བཞག་ལྡོམ་ལྗང་ལོ་།
ཨ་རིའི་ལོ་རྒྱུས་ནས་གླེང་ན་། ཨ་རི་བ་ནི་དབྱིན་ཇའི་འོག་ནས་རང་བཙན་བྱུང་སྐབས་མང་གཙོ་ལས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་དུ་སོང་མེད་ལ་། དེ་མི་འགྲོ་བའི་རྒྱུ་མཚན་ནི་ཨ་རིའི་རྩ་ཁྲིམས་བཟོ་མཁན་ཚོས་དབུས་སྲིད་གཞུང་གིས་ཆོས་ལུགས་གྱི་ཕྱོགས་སུ་ཐེ་མི་བྱེད་ཆེད་། དབུས་སྲིད་གཞུང་དེའི་ཕྱོགས་སུ་བཏང་སྙོམས་ལ་གནས་དགོས་ཤིང་། ཆོས་ལུགས་གང་ཞིག་རྒྱལ་ཡོངས་རང་བཞིན་ཅན་གྱི་ཆོས་ལུགས་སམ་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པར་དངོས་འཛིན་མི་ཉན་པ་བྱས་བ་མ་ཟད་། དམངས་ཚོགས་སོ་སོས་འདོད་སྨོས་ལྟར་ཆོས་ལུགས་གང་ཞིག་ཉམས་ལེན་བྱེད་པའི་ཐོབ་ཐང་ཡང་སྤྲད་ཡོད་པ་ཨ་རིའི་< The First Amendment >བཅའ་ཁྲིམས་དང་པོའི་ནང་དུ་བཀོད་ཡོད་པ་རེད་།
གང་ལྟར་། མིའི་སེམས་ཁམས་འདི་གོས་དཀར་བོ་ཞིག་ཡིན་གྱི་ན་། དེའི་སྟེང་དུ་ཆེས་ཐོག་མ་ཁ་དོག་གང་ཞིག་བྱུགས་པ་དེ་། དྭངས་གསལ་གྱི་ཆུ་བོས་བཀྲུས་ཀྱང་སྔར་བཞིན་ཡོང་དཀའ་བ་ལྟར་། སྤྱི་ཚོགས་གང་ནས་འཚར་ལོངས་བྱུང་བའི་སྐྱེ་བོ་གང་ཞིག་གི་སེམས་ཁམས་སུ་། ཆེས་ཐོག་མའི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་རིན་ཐང་ལྟ་ཚུལ་དང་། དངོས་བོའི་མཛེས་འཛིན་ལྟ་ཚུལ་ཀྱི་བག་ཆགས་ཟམ་མོ་ཅི་ཞིག་བཞག་ཡོད་པ་མ་ལུས་བ་། དོན་དངོས་དང་མི་མཐུན་ཡང་འདོར་དཀའ་བ་ནང་བཞིན་། ཨ་རིའི་སྲིད་འཛིན་གཙོ་བྱས་བའི་ཆབ་སྲིད་པ་མང་ཆེ་བ་ནི་ཡེ་ཤུའི་ཆོས་ལུགས་་བ་ཡིན་པ་བརྟེན་། ཁོ་ཚོའི་ཆབ་སྲིད་ཀྱི་ལྟ་བ་། ཁོ་ཚོའི་དད་སའི་ཆོས་ལུགས་ཕྱོགས་སུ་བཏང་སྙོགས་གནས་