ཆང་སྐྱེས།
ཨ་རག་ཨ་རག་གི་བཟི་ཁ་བཙན་པོས།།
མི་ཚེ་མི་ཚེ་འདིའི་རིན་ཐང་འཕྲོག་སོང་།།
འགྱོད་གདུང་འགྱོད་གདུང་གི་མནར་གཅོད་འོག་ན།།
སྙིང་ག་སྙིང་ག་ལ་གས་ཁ་ཤོར་སོང་།།
ཞེ་སྡང་ཞེ་སྡང་གི་རལ་གྲི་རྣོན་པོས།།
བརྩེ་དུང་བརྩེ་དུང་གི་རྨུ་ཐག་གཏུབ་སོང་།།
མིག་ཆུ་མིག་ཆུ་ཡི་བཞུར་རྒྱུན་ཁུགས་ན།།
འཚོ་བ་འཚོ་བ་ཡི་ཁ་དོག་བོར་སོང་།།
འདོད་སྲེད་འདོད་སྲེད་ཀྱི་མེ་ལྕེ་དམར་བོས།།
ཡིད་སེམས་ཡིད་སེམས་ཀྱི་ལྗང་མདོག་འགམས་སོང་།།
བསམ་གཞིག་བསམ་གཞིག་གི་འཕག་འཚག་ཀློང་ན།།
ཕམ་ཁ་ཕམ་ཁ་ཡི་རྡོ་ལོག་ཕོག་སོང་།།
ཁ་སང་ཁ་སང་གི་གཏམ་རྒྱུད་སྐྱུར་མོས།།
དེ་རིང་དེ་རིང་གི་ཉི་འོད་བསྒྲིབས་སོང་།།
སང་ཉིན་སང་ཉིན་གྱི་མིག་ཞགས་རྩེ་ན།།
ན་བུན་ན་བུན་གྱི་བང་རིམ་སྟུག་སོང་།།
བོད་ཆང་ཆང་གིས་བཟི་དུས།
ཆང་སྐྱེས་སྐྱེས་ས་དྲན་པ།
ཆང་འཐུང་འཐུང་བ་ཙམ་གྱིས།
སེམས་འགྱོད་འགྱོད་གདུང་ཅི་དགོས།
ང་ནི་ཆང་འཐུང་འཐུང་ཙམ།
མཛེས་མ་མ་སྐྱེས་ཨ་མ།
ཡིད་ལ་འཁོར་འཁོར་དེ་འདྲ།
ང་ལ་བྱུང་བྱུང་མི་དྲན།
ཆང་འཐུང་བརྒྱབ་བརྒྱབ་ངང་ལ།
མཛེས་མ་དྲན་དྲན་དེ་འདྲས།
བརྩེ་སེམས་རྒྱས་རྒྱས་དེ་ཡིས།
ང་ནི་ཡིད་སྨྱོ་སྨྱོས་སོང་།
ཆང་རག་འཐུང་བའི་དུས་སུ།
སེམས་ཤུགས་སྤོབས་པ་སྐྱེས་བགྱིད།
མྱོས་དུས་གང་བཤད་གང་བྱས།
ང་ལ་འགྱོད་པ་མི་འདུག
ལོ་གསར་ཚེ་གཅིག་འཐུང་དུས།
རྩ་བའི་བླ་མར་ཕུལ་ཡོད།
ལོ་གསར་ཚེས་གཉིས་འཐུང་དུས།
རྒྱ་བློན་དཔོན་པོར་ཕུལ་ཡོད།
ལོ་གསར་ཚེ་གསུམ་འཐུང་དུས།
ཆོས་སྐྱོངས་སྲུང་ལྷར་ཕུལ་ཡོད།
ལོ་གསར་ཚེ་བཞིར་འཐུང་དུས།
ང་རེའི་མཛེས་མར་ཕུལ་ཡོད།
རྟོག་པ་ཅན་གྱི་ཆང་ཐུང་།
སྙིང་རྗེ་ཅན་གྱི་ཤ་ཟ་།
ཆང་ནི་དམ་ཚིག་ཀུན་གྱི་རྩ་བ་ཡིན་།
ཨམ་ཅོག་ཞུ་པར་་བྱས་ནས་ཐུང་བ་བྱ་།
ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་།
རྩ་ཆོག་གཟིལ་བ་ཙམ་ཡང་སྤང་བ་བྱ་།