབང་ཆ་དང་དཔལ་འབྱོར་སོགས་གྲལ་རིམ་གྱི་མཐོ་དམན་མིན་ལས་ཆེ། མདོར་ན་སྙན་ངག་པའི་ཕྱིའི་གྲལ་རིམ་མཐོ་དམན་ལ་ཁྱད་པར་གང་ཡང་མེད་ལ། ཆེས་གཙོ་བོ་བསམ་བློའི་མཐོ་དམན་ཡིན།
༦ སྒྱུ་རྩལ་གྱི་གསར་གཏོད་ནི་སྟབས་བདེ་དང་མཛེས་པའི་ཆེད་དུ་ཡིན་ལ། སྒྱུ་རྩལ་གྱི་མཛེས་པ་ནི་ལྷན་སྐྱེས་རང་བཞིན་དང་རང་བྱུང་རང་བཞིན་ལས་མཆོངས་བསྐྱོད་བྱེད་ཐུབ་པ་ཞིག་ཡིན་དགོས།
ངས་བསམ་ན། སྒྱུ་རྩལ་བཤད་པའི་སྐབས་འདིར་སྒྱུ་རྩལ་དང་མཛེས་པ་གཉིས་ཕན་ཚུན་གང་གི་ཆེད་དུ་ཡིན་མིན་ལ་གླེང་གཞི་ཙམ་ཡང་སླེབས་དཀའ། ལྷག་པར་དུ་སྙན་ངག་གི་མཛེས་པ་ནི་རྦད་དེ་སྙན་ངག་གི་སྒྱུ་རྩལ་རང་ལས་གཞན་དུ་མེད་པས། ངས་བལྟས་ན་ཚིག་འདི་རྟ་སྒ་སྟོང་ལ་ཤོར་བ་དང་འདྲའོ་སྙམ་ལ། སྒྱུ་རྩལ་གྱི་མཛེས་པ་ལྷན་སྐྱེས་དང་རང་བྱུང་གི་མཛེས་པ་ལས་མཆོང་སྐྱོད་བྱ་ཐུབ་དགོས་ན། གོང་དུ་རང་བྱུང་དང་ལྷན་སྐྱེས་ལ་དཔུང་འཇུག་བྱ་ཚུལ་ཞིག་བཤད་པ་ཅི་ཞིག་ཡིན། ཡང་ན་སྐད་ཆ་འདིར་བསྐྱར་ཟློས་ཀྱི་སྐྱོན་ཞིག་འདུག་ལ། ཡང་ན་གོང་ནས་བཤད་པ་དང་ནང་འགལ་རེད་འདུག
༧ དུས་རབས་དང་སྤྱི་ཚོགས་འགྱུར་བཞིན་པ་འདིས་སྙན་ངག་པར་ལྐོག་བརྡ་བཏང་ཚར་བས། རྩོམ་པ་བོས་དེའི་སྔོན་མཆོངས་ཏེ་སྙན་ངག་འབྲི་ཐུབ་པར་བརྩོན་ལེན་བྱེད་དགོས།
བཤད་སྲོལ་ལ་དུས་རབ་བརྒལ་བའི་སྙན་ངག་པ་དང་། སྒྱུ་རྩལ་པ། མཚན་ཉིད་པ་སོགས་བཤད་ཀྱི་ཡོད་མོད། ངས་བསམ་ན། སྙན་ངག་པ་དང་སྙན་ངག་ག་འདྲ་ཞིག་ཡིན་ཀྱང་དེ་ནི་ཚད་ཀྱིས་བཅད་པའི་དུས་རབས་དང་སྤྱི་ཚོགས་ག་གེ་མོ་ཞིག་ལ་ངེས་པར་དུ་གཏོགས་དགོས་པ་ལས། གཞུག་ལ་ལུས་པ་དང་སྔོན་དུ་བུད་པ་གང་འདྲ་ཞིག་ཡིན་ཀྱང་སྙན་ངག་པའི་སྐྱོན་མཚང་ལྡོག་མེད་ཅིག་ཡིན་པ་མ་ཟད། སྙན་ངག་གི་རྒྱུ་འབྲས་བྱུང་རིམ་ལ་བསམ་ན་དེ་འདྲའི་སྙན་ངག་པ་ཞིག་ཤེས་བྱ་ཡིན་ནམ་ཡང་སྙམ་མོ། །
