གནས་ཚུལ་མཁོ་སྤྲོད་པ། དཀོན་མཆོག་རྒྱ་མཚོ།
ཟླ་འདིའི་ཚེས་༡༥ ནས་མདོ་སྨད་རྔ་ཡུལ་ཨ་འདུས་ཡུལ་ཚོ་རུ་ཨ་འདུས་ཡག་འགོ་དགོན་ཚུགས་ནས་ལོ་ངོ་ཧྲིལ་པོ་ ༦༢༠ འཁོར་བའི་རྟེན་འབྲེལ་ཆོས་སྟོན་ཆེན་མོ་ཞིག་འཚོགས་བཞིན་ཡོད་ལ། འདི་ལྟར་འཚོགས་དགོས་དོན་ནི་དགོན་པ་འདི་ཉིད་འདེབས་པོ་ཚ་ཁོ་དབོན་པོ་ངག་དབང་གྲགས་པའི་མཛད་པ་རྗེས་དྲན་དང་། དགོན་པ་འདིར་ཆོས་དང་རིག་གནས་ཀྱི་བྱ་བཞག་རྒྱུན་འཛིན་དང་དར་སྤེལ་ཡོང་ཕྱིར་རེད་འདུག
དགོན་པ་འདིའི་ཆོས་སྟོན་མཛད་སྒོའི་ཐོག་ཏུ་༧ གོང་ས་མཆོག་དབུས་པའི་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་ཁག་གིས་ཤིས་ཚིག་བསྩལ་གནང་ཡོད་པ་དང་། རྔ་ཡུལ་ཕྱོགས་ཀྱི་དགོན་པ་ཡོངས་གདན་ཞུ་བྱས་ཡོད་པ་མ་ཟད། མཛད་སྒོ་དེར་༧རྗེ་དམུ་དགེ་བསམ་གཏན་ཚང་གི་དངོས་སློབ་དགེ་བའི་བཤེས་གཉེན་ཆེན་པོ་སྐྱབས་རྗེ་རས་ཆུང་བ་ཚང་དང་། ཁམས་སེལ་ཤུལ་གྱི་དགེ་བའི་བཤེས་གཉེན་འཇམ་དཔལ་བློ་ཤེས་སོགས་གདན་ཞུས་གནང་འདུག་ལ། དེ་བཞིན་དགོན་མ་ལག་བརྒྱ་དང་བརྒྱད་ཀྱི་མཐའ་མ་ད་ཚང་དགོན་གྱི་སྐུ་ཚབ་སོགས་ཀྱང་ཕེབས་འདུག
སྐབས་འདིར་ཡུལ་དུས་བབ་བསྟུན་གྱིས་གླུ་ལེན་དང་བྲོ་འཁྲབ་སོགས་སྤྲོ་སྐྱིད་ཀྱི་རྣམ་པ་གང་ཡང་མེད་པར་གདན་ཞུས་དགེ་བཤེས་རྣམ་པས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་། དབང་ལུང་མན་ངག་གནང་བ་དང་ཤེས་ཡོན་སློབ་གསོ་སྤྲད་པ་སོགས་བྱས་འདུག་ལ། མ་ཟད་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཕྱོགས་མཐའི་དགེ་འདུན་པ་སྟོང་ཕྲག་ལྷག་གིས་མཚན་ཐུན་ལ་གཞུང་བཀའ་པོད་ལྔའི་དམ་བཅའ་བཞག་པ་དང་། རྩོད་གྲྭ་འཚོགས་པ་སོགས་ཆོས་ཀྱི་བྱ་བཞག་ལ་སྒོ་གང་ཐད་ནས་བྱ་བ་ལེགས་གྲུབ་བྱུང་ཡོད་འདུག
མཛད་སྒོ་འདི་ནི་དགོན་མ་ལག་བརྒྱ་དང་བརྒྱད་དེ་གང་ན་གང་ཡོད་ཀྱི་དགོན་པ་དག་གི་མཁན་ལས་སྣེ་སོགས་གཙོས་ཨ་འདུས་དགོན་གྱི་ལྷ་སྡེ་ཨ་འདུས་དཔོན་ཁག་བརྒྱད་དང་། ཕྱི་འབྲོག་འཚེ་རུ་མ་དང་བཅས་ཀྱིས་མཉམ་སྦྲེལ་གྱིས་སྤེལ་བ་ཡིན་འདུག
ཨ་འདུས་ཡག་འགོ་དགོན་དགའ་ལྡན་ཐུབ་བསྟན་རབ་རྒྱས་གླིང་ནི། ཤར་རྒྱལ་བ་ཙོང་ཁ་པའི་བསྟན་པ་ཕྱོགས་མཐར་སྤེལ་བར་ཁུར་དུ་བཞེས་པའི་ཚ་ཆེན་དབོན་སློབ་ངག་དབང་གྲགས་པས་མདོ་ཁམས་སྨད་དུ་དགོན་མ་ལག་བརྒྱ་དང་བརྒྱད་ཕྱག་བཏབ་མཛད་པའི་ཐོག་མ་ཡིན་ལ། འདི་ཐོག་མར་འཛུགས་པའི་སྐབས་སུ་བཀྲ་ཤིས་པ་བྱུང་བའི་ཆ་ནས་ཡག་འགོ་དགོན་པ་ཞེས་ཐོགས་པ་ཡིན་འདུག དགོན་པ་འདི་ནི་མདོ་སྨད་རྔ་ཡུལ་སྟོད་ཀྱི་ཆར་ཆགས་ཡོད་ལ། གྲུབ་མཐའ་དགེ་ལུགས་དང་སྔོན་སྲོལ་བྱས་ན་དགོན་པ་འདིའི་ཁྲི་པ་དགའ་ལྡན་ཤར་རྩེ་གྲྭ་ཚང་གིས་གཏོང་སྲོལ་ཡོད་འདུག
དགོན་པ་འདི་ནི་༧་རྒྱལ་མཆོག་སྐུ་ཕྲེང་བརྒྱད་པའི་མཚན་ཞབས་མཚེ་ཤར་རྩེ་མཁན་པོ་བློ་བཟང་ཆོས་གྲགས་མཆོག་གིས་བདག་སྐྱོང་བྱས་ཏེ། དུས་ད་ལ་ཐུག་གི་བར་བླ་མ་འདིའི་ཡང་སྲིད་དག་གིས་བདག་སྐྱོང་བྱེད་བཞིན་ཡོད་འདུག དགོན་པ་འདི་ནི་མི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་དགེ་ ལུགས་ ཀྱི་ཆོས་སྡེ་རྙིང་ཤོས་ཤིག་ཡིན་འདུག་ལ། འདིར་ལྷ་སྡེ་ཨ་འདུས་དཔོན་ཁག་བརྒྱད་དང་འབྲོག་སྡེ་འཚེ་རུ་མ་བཅས་ཡོད་ལ། དགེ་འདུན་པ་གྲངས་སུམ་བརྒྱ་ལྷག་ཅིག་ཡོད་འདུག
འོ་་ངོ་མ་ཡག་གི་་་་་་བལྟས་ན་དགོན་པ་ནི་རྫིག་ཐག་ཆོད་འདུག
རྟེན་འབྲེལ་གྲངས་མེད་ཞུ།
འདི་དང་འབྲེལ་ནས་ཚ་ཁོ་ངག་དབང་གྲགས་པའི་ལོ་རྒྱུས་མདོར་བསྡུས་ཞིག་ཀྱང་ཡོད་ན་ཅི་མ་རུང་སྙམ་པ་བྱུང་།
རྒྱུས་ཡོད་ཞིག་གིས་འདིར་བཀོད་ཐུབ་ན་ཡག་པོ་འདུག དགོན་རྙིང་གྲགས་པ་ཅན་དང་གོས་རྙིང་ལྷན་པ་ཅན་ཟེར་སྲོལ་ཡོད་ནི་རེད། རྩ་ཆེན་རེད།
གང་ལྟར་ཡག་པོ་བྱུང་འདུག
དགའ་བསུ་ཡོད་ལགས།
༄༅། །ཚ་ཁོ་ངག་དབང་གྲགས་པའི་མཛད་རྣམ་མདོར་བསྡུས་བཞུགས་སོ།།
དེ་ཡང་དཔལ་རི་བོ་དགེ་ལྡན་པའི་བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བརྒྱད་ཀྱི་ནང་ཚན། མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ་ངེས་དོན་མཁས་དང་གྲུབ་པའི་དབང་ཕྱུག་ཆེན་མོ་རྗེ་མཁན་ཆེན་ངག་དབང་གྲགས་པ་མཆོག་ནི་རྒྱལ་རོང་སོ་མང་རྒྱལ་བོའི་མངའ་ཁོངས་ཁུ་འཇོ་སྡེ་བར་རབ་བྱུང་དྲུག་པ་སྟེ་དུས་རབས་བཅུ་བཞི་བའི་ནང་འཁྲུངས་ཤིང་ཆུང་དུས་བོན་པོའི་ཆོས་ལའང་སློབ་གཉེར་མཛད་པར་གྲགས། ཆུང་དུས་ནས་དྲིལ་བུ་དཀྲོལ་བ་སོགས་རྣམ་དཀར་ཡོན་ཏན་གྱི་ཕྱོགས་ལ་རིགས་སད་ཅིང་ཕྱིས་སུ་དབུས་གཙང་དག་པའི་ཞིང་ལ་ཕེབས་ཏེ་མཉམ་མེད་ཙོང་ཁ་པ་ཆེན་པོ་རྗེ་བློ་བཟང་གྲགས་པ་དང་མཇལ། རྗེ་རིན་པོ་ཆེའི་དྲུང་དུ་རབ་ཏུ་བྱུང་ནས་ངག་དབང་གྲགས་པ་ཞེས་མཚན་གསོལ། རྒྱལ་བའི་གསུང་རབ་ཐམས་ཅད་ལ་སྦྱངས་པ་མཛད་དེ་ངེས་དོན་གྱི་མཁས་པ་ཆེན་པོར་གྱུར།
སྤྱི་ལོ་༡༣༨༣ལོར་རྗེ་བདག་ཉིད་ཆེན་པོ་འོད་ཀྱི་ལྷ་ཁང་ཀེ་རུར་བཞུགས་སྐབས། ཚ་ཁོ་དཔོན་པོ་སོགས་སྡེ་སྣོད་འཛིན་པ་མང་བོ་ཞིག་ལ་ཕར་ཚད་དབུ་མ་སོགས་ཆོས་མང་དུ་གསུངས་པའི་ཚུལ་ནི། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས། ཚ་ཁོ་དཔོན་པོ་མཁན་ཆེན་ངག་དབང་གྲགས་པ་ཕྱག་ཕྱི་ལ་ཁྲིད་ནས། ལྷ་སར་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་ནས་སྨྱུང་གནས་མང་དུ་མཛད། དེ་དུས་ནུབ་གཅིག་གི་ཚེ་དཔོན་སློབ་གཉིས་ཀྱིས་གསོལ་བ་དྲག་ཏུ་བཏབ་ནས་མནལ་ལམ་གྱི་ལྟས་བརྟགས་པས། ཚ་ཁོ་བ་ལ་དུང་དཀར་ཆེན་པོ་གཉིས་ནམ་མཁའ་ལས་བབས་ནས་ཁོང་གི་ཐུ་བར་ལྷུང་བྱུང་བ། དེ་མ་ཐག་དེ་གཉིས་འདྲེས་ནས་གཅིག་ཏུ་སོང་འདུག དེ་ལག་ཏུ་བླངས་ནས་བུས་པས་སྒྲ་ཆེན་པོ་དཔག་ཏུ་མེད་པ་བསྒྲགས་པ་ཞིག་རྨིས་འདུག་སྟེ། ཕྱིས་ཁོང་གིས་རྒྱལ་མོ་རོང་གི་སྨད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ་འཕྲིན་ལས་རྒྱ་ཆེན་པོ་བྱུང་འདུག་པ་དེའི་ལྟས་ཡིན་པ་འདྲ་ཞེས་གསུངས་སོ།།
དེ་ནས་རྗེ་རིན་པོ་ཆེས་བཀའ་སློབ་མང་དུ་གནང་ཞིང༌། ཁྱད་པར་དུ་ས་གསུམ་གྱི་སྒྲོན་མེ་གཅིག་བུ་ལམ་གཙོ་རྣམ་གསུམ་མཛད་ནས། ཁོང་ལ་བསྩལ་བ་བསྣམས་ནས་ཕྱིར་མདོ་སྨད་དུ་ཕེབས། རྗེ་རིན་པོ་ཆེས་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་། ལམ་གཙོ་རྣམ་གསུམ་ཡང་རྒྱལ་སྲས་འདིའི་དོན་དུ་ཡི་གེར་འགོད་པར་མཛད་ཅེས་གསུངས། མདོ་སྨད་དུ་མ་ཕེབས་པའི་སྔོན་ལ་མཉམ་མེད་ཙོང་ཁ་བ་ཆེན་པོས། བྱང་ཆུབ་སེམས་དཔའ་རྟག་ངུའི་རྟོགས་བརྗོད་མཛད་དུས་དྲུང་ཡིག་ཀྱང་རྗེ་འདིས་གནང་བ་ནི། རྟོགས་བརྗོད་དེའི་མཛད་བྱང་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྟོགས་པ་བརྗོད་པ་སྙན་དངགས་དཔག་བསམ་གྱི་ལྗོན་པ་ཞེས་བྱ་བ་འདི་ནི། དལ་འབྱོར་གྱི་ལྷུན་པོ་བསླབ་གསུམ་ནོར་བུའི་ཡོན་ཏན་དུ་མས་བརྗིད་ཅིང་ལུང་དང་རིགས་པ་བསྟན་པ་རྒྱ་མཚོའི་དཔལ་ལས་འཁྲུངས་པ། དགེ་བའི་བཤེས་གཉེན་བྱང་ཆུབ་བླ་མས་བསྐུལ་ནས། མཐོ་རིས་ཀྱི་ཡོན་ཏན་དུ་མ་དང་ལྡནཞིང༌། ཚུལ་ཁྲིམས་དང་ཐོས་པའི་རྒྱན་གྱིས་མཛེས་པ་དགེ་བའི་བཤེས་གཉེན་འཇམ་དཔལ་གྱིས་མཐུན་རྐྱེན་ཉེ་བར་སྦྱར་ཏེ། མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ཕུན་སུམ་ཚོགས་པའི་བདག་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ཆོས་ཀྱི་རྗེ་དོན་གྲུབ་རིན་ཆེན་གྱི་ཞབས་རྡུལ་སྤྱི་བོས་ལེན་ཞིང༌། སྐད་གཉིས་སྨྲ་བའི་དབང་བོ་ནམ་མཁའ་བཟང་བོ་དང༌། ཐམས་ཅད་མཁྱེན་པ་དཔལ་ལྡན་ས་སྐྱ་བ་གཞོན་ནུ་བློ་གྲོས་ཀྱི་དྲིན་ལས་སྙན་དངགས་དང་ཚིག་རྒྱན་གྱི་བསྟན་བཅོས་ལ་བློའི་སྣང་བ་ཐོབ་པ། ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་བ་ནི་བློ་གྲོས་ཀྱི་བང་མཛོད་སྔགས་དང་མཚན་ཉིད་དུ་མའི་ནོར་བུས་གཏམས་པའི་སྙན་ངག་མཁན་ཚ་ཁོ་བ་ངག་དབང་གྲགས་པའོ་ཞེས་གསུངས་སོ།།
གཞན་ཡང་རྗེ་འདིས་རོང་བོ་ལྗགས་ནག་པ་རབ་ཏུ་བྱུང་བའི་ལས་གྲྭ་མཛད་ཚུལ་ནི། རོང་བོའི་རྣམ་ཐར་དཔག་བསམ་ཡོངས་འདུའི་ལྗོན་པར། རབ་ཏུ་མ་བྱུང་བ་རྗེ་ཉིད་ལ་ཞུས་པས། ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་དང༌། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། འཇམ་དཀར་བ་དཔལ་ལྡན་བཟང་བོ། གནས་བརྟན་རིན་ཆེན་རྒྱལ་མཚན་པ་སོགས་ཀྱི་སྤྱན་སྔར་རབ་ཏུ་བྱུང༌ཞེས་གསུངས།