༨ སྙན་ངག་པ་རྣམ་དག་ཅིག་ཡིན་ན་སྙན་ངག་ཡོད་ཚད་རང་བྱུང་དུ་བཞུར་བ་ཞིག་ཡིན་དགོས་པ་ལས་ཨུ་ཚུགས་ཀྱིས་བཙུར་བ་ཞིག་ཡིན་མི་རུང་།
འདི་ནི་སྙན་ངག་པར་གྲགས་པ་ཆེས་མང་པོ་ཞིག་གིས་ཡང་ནས་བསྐྱར་དུ་བསྒྲགས་ཟིན་པ་ཞིག་རེད། སྐབས་འདིར་འདྲི་རྒྱུ་ཞིག་ལ། སྙན་ངག་རང་བྱུང་དུ་བཞུར་སྟངས་དེ་ཇི་འདྲ་ཞིག་ཡིན་ནམ། དེ་ལ་སྤྱི་སྒེར་གང་རུང་གི་འཚོ་བ་སོགས་གང་ལྟར་ཕྱི་རོལ་གྱི་ཆ་རྐྱེན་དང་། བརྗོད་བྱའི་གོ་རིམ་སྒྲིག་སྟངས་སོགས་བློ་བཀོད་ཀྱི་རིམ་པ། གང་ལྟར་མཚོན་རྒྱུ་དང་གང་གིས་མཚོན་རྒྱུ་སོགས་དོན་དང་ཚིག་གི་སྒྱུ་རྩལ་འདོན་ཐབས་ལ་བསམ་བློ་བཏང་ནས་འབྲི་དགོས་པ་ཞིག་ཡིན་ནམ། གཞན་དུ་ཨུ་ཚུགས་ཀྱིས་བཙུར་སྟངས་དེ་ག་འདྲ་ཞིག་ཡིན་ནམ། ཁྱེད་ཀྱིས་བཤད་པའི་སྙན་ངག་འབབ་ཚུལ་ཏེ” སྙན་ངག་འབབ་ཚུལ་ནི་ཚོར་འདུ་གློ་བུར་བས་བསྐུལ་ཏེ་ཐོལ་བྱུང་དུ་སྙུག་རྩེར་བབས་པའི་སྙན་ངག་ལ་གོ” ཞེས་པ་དེ་ཕྲན་གྱིས་ཡང་ཡང་བཀླགས་མོད། ཇི་ལྟར་ཀློག་གྲངས་ཇེ་མང་དུ་སོང་ན་དེའི་ཚོད་ཀྱིས་རབ་རིབ་ཆགས་འགྲོ་བས་ཁ་ཇེ་གསལ་དུ་གཏོང་རྒྱུ་ཨེ་ཡོད།
༩ སྙན་ངག་པ་ཚད་ལྡན་ཞིག་གིས་རང་ཉིད་ཀྱི་སྙན་ངག་བཟོ་བཅོས་ཡང་ཡང་རྒྱག་པ་ནི་རྩ་བའི་ཚོར་འདུ་ལོག་ལམ་དུ་འཇུག་པའི་ཉེན་ཁ་ཨང་དང་བོ་ཡིན།
སྙན་ངག་ལ་བཟོ་བཅོས་བརྒྱབ་ཅེས་པ་ནི་ཕལ་ཆེར་ཚིག་ལ་བཟོ་བཅོས་བརྒྱབ་པར་གོ་དགོས། དོན་བསྒྱུར་བ་ཡང་སྲིད་མོད། གང་ལྟར་མང་ཆེ་བས་སྙན་ངག་ཅིག་གྲུབ་ཕྱིན་ཆད་བཟོ་བཅོས་རྒྱག་པ་ནི་ཚིག་ལ་དམིགས་ཡོད་ངེས། ཚོར་འདུ་ཚིག་གིས་མཚོན་དགོས་པ་ནི་སྨྲོས་མེད་ཡིན་མོད། ཚིག་ལ་རབ་འབྲིང་ཐ་གསུམ་དང་། ནུས་པ་ཆེ་ཆུང་སོགས་དོན་གཅིག་ལའང་རྣམས་གྲངས་ཤིན་ཏུ་མང་བས། ངས་བསམ་ན་སྙན་ངག་པ་ཞིག་གིས་གློ་བུར་དུ་བྲིས་པའི་སྙན་ངག་ཅིག་ལ་ཡང་ནས་བསྐྱར་དུ་བརྟག་ཅིང་དཔྱད་དེ། ཞུན་བརྡར་ཐེངས་མང་བྱས་རྗེས་གཞི་ནས་འགྲེམས་སྤེལ་བྱས་ན་ཕྱོགས་མང་པོར་དགེ་མཚན་ཧ་ཅང་ཆེ་བར་སྙམ། མ་ཟད་སྙན་ངག་པ་ཚད་ལྡན་ཅིག་ཡིན་ན་ཚིག་ལ་བཟོ་བཅོས་ཙམ་གྱིས་ཚོར་བ་བརྗེ་མི་སྲིད་ལ། གལ་སྲིད་བརྗེས་པའི་དབང་དུ་བཏང་རུང་མི་སྐྱོན་ཏེ། ཁྱོད་ཀྱི་སྙན་ངག་དང་མཐུན་པའི་ཚོར་འདུ་ཞིག་གིས་སླར་ཡང་ཚབ་བྱེད་ངེས་པས་སོ། །
༡༠ སྙན་ངག་ནི་ཆོས་ལུགས་ཀྱིས་སེར་བོ་བྱེད་རྒྱུ་མིན་ལ། སྲིད་ལུགས་ཀྱིས་སྔོན་པོ་བྱེད་རྒྱུའང་མིན་པར། ནང་སེམས་ཁམས་ཀྱིས་དམར་བོ་བྱེད་རྒྱུ་དེ་ཡིན།
ངས་བསམ་གྱིན་བསམ་གྱིན་ཚིག་འདི་ཚོ་ནི་དངོས་གནས་དགོད་བྲོ་བོ་ཞིག་བྲིས་འདུག བོད་ཀྱི་ཆོས་ལུགས་པ་ཕལ་མོ་ཆེ་དམར་སེར་ཡིན་སྟབས་ཆོས་ལུགས་ལ་སེར་བོ་དང་། སྲིད་དོན་པ་རྣམས་སྔོན་པོ་ཡིན་པས་སྔོན་པོ། བོད་མིས་སེམས་སུ་འབོད་པའི་ཤ་རྡོག་དེ་དམར་བོ་ཡིན་པས་དམར་བོ་ཞེས་བརྗོད་འདུག་བསམ་ནས་ཐེངས་མང་པོར་ཁེར་དགོད་བྱས་པ་ཡིན། མདོ་དོན་ཚིག་འདིའི་གོ་དོན་གསལ་བོ་ཞིག་མ་རྙེད་མོད། དེ་སྔ་པདྨ་འབུམ་གྱི་<>ཞེས་པ་ཀློག་སྐབས་འདི་དང་ཆ་འདྲ་བ་ཞིག་སྟེ། སྒྱུ་རྩལ་རྩོམ་རིག་ནི་ཆོས་དང་ཆབ་སྲིད། མི་རིགས། ལྟ་གྲུབ་སོགས་གང་གི་ཕྱོགས་ལ་ཡང་མ་ལྷུང་བའི་ངོ་བོ་ཁེར་རྐྱང་བ་ཞིག་དགོས་སྐོར་བཤད་པ་དྲན་གྱི་འདུག ༼ཚིག་ཇི་བཞིན་དྲན་གྱི་མི་འདུག༽ འདི་ཡང་དེ་དང་འདྲ་བར་གོ་བ་བླངས་པ་ཡིན། ལར་ནས་ཆོས་ལུགས་ཀྱིས་སེར་པོར་མ་བྱས་ཤིང་། སྲིད་ལུགས་ཀྱིས་སྔོན་པོར་མ་བསྒྱུར་བའི་མི་ཞིག་གམ་ཡང་ན་སྤྱི་ཚོགས་ཤིག་གང་ན་ཡོད་དམ། དེ་དང་འདྲ་བར་དེ་ལྟ་བུའི་སེམས་ཁམས་དམར་པོ་ཞིག་ཀྱང་ག་ལ་ཡོད་དེ་གཏན་ནས་མི་སྲིད་དོ། དེ་ལྟའི་མི་ཞིག་ཡོད་ན་ཁོས་སྙན་ངག་གཏན་ནས་མི་འཁྱོངས་ཏེ། ཁོ་ལ་དུས་རྒྱུན་སྒྲོག་པའི་དགའ་སྐྱོ་ཆགས་སྡང་ཟེར་བ་སོགས་ཀྱི་གཞི་ཙམ་ཡང་གཟུང་ས་མེད་པའི་ཕྱིར།