ལྗགས་ནག་པ་རབ་ཏུ་བྱུང་དུས་ཆུ་སྤྲེལ་སྤྱི་ལོ༡༣༩༢ལོ་ཡིན། རོང་བོའི་རྣམ་ཐར་དཔག་བསམ་ཡོངས་འདུས་ལྗོན་པར། དེ་ནས་ཚ་ཁོའི་དཔོན་ནི་སྟག་ལོའི་ལོ་འགོར་རང་ཡུལ་དུ་བྱོན། རོང་བོ་ལྗགས་ནག་པ་ནི་ཡོས་ཀྱི་དབྱར་ཟླ་ར་བ་ལ་མར་ཕེབས་པ་ཡིན་ནོ།། ཞེས་དང༌། མདོ་སྨད་ཆོས་འབྱུང་དུའང་འདི་བ་ལྕགས་སྟག་སྤྱི་ལོ༡༤༡༠ལོའི་ལོ་མགོར་མདོ་སྨད་དུ་བྱོན། ལྕགས་ཡོས་ཏེ་སྤྱི་ལོ༡༤༡༡ལོའི་དབྱར་ཟླ་ར་བ་ལ་ལྗགས་ནག་པ་ཡང་བྱོན། ཞེས་པ་རྣམ་ཐར་ཡོངས་འདུས་ལྗོན་པར་བསྟུན་པ་ཡིན་གསུངས་མོད། ལྕགས་སྟག་སྤྱི་ལོ༡༤༡༠ལོ་ནི་རྗེས་དགའ་ལྡན་བཏབ་པའི་ཕྱི་ལོ་ཡིན་ལ། དེའི་སྔོན་ས་སྟག་སྤྱི་ལོ༡༣༩༨ལོར་རྗེས་རྟེན་འབྲེལ་བསྟོད་པ་བརྩམས། དེ་ནས་སྟོན་འོལ་ཁའི་འགར་ཕུག་ཏུ་བྱོན། འོལ་ཁའི་དགེ་འདུན་རྣམས་ལ་ཆོས་གསུངས། དེ་ནས་གཡེའི་ཏེའུ་རར་བྱོན། དབྱར་བཞུགས་མཛད། གཡེའི་དགེ་འདུན་རྣམས་ལ་ཆོས་མང་དུ་གསུངས། རྗེ་གཡེའི་ཏེའུ་རར་བཞུགས་དུས་རྗེ་དགུང་ལོ་ཞེ་གསུམ་པ་ས་ཡོས་སྤྱི་ལོ༡༣༩༩ལོ་ཡིན་པར་གསལ། ངག་དབང་གྲགས་པས་མདོ་སྨད་ཀྱི་ཡུལ་དུ་དགེ་ལྡན་རིང་ལུགས་དྲི་མ་མེད་པ་འཛིན་པའི་ཆོས་སྡེ་བརྒྱད་རྩ་བརྒྱད་བཏབ་པར་གྲགས་པ་རྣམས་འདིའི་སྔོན་ནས་བཏབ་པ་ཡིན་དགོས་ཏེ། རྗེ་ཏེའུ་རར་བཞུགས་སྐབས་ངག་དབང་གྲགས་པས་རྒྱལ་མོ་ཚ་བ་རོང་ནས་དགོན་སྡེ་གྲངས་བཅད་ཅིག་འཛུགས་རྒྱུའི་དམ་བཅའ་ཕུལ་བ་ལྟར་གྲུབ་པའི་གནས་ཚུལ་ཞུ་ཡིག་ཕུལ་བའི་ལན་དུ། འཕྲིན་ཡིག་གནང་བ་ལས།
བློ་ལྡན་ཁྲོད་ཀྱི་ཐུབ་བསྟན་ཉི་མའི་འོད། །
གང་དང་བྲལ་བའི་མཐའ་འཁོབ་མུན་གླིང་དུ། །
ཐུབ་པའི་བརྟུལ་ཞུགས་དྲི་མེད་འཛིན་པ་ཡི།།
ཤཱཀྱའི་སྲས་ཀྱིས་གང་བར་བྱས་ཞེས་གྲགས། །
ཞེས་དང༌། ཨེའི་ས་ཕྱོགས་དབེན་གནས་ཏེའུ་ར་ནས་སྤྲིངས་པ་དགེ་ལེགས་སུ་གྱུར་ཅིག ། ཅེས་གསུངས་པ་ལྟར། དེ་དུས་ངག་དབང་གྲགས་པས་དགོན་པ་རྣམས་བཏབ་ཚར་བ་ཤིན་ཏུ་གསལ་ཏོ། །
དེའི་རྗེས་སུ་ཡང་མཉམ་མེད་ཙོང་ཁ་བ་ཆེན་པོས། ཆུ་རྟ་སྤྱི་ལོ༡༤༠༢ལོར་ལམ་རིམ་ཆེན་མོ་མཛད། དེ་དུས་ངག་དབང་གྲགས་པ་མར་ཕེབས་ཟིན་པས་ལམ་རིམ་གྱི་དཔེ་ཆ་ཚ་ཁོ་བ་ལ་མར་གནང་བ་སྤྱི་བོར་སྨིན་པའི་ལན་དུ་འཕྲིན་ཡིག་དང༌། གོས་དམར་སྨུག་དང༌། མཆིལ་ལྷམ་ཟུང་བཅས་ཡར་ཚ་ཁོ་བའི་སྐུ་དྲིན་གྱིས་རབ་ཏུ་བྱུང་བ་འགའི་ཕྱག་ཏུ་ཕུལ་བའི་འཕྲིན་ལན་ཡང༌། རྗེ་རངཉིད་ཀྱིས་གསུངས་པ་གསུང་ཐོར་བུར་བཞུགས་པ་ལྟར་རོ། །
ཚ་ཁོ་ངག་དབང་གྲགས་པའི་རྣམ་ཐར་ནི། རྗེ་མཉམ་མེད་ཙོང་ཁ་བ་ཆེན་པོས་མཛད་པ་རྣམས་དང་གུང་བསྒྲིགས་ནས་ཤེས་དགོས་པ་ལས་ཁོང་གི་རྣམ་ཐར་གཞན་གསལ་བོ་ཞིག་ཤིན་ཏུ་དཀོན་པས་མ་མཐོང་ངོ༌།།
རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ་ནི། རྗེ་མཉམ་མེད་ཙོང་ཁ་བ་ཆེན་པོའི་སྲས་ཀྱི་ཐུ་བོ་ཡིན་ཡང༌། རྫིང་ཕྱིའི་ཇོ་བོ་བྱམས་པར་ཞིག་གསོས་མཛད་སྐབས་དང༌། གཉལ་གྱི་ཕྱོགས་སུ་ཆོས་གསུངས་སྐབས། ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚུགས་སྐབས། གདན་ས་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་སྐབས་སོགས་སུ་དབུས་གཙང་དུ་བཞུགས་ཡོད་པ་རྗེ་ཡབ་སྲས་ཀྱི་རྣམ་ཐར་གང་དུ་ཡང་མི་སྣང་ལ་ཐ་ན་གསུང་སྒྲོས་ཙམ་ཡང་མ་མཆིས་སོ།།
བྱ་བྲལ་ལ་མ་ཐེགས་གོང་ཞེས་པའི་ཚིག་ཟུར་ལས་ཀྱང་ཆུ་སྤྲེལ་སྤྱི་ལོ༡༣༩༢ལོར་ཨ་མདོར་ཕེབས་པར་མངོན། རྗེ་ཚ་ཁོ་ངག་དབང་གྲགས་པའི་འཁྲུངས་རབས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་ཞིག་ཡོད་ལ། མཁས་གྲུབ་ཐམས་ཅད་མཁྱེན་པས་ཀྱང༌། མཐའ་ཡས་པའི་ཡོན་ཏན་རིན་པོ་ཆེ་དུ་མས་ཉེ་བར་མཛེས་པའི་མཁན་ཆེན་ཚ་ཁོ་བ་ངག་དབང་གྲགས་པ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་ནི་དེ་ཉིད་ཀྱི་དཔོན་པོ་ལུང་དང་རྟོགས་པའི་རྒྱན་དང་ལྡན་པ། བླ་མ་དཔལ་ལྡན་ཆོས་ཀྱིས་གྲགས་པའི་གསུང་གིས་བསྐུལ་ནས། མང་དུ་ཐོས་པའི་བཙུན་པ་དགེ་ལེགས་དཔལ་བཟང་བོས་སྦྱར་བའོ། །ཞེས་དང༌།
ཡང་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་བསྟོད་པའི་མཇུག་བྱང་ལས། ཞེས་མཐའ་འཁོབ་འདུལ་བའི་མཆོག་འཕགས་པ་ཀ་ཏ་ཡ་ན་དང་ཆོས་མཚུངས་པ་རྗེ་བླ་མའི་ནང་ཐུགས་ཀྱི་སྲས་པོ་མཁན་ཆེན་ངག་དབང་གྲགས་པ་ལ་བསྟོད་པའི་རབ་ཏུ་བྱེད་པ་འདི་ནི། སྔར་དོན་གཉེར་ཅན་དུ་མས་རྣམ་ཐར་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་ཡང༌། ས་བོན་མེད་སྟབས་རིམ་འགྱངས་སུ་སོང་བ་ལས། ཉེ་ཆར་མཁན་ཆེན་སྐུ་གདུང་ལ་མཇལ་སྐབས་རང་རྒྱུད་དད་པས་ཉེ་བར་བསྐུལ་ཞིང༌། རྣམ་ཐར་ཡང་ཞིབ་ཏུ་བརྟགས་ཚེ་རྗེ་བླ་མས་དགྱེས་པའི་ཞལ་བཞེས་དང༌། ཐུན་མོང་བ་ལམ་གཙོ་རྣམ་གསུམ་ཐུན་མོང་མ་ཡིན་པ་འཇིགས་བྱེད་ཀྱི་རིམ་གཉིས་གདམས་པའི་ཡིག་ཆུང་དུ་མ་བཅས་བསྩལ་བ་རྣམས་གུང་བསྒྲིགས་ན། དེང་དུས་བླ་མས་བཤད་ལོ་དང༌། སློབ་མས་ཐོས་ལོའི་རྣམ་གྲངས་གང་ཁོམ་དུ་བྱས་པ་ལྟ་བུ་མ་ཡིན་པར། རྒྱ་གར་གྲུབ་ཆེན་རྣམས་ལ་ལྷ་དང་བླ་མས་ཉམས་རྟོགས་ཀྱི་རིམ་པ་དང་བསྟུན་ནས་གདམས་ངག་འབོག་པའི་རིམ་པ་ཇི་ལྟ་བ་བཞིན་ཡིན་འདུག་པས་དེ་ཉིད་གཞིར་བྱས་ཏེ། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་མཆོད་སྡོང་རིན་པོ་ཆེའི་མདུན་ནས་འཕྲལ་དུ་སུག་བྲིས་བགྱིས་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིགཅེས་གསུངས་པ་ལྟར། རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པའི་ཡོན་ཏན་དེ་ལྟར་ལ། མཆོད་སྡོང་རིན་པོ་ཆེ་བཞུགས་ཡུལ་ནི་ད་ལྟ་རྔ་བ་ཁུལ་འབར་ཁམས་རྫོང་དུ་གཏོགས་ལ། འབར་ཁམས་ནས་ཡར་ཅོག་ཙེ་རྒྱལ་སའི་བར་སྤྱི་ལེ་བརྒྱད་དང༌། དེ་ནས་བཙན་ལྷ་རྫོང་ལ་འགྲོ་བའི་གཞུང་ལམ་བརྒྱུད་སྤྱི་ལེ་བཅུ་དྲུག་ཡས་མས་ནས་ཡར་ལ་བརྒྱབ་ན་ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང་དུ་གཡོན་ལ་རྗེ་ངག་དབང་གྲགས་པའི་སྐུ་གདུང་དང༌། གཡས་སུ་ཁོང་གི་དཔོན་པོ་ཆོས་ཀྱི་གྲགས་པའི་སྐུ་གདུང་བཞུགས།དམར་དམག་རྒྱང་བསྐྱོད་སྐབས་མེ་རུ་བསྒྲོན། དེའི་རྗེས་སུ་ཅོག་རྒྱལ་བསོད་ནམས་ཚེ་རིང་གིས་ཞིག་གསོས་བྱས་ཏེ་ས་རྡོའི་མཆོད་རྟེན་ལེགས་པ་ཞིག་བཞེངས་ནས་གདུང་རུས་རྣམས་ཤུག་པའི་ཟོ་བར་བླུགས་ཏེ་མཆོད་རྟེན་གྱི་བུམ་པར་བཞུགས་སུ་གསོལ། དེའི་སྒོ་ཁྱིམ་དུ་རྗེ་སྐུ་བཅས་བཞུགས་པ་རིག་གནས་གསར་བརྗེའི་བར་གནས། མཆོད་རྟེན་ཅུང་ཟད་ཞིག་ཆུ་ཁྱི་སྤྱི་ལོ༡༩༨༢ལོའི་སྤྱི་ཟླ་༡༡པའི་ཚེས་༡༡ཉིན་སྣང་བ་མཐའ་ཡས་མི་ཡི་གར་རོལ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བས་སྒོར་ལྔ་སྟོང་གནང༌། ཆུ་ཕག་སྤྱི་ལོ༡༩༨༣ལོར་ཡང་སྒོར་ལྔ་བརྒྱ་གནང་བ་བཅས་ཁྱོན་ལྔ་སྟོང་ལྔ་བརྒྱས་ལོ་དེར་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་མཆོད་རྟེན་ཞིག་གསོས་བྱས་གདུང་རུས་རྣམས་དཀར་ཡོལ་གྱི་ཟ་མ་ཏོག་ཏུ་བཞུགས་སུ་གསོལ། དབུ་ཐོད་ཀྱི་དུམ་བུ་ཞིག་གི་དངོས་སུ་ཤིན་ཏུ་གསལ་བའི་ཨོཾ་ཡིག་དང༌། གཞན་ཡང་ཡིག་འབྲུའི་རྣམ་པ་མང་བ་དང༌། རབ་གནས་ཀྱི་དུས་འཇའ་འོད་སོགས་ངོ་མཚར་བའི་ལྟས་བཅས་འགྲོ་བ་དུ་མའི་མཐུན་སྣང་དུ་བྱུང༌། དེའི་ལུང་བར་རྒྱ་མི་ནགས་གཅོད་མཁན་ཚོ་ཁག་ཅིག་ཡོད་པ་དེ་རྣམས་ཀྱིས། གསེར་སྡོང་རིན་པོ་ཆེ་ཡོད་སར་འོད་སྣང་ཆེན་པོ་ཤར་ཟེར་ནས་རྒྱ་མི་རྣམས་མཇལ་མཁན་མང༌། དེར་རྡོ་ལེབ་ཆེན་པོ་ཞིག་གི་ངོས་ལ།
༄༅།།ཨོཾ་སྭ་སྟི།གང་གིས་ཐུགས་རྗེའི་ཞགས་པས་མཁའ་ཁྱབ་འགྲོ། །
དམ་དུ་འཆིང་བའི་སྙིང་སྟོབས་ཕུལ་བྱུང་བས། །
རྒྱལ་བསྟན་མཛད་པའི་ཁུར་ཆེན་ཁྱེར་བ་ལ། །
འགྲན་བྲལ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །
གཤིན་རྗེ་གཤེད་སྒྲུབ་ཆོས་སྐྱོང་བྲན་དུ་ཁོལ། །
ལྟ་ལོག་ཚར་བཅད་ཐུབ་བསྟན་ཕྱོགས་མཐརསྤེལ། །
བློ་བཟང་རྒྱལ་བའི་ཐུགས་ཀྱི་སྲས་སུ་གྱུར། །