༡༡ སྙན་ངག་པས་གཞན་གྱི་རྐང་རྗེས་ལ་རྐང་བ་འཇོག་རྒྱུ་མ་ཡིན་པར། རྐང་རྗེས་དེ་ལས་རྐང་རྗེས་གཞན་ཞིག་ཇི་ལྟར་དཔར་རྒྱུའི་ཕྱོགས་ལ་རིག་པ་བསྒྲིམ་དགོས།
འདི་ནི་ངེས་པར་བདེན་པའི་གཏམ་དུ་མཆི་ནའང། སྙན་ངག་ལ་ཡང་ནས་བསྐྱར་དུ་བཟོ་བཅོས་རྒྱག་པ་དང་རྐང་རྗེས་གསར་པ་གཉིས་ལ་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་ཡོད་སྟབས། ཚོར་འདུ་བརྗེ་བར་དོགས་ནས་བཟོ་བཅོས་སྤངས་དགོས་སམ་རྐང་རྗེས་གསར་པར་རྔམ་ནས་བསྲེག་བཅད་བྱེད་དགོས། སྙན་ངག་པ་སོ་སྐྱེ་ཚོར་འདི་གཉིས་ལས་གཞན་པའི་གདམ་ཀ་མེད་པ་འདྲ།
༡༢ སྙན་ངག་ནམ་ཡང་ཕྱི་དངོས་པོའི་འཇིག་རྟེན་དང་ནང་བསམ་བློའི་འཇིག་རྟེན་ཏེ་འཇིག་རྟེན་གཉིས་ཀྱི་བར་ན་འཕུར་མཆོངས་བྱེད་བཞིན་ཡོད།
སྙན་ངག་འཇིག་རྟེན་གཉིས་ཀྱི་བར་དུ་འཕུར་མཆོང་བྱེད་བཞིན་ཡོད་ཅེས་ན་གོ་བ་ཇི་འདྲ་ལེན་དགོས་སམ། སྙན་ངག་གིས་འཇིག་རྟེན་དེ་གཉིས་ཀྱི་རྣམ་འགྱུར་ཞིག་ཀློག་པ་པོར་སྟོན་གྱི་ཡོད་པའི་གོ་བ་བླངས་ན་འགྲིག་གམ། ངས་བསམ་ན་ཚིག་འདི་གོང་འོག་གི་སྐད་ཆ་མང་པོ་ཞིག་དང་སྐབས་རེ་བསྐྱར་ཟློས་ཀྱི་སྐྱོན་སོང་འདུག་པ་དང་། སྐབས་རེ་འགལ་འདུའི་སྐྱོན་ཡང་ཤོར་འདུག་པ་མ་ཟད། མི་དགོས་སར་ཨུ་ཚུགས་ཀྱིས་བརྗོད་སྟངས་གསར་པ་བཟོས་པས་བརྗོད་དོན་མི་གསལ་བར་གྱུར་པ་མ་ཟད། ཁྱེད་རང་གིས་བཤད་པའི་”ཨུ་ཚུགས་ཀྱིས་བཙུར”ཞེས་པ་ནི་འདི་འདྲ་རེ་ལོས་ཡིན་སྙམ་པའང་བྱུང།
༡༣ སྔོན་ཆད་སྙན་ངག་འབྲི་དུས་སྐད་ཆའི་སྒྱུ་རྩལ་ལས་སྒྱུ་རྩལ་གྱི་བྱེད་ཐབས་བླངས་པ་ཡིན་ལ། ད་ལྟ་སྙན་ངག་འབྲི་དུས་སྨྱུག་རྩེ་ནས་སྒྱུ་རྩལ་གྱི་བདེན་པ་གསར་བཏོད་བྱས་ཏེ་སྐད་ཆ་ལ་སྒྱུ་རྩལ་མཁོ་སྤྲོད་བྱེད་དགོས་པའི་ཆ་ཤིན་ཏུ་མང་།
ཚིག་གོང་འོག་གཉིས་ཀ་བཀླགས་ཀྱིན་བཀླགས་ཀྱིན་མགོ་རྙོག་ཇེ་ཚར་འགྲོ་བས་གོ་བ་གསལ་བོ་ཞིག་གཏན་ནས་མ་ལོན། འོན་ཀྱང་ཚོད་དཔག་གིས་གོ་བ་ཞིག་བླངས་པ་ནི། སྔོན་ཆད་སྙན་ངག་འབྲི་དུས་སྐད་ཆའམ་ཚིག་གི་སྒྱུ་རྩལ་ཁོ་ན་བཀོལ་ནས་སྙན་ངག་བྲིས་པ་ཡིན་ལ། ད་ལྟ་སྙན་ངག་འབྲི་དུས་ཚིག་གི་སྒྱུ་རྩལ་ཁོ་ནས་མི་ཆོག་པར་སྙུག་རྩེ་ནས་ད་དུང་གཞན་ཞིག་གསར་བཏོད་བྱས་ཏེ་དེས་ཚིག་ལ་རོགས་འདེགས་བྱེད་དགོས་པའི་ཆ་ཤིན་ཏུ་མང་ཞེས་པ་དེ་ཡིན། ངས་བསམ་ན། སྔོན་ཆད་དང་ད་ལྟའི་དབྱེ་བ་མེད་པར་བརྗོད་གཞི་གང་ཞིག་ལ་སྙན་ངག་པས་འཆར་སྣང་བརྒྱུད་ནས་བཟོ་ལྟ་སྣ་ཚོགས་བཏོད་པ་ནི་དོན་གྱི་སྒྱུ་རྩལ་ཞེས་པ་ཡིན་ངེས་ལ། དེ་ཇི་བཞིན་ཀློག་མཁན་གྱི་སྤྱན་ལམ་དུ་འདྲེན་མཁན་ནི་ཚིག་ཡིན། མཐར་གཏུགས་ན་དོན་གྱི་བཟོ་ལྟ་ནི་འཆར་སྣང་ཞེས་པ་དེ་ཡིན་ལ། འཆར་སྣང་གི་བཟོ་དབྱིབས་དེ་སྙན་ངག་གི་ལམ་ནས་ཇི་བཞིན་འཁྱོངས་མིན་ནི་ཚིག་ཁོ་ན་ལ་རག་ལས་པས། སྔོན་དང་ད་ལྟ་གང་ལ་མཚོན་ན་ཡང་སྙུག་རྩེ་ནས་ཚིག་ལས་ལྷག་པ་ཞིག་གསར་བཏོད་བྱ་རྒྱུ་མེད་དོ་སྙམ།
༡༥ སྙན་ངག་པས་གླེགས་བམ་དུ་སྐྱེལ་འདྲེན་བྱེད་རྒྱུ་གཙོ་བོ་མིན་པར། སྤྱི་ཚོགས་ཀྱི་རྙོག་འཛིང་ལས་གླེགས་བམ་དུ་འདྲེན་རྒྱུ་གལ་ཆེ།
ཚིག་འདི་གཉིས་ཀྱིས་ཀྱང་ཅི་ཞིག་འཆད་ཀྱིན་པ་གཏན་ནས་ཚོར་མ་བྱུང་མོད། རང་ཚོད་ཀྱིས་གོ་བ་ལྟར་ན་ཆོས་ལུགས་ཀྱིས་སེར་བོར་མ་བྱས་པ་སོགས་དང་འགལ་འདུར་སོང་བ་ཞིག་རེད།
༡༦ སྙན་ངག་འཕེལ་རྒྱས་འགྲོ་མིན་དེ་བརྩམས་ཆོས་ཀྱི་ཁ་གྲངས་མང་ཉུང་དང་འབྲི་མཁན་གྱི་མང་ཉུང་གིས་ཐག་གཅོད་དཀའ་བས། གཙོ་བོ་ནི་འགྲན་བསྡུར་གྱིས་མདུན་སྐྱོད་མཐོ་རླབས་ཤིག་འཕྱུར་མིན་ལ་རག་ལས་ཡོད།