ངག་དབང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་སོགས་རྡོ་ལེབ་ངོས་གང་བོར་ཡི་གེ་ཡོད། རྗེ་ཚ་ཁོ་བ་ངག་དབང་གྲགས་པའི་འཁྲུངས་རབས་ནི། སྔོན་བྱང་ཆུབ་སེམས་དཔའ་དགའ་བའི་ཏོག་ཏུ་འཁྲུངས་ཏེ་ཀླུའི་རྒྱལ་བོ་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུ་སེམས་བསྐྱེད་པའི་རྫས་སུ་ཕུལ་ནས་ཐུགས་བསྐྱེད། དེ་ནས་འཕགས་པ་མ་འགགས་པ། དཔལ་འབྲས་རྡོ་རྗེ། ཅོག་རོ་ཀླུའི་རྒྱལ་མཚན། སློབ་དཔོན་དྷརྨ་པཱ་ལ། སློབ་དཔོན་ཟླ་བ་གཞོན་ནུ། བྱང་སེམས་ཟླ་བ་རྒྱལ་མཚན། དཔལ་ལྡན་དགོན་པ་བ། སྐྱེར་སྒང་བ། ཀེའུ་ཡེ་ཤེས་འབྱུང་གནས། མཁས་བཙུན་གཞོན་ནུ་དོན་གྲུབ། ཚ་ཁོ་ངག་དབང་གྲགས་པ་སོགས་ཐུགས་རྒྱུད་གཅིག་ཅིང༌། སྐུའི་སྐྱེ་བ་ཕྱི་མ་ལ་ཀུན་མཁྱེན་ལེགས་པ་དོན་གྲུབ་དང༌། ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་བོ་འཕྲིན་ལས་ལྷུན་གྲུབ་ཀྱི་སྐྱེ་བ་བཞེས་ནས་གདུལ་བྱ་མང་བོ་སྨིན་གྲོལ་ལ་བཀོད། མདོར་ན་ཚ་ཁོ་དཔོན་པོ་རྗེ་མཁན་ཆེན་ངག་དབང་གྲགས་པ་དཔལ་བཟང་བོ་མཆོག་ནི། ཀུན་མཁྱེན་འཇམ་དབྱངས་བཞད་པའི་འཇིགས་བྱེད་ཆོས་འབྱུང་ལས། ཚ་ཁོ་དཔོན་པོ་ངག་དབང་གྲགས་པ། མདོ་སྨད་པ་གྲགས་པ་བློ་གྲོས།ལྡོང་སྟོན་ཛྙཱ་ན་ཤྲཱི་དགེ་བཤེས་ཤ་སྟོན་ཏེ། བྱ་བྲལ་ལ་མ་ཐེགས་གོང་གི་སྲས་སྔ་ཚར་བཞི། ཞེས་དང་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། མཚུངས་མེད་ཆོས་རྗེ་རྒྱལ་མཚན་བཟང་བོ། རྗེ་བཙུན་ཤེས་རབ་སེང་གེ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། ཚ་ཁོ་དཔོན་པོ་ངག་དབང་གྲགས་པ། སྟོད་ཤེར་སེང༌། སྨད་ཤེར་སེང་དང་བདུན་ནི་འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བདུན། ཞེས་གསུངས་པ་ལྟར། རྗེ་རིན་པོ་ཆེའི་སྲས་ལྔ་ཚར་བཞི་དང་འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བདུན་གྱི་ཡ་གྱལ་ཡིན་ལ། ཕྱིས་སུ་ཁོང་རང་གི་ཐུགས་བསྐྱེད་ཟབ་མོ་དང་རྗེ་རིན་པོ་ཆེའི་བཀའ་གསུང་གི་མེ་ཏོག་དུས་གཅིག་ཏུ་སྨིན་ཏེ་ཕྱིར་མདོ་སྨད་དུ་ཕེབས། ཐོག་མར་རྔ་སྟོད་དུ་ཨ་འདུས་དགོན་ནམ་མཚོ་དགོན་གསང་ཆེན་བཀྲ་ཤིས་གླིང་ཞེས་པ་ཕྱག་འདེབས་མཛད། དགོན་པ་བརྒྱ་རྩ་བརྒྱད་ཕྱག་འདེབས་མཛད་པའི་ཐོག་མར་དགོན་སྡེ་འདི་ཉིད་བཏབ་པས་ཡག་མགོ་དགོན་དུ་གྲགས། དེ་རྗེས་རིམ་བཞིན་མཆོད་རྟེན་ལྕོགས་དང༌། གདོང་རི་དགེ་ལྡན་དམ་ཆོས་གླིང༌། ཟུང་ཆུའི་མཁར་ལུང་ཕྱོགས་སུ་མཁར་ཡག་རི་ཁྲོད་དང༌དམུ་དགེ་དགོན། ཞང་དུར་ཕུ་ཏོའི་དགོན་དང༌། རོང་ཆུ་ནག་ཏུ་ཙས་རུར་ས་དམར་དགོན། ཁྲོ་ཆུའི་ཕྱོགས་སུ་ཀླུ་བཟོའི་དགོན། སྔོན་ཚ་ཁོའི་ཁོག་གི་ཕྱོགས་སུ་ཁང་དམར་དགོན། རྒྱལ་རོང་ཕྱོགས་སུ་སྐུ་གདུང་རིན་པོ་ཆེ་བཞུགས་ཡུལ་ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང༌། བ་མགོ་དགོན། ས་མགོ་དགོན། ཏམ་མགོ་དགོན། བཙན་ལྷར་སུམ་མདོ་དགོན། རྗེས་སུ་འདིའི་མཚན་སྤོར་ནས་བསོད་ནམས་ཡག་དགོན་པ་ཡིན་པར་བཤད། མིས་ཐོ་དགོན། དམ་པ་དང་ཐག་ཉེ་སར་མཆོད་རྟེན་ས་དགོན་དང༌། གྲུབ་མནོས་དགོན། ཚོ་བདུན་དགོན་པའི་ཐག་ཉེ་སར་མཆོད་རྟེན་ཆེ་བ་ཞབས་ལྷ་ཁང་ཅན་དང༌། དེ་སོགས་དགོན་སྡེ་བརྒྱ་རྩ་བརྒྱད་བཏབ་པའི་དམ་བཅའ་གྲུབ་པས་ད་ཚང་ལྷུན་གྲུབ་གླིང་ཕྱག་འདེབས་མཛད། དེ་ལྟར་ཡུལ་ཕྱོགས་མང་བོར་ཕེབས་ནས་དགོན་སྡེ་བརྒྱ་རྩ་བརྒྱད་བཏབ་པར་གྲགས་སོ།། ཆོས་སྡེ་འདི་ཕྱག་འདེབས་མཛད་པ་བོ་རྗེ་མཁན་ཆེན་ངག་དབང་གྲགས་པའི་མཛད་རྣམ་མདོར་བསྡུས་འདི་ནི་གཙོ་བོ་རས་ཆུང་བ་ཤེས་རབ་རྒྱ་མཚོས་མཛད་པའི་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་བྱུང་བ་བཤེས་གཉེན་དམ་པའི་ཞལ་ལུང་གཞིར་བཞག་ཅིང་དེ་ལས་ཁོལ་བྱུང་བྱས་པ་ལགས་སོ། །
བཙན་པོའི་མགར་གྱི་དྲ་བ་ལས་དྲངས།
གཞན་ཡང་རྗེ་འདིས་རོང་བོ་ལྗགས་ནག་པ་རབ་ཏུ་བྱུང་བའི་ལས་གྲྭ་མཛད་ཚུལ་ནི། རོང་བོའི་རྣམ་ཐར་དཔག་བསམ་ཡོངས་འདུའི་ལྗོན་པར། རབ་ཏུ་མ་བྱུང་བ་རྗེ་ཉིད་ལ་ཞུས་པས། ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་དང༌། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། འཇམ་དཀར་བ་དཔལ་ལྡན་བཟང་བོ། གནས་བརྟན་རིན་ཆེན་རྒྱལ་མཚན་པ་སོགས་ཀྱི་སྤྱན་སྔར་རབ་ཏུ་བྱུང༌ཞེས་གསུངས
ཟེར།
ཆ་ཚང་བཀླགས་ཟིན་པ་ཡིན། ཐུགས་རྗེ་ཆེ་ཞུ།
ངའི་སེམས་ལ་རོང་བོ་ལྗགས་ནག་པ་ནི་ཚ་ཁོ་ངག་དབང་གྲགས་པའི་ཡང་སྲིད་རེད་བསམ་སོང་དེ་འདྲ་མ་རེད་པས།
ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་མཆོག་ནི། མཉམ་མེད་ཙོང་ཁ་བ་བྱ་བྲལ་ལ་མ་ཕེབས་གོང་གི་ཐུགས་སྲས་བཞིའི་ནང་ཚན། མདོ་སྨད་རྒྱ་རོང་ཡུལ་དུ་རྗེའི་བསྟན་པ་སྤེལ་མཁན་སྔ་ཤོས་ལགས་སོ།།
ཨ་འདུས་མིག་ཆུས་བཀོད་པའི་རྣམ་ཐར་དེ་འདྲ་བཤུས་བྱས་པ་ཞིག་ཡིན་ན། མ་དཔེ་དང་མི་མཐུན་པའི་སྒྲ་མང་དུ་ཡོད་པ་ནི། རྣམ་དཔྱོད་ཡོད་པ་དག་གིས་བསམ་དགོས་པ་ཞིག་གོ །
གང་བ་བཟང་པོ། གང་ཞིག་མ་འགྲིག་མ་དང་མ་འཐུས་པ་བྱུང་ཡོད་མེད་བདག་གིས་མི་ཤེས། ཕྲན་གྱིས་གཤམ་བཀོད་དྲ་ཚིགས་འདི་ལས་ཐད་གར་བཤུས་པ་ལས་བཟོ་བཅོས་སོགས་གང་ཡང་བྱས་མེད། རྣམ་ཐར་ཡག་པོ་ཞིག་ཏུ་མཐོང་ནས་འདིར་འདྲེན་བཀོད་བྱས་པ་ལགས། རྣམ་དཔྱོད་དང་ལྡན་ཚེ་་གཤམ་བཀོད་དྲ་བྱང་ཐོག་གི་རྩོམ་ཡིག་ལ་མཇལ་ནས་མ་དཔེ་དང་མི་མཐུན་པའི་སྒྲ་གང་ཞིག་ཡོད་པ་གསལ་འདོད་ཡོད་པར་ཞུ།
http://www.tbmgar.com/br.asp?id=770
ངོ་མ་ཡག་པོ་འདུག
རོང་བོ་ལྗགས་ནག་པ་ནི་མདོ་རོང་གི་མཁས་པ་བཞིར་གྲགས་པའི་གཅིག་རེད། ད་ལྟའི་ཀིརྟི་འདིའི་སྐུ་ཕྲེང་དང་བོ་རེད། ཚ་ཁོ་ངག་དབང་གྲགས་པ་སྐུ་ཕྲེང་ཡོད་མེད་ཤེས་མ་སོང་། གང་ལྟར་ཀྱང་དམ་པ་རྣམ་གཉིས་གཅིག་མ་རེད། །