ཚིག་རྐང་ཐོག་མ་དེ་ནི་དེ་ག་རང་དུ་ངེས་མོད། འོག་མ་དེས་ཅི་ཞིག་བརྗོད་འདོད་པ་ཡིན། “འགྲན་བསྡུར་གྱིས་མདུན་སྐྱོད་མཐོ་རླབས”ཞེས་པ་ཇི་ཞིག་ལ་གོ་དགོས་སམ། སྙན་ངག་པ་རྣམས་ཀྱིས་གཅིག་ལ་འགྲན་གྱིས་སྙན་ངག་མང་དུ་རྩོམ་དགོས་པ་དང། དེ་ཡང་ད་ལྟའི་གནས་རིམ་ལས་མདུན་དུ་བསྐྱོད་པའམ་སྤུས་ཚད་ཀྱི་ཆ་ནས་ཡག་ཏུ་གཏོང་དགོས་ཞེས་པ་ཡིན་ནམ། དེ་ཡིན་ན་”བོད་ཀྱི་སྙན་ངག་འཕེལ་རྒྱས་སུ་འགྲོ་དགོས་ “ཞེས་པ་དང་འདྲ་བས་ཕལ་ཆེར་ཅི་ཡང་མ་བརྗོད་པ་དང་ཁྱད་པར་ཅི་ཞིག་ཡོད། སྐབས་འདིར་ངས་བརྗོད་འདོད་པ་ནི། རང་རེའི་སྙན་ངག་པར་རློམ་པ་ཚོས་གཞི་ནས་སློབ་སྦྱོང་བྱེད་པ་དང་། སྤྱི་ཚོགས་ལ་ལྟ་བ། ཉམས་མྱོང་གསོག་པ། རང་ཉིད་ཀྱི་གཤིས་རྒྱུད་ཇེ་དྲང་དུ་གཏོང་བ་བཅས་ནི་རང་རེའི་སྙན་ངག་འཕེལ་རྒྱས་འབྱུང་བའི་གཞི་རྩ་རེད་འདོད།
༡༧ མཇུག་མཐར་སྙན་ངག་ནི་རྩོམ་རིག་ཀུན་གྱི་ཨ་མ་ཡིན་པ་མི་བརྗེད་པར་གྱིས།
ང་ལ་མཚོན་ན། སྙན་ངག་རྩོམ་རིག་ཀུན་གྱི་ཨ་མ་ཡིན་པའི་བརྗོད་སྟངས་འདི་དེ་རིང་གསར་དུ་ཐོས་པ་ཞིག་ཡིན་པས། རིམ་པ་མང་པོ་ཞིག་ལ་འདང་བརྒྱབ་ཀྱང་སྙན་ངག་རྩོམ་རིག་ཀུན་གྱི་ཨ་མར་གྱུར་སྟངས་ཤིག་བློ་ཡུལ་དུ་ཤར་མ་སོང་། བྱུང་རིམ་དང་། ངོ་བོ། རྣམ་པ་གང་ལ་བསམ་ཡང་སྙན་ངག་ལ་”རྩོམ་རིག་གི་ཨ་མ “ཞེས་པ་འདི་ཇི་ལྟར་འབྱོར་མིན་དངོས་གནས་དཔྱོད་པའི་ཡུལ་ལས་འདས་སོང་།
མཐའ་དོན་བཤད་འདོད་པ་ནི། ཐེངས་འདིའི་ཨ་འཇམ་དབྱངས་ལགས་ཀྱི་རྩོམ་ཡིག་གིས་ང་ལ་བྱིན་པའི་མཐའ་སྡོམ་གྱི་ཚོར་སྣང་ནི། ཁོང་གིས་བཤད་པ་ལྟར་”རྣམ་གཡེང་ངང་བྲིས་ཚེ་རང་ཉིད་སྔ་མོ་ནས་བརྩམས་ཆོས་ཀྱི་ཕྱི་རོལ་ཏུ་བུད་ཡོད་པས། སྙན་ངག་ནི་བཅོས་མ་དང་ཕྱི་འབག་ཙམ་དུ་འགྱུར་འགྲོ“ ཞེས་པ་ལྟར། ཁོང་གི་རྩོམ་ཡིག་འདི་འབྲི་སྐབས་རྣམ་གཡེང་ངང་བྲིས་པ་མ་ཟད། རང་ཉིད་སྔ་མོ་ནས་བརྩམས་ཆོས་ཀྱི་ཕྱི་རོལ་དུ་བུད་ཟིན་པ་དེ་ཡིན།
༢༠༠༩།ཟླ་༡༠ ཚེས་༢་ཀྱི་མཚན་མོར།
ཨ་འཇམ་དབྱངས་དང་ཟེར་བ་སོགས། སྙན་ངག་པ་དང་རྩོམ་མཁན་དུ་གྲགས་པ་ཚོར་གང་ལྟར་བསྐྱར་ཞིབ་ཞིག་བྱེད་དགོས་པར་མཐོང་། ང་ཚོས་ལེགས་ལེགས་སོ་ཟེར་བ་རྐྱང་རྐྱང་གིས་ནམ་ཡང་ཕུག་འཁྱོལ་དཀའ་བས། ཤེས་ཡོན་པར་བསྐྱར་ཞིབ་ཀྱིས་མི་གཞི་དང་རང་ཚུགས་འཛོམས་པའི་ཤེས་ཡོན་པ་མངོན་དུ་འཇུག་དགོས་པ་རེད། དེ་མིན་ཡ་གི་མཁས་པ་དང་མ་གི་སྙན་ངག་པ་ཞེས་སྐྱག་འབུ་ལས་གྲངས་མང་པར་བཞག་ན་སྐྱོན་ཆེན་པོ་ཞིག་རེད་དོན།
འབྲོང་ར་དམར་གྱི་མིང་པགས་གོན་པའི་དྲ་གྲོགས་ལགས། སྤྱིར་ཁྱོད་ཀྱིས་གསུངས་པ་དེར་ཤིན་ཏུའང་མོས། བདེན་པ་རང་རེད། སྤྱི་ཚོགས་ནང་དངུལ་ཁ་བླུས་རྒྱག་མཁན་དང་སྲིད་དོན་པའི་ལག་ཆར་སྤྱོད་མཁན་ངས་ཤེས་པ་རྐྱང་རྐྱང་མི་ཉུང་བ་ཞིག་ཡོད་ལ། ད་དུང་ཆེད་དུ་མངགས་ ནས་ཆོས་ཆོལ་ནང་དཀྲུགས་རྒྱག་མཁན། ཡང་གང་ཡང་མི་ཤེས་པར་རྩོམ་པ་པོ་དང་སྙན་ངག་པའི་མིང་བགྲང་མཁན་ཉུང་ཉུང་མིན། ཡིན་ན་ཡང་ཨ་འཇམ་ལྟ་བུར་སྙན་ངག་པ་དང་རྩོམ་པ་པོའི་མཚན་གྲས་སུ་བགྲངས་ན་འོས་ཤིང་འཚམ་པ་ཡིན། ཁོང་གི་སྙམ་རྩོམ་དང་འབོར་རཙོམ་ཁ་ཤས་མཐོང་མྱོང་ཡོད། ད་རེས་དྲ་ཐོག་ནས་རྩོམ་ཡིག་འདི་མཐོང་བར་ཤིན་ཏུ་སྤྲོ།
འབྲོང་རུ་དམར་གྱི་མིང་པགས་གོན་པའི་དྲ་གྲོགས་ལགས། སྤྱིར་ཁྱོད་ཀྱིས་གསུངས་པ་དེར་ཤིན་ཏུའང་མོས། བདེན་པ་རང་རེད། སྤྱི་ཚོགས་ནང་དངུལ་ཁ་བླུས་རྒྱག་མཁན་དང་སྲིད་དོན་པའི་ལག་ཆར་སྤྱོད་མཁན་ངས་ཤེས་པ་རྐྱང་རྐྱང་མི་ཉུང་བ་ཞིག་ཡོད་ལ། ད་དུང་ཆེད་དུ་མངགས་ ནས་ཆོས་ཆོལ་ནང་དཀྲུགས་རྒྱག་མཁན། ཡང་གང་ཡང་མི་ཤེས་པར་རྩོམ་པ་པོ་དང་སྙན་ངག་པའི་མིང་བགྲང་མཁན་ཉུང་ཉུང་མིན། ཡིན་ན་ཡང་ཨ་འཇམ་ལྟ་བུར་སྙན་ངག་པ་དང་རྩོམ་པ་པོའི་མཚན་གྲས་སུ་བགྲངས་ན་འོས་ཤིང་འཚམ་པ་ཡིན། ཁོང་གི་སྙམ་རྩོམ་དང་འབོར་རཙོམ་ཁ་ཤས་མཐོང་མྱོང་ཡོད། ད་རེས་དྲ་ཐོག་ནས་རྩོམ་ཡིག་འདི་མཐོང་བར་ཤིན་ཏུ་སྤྲོ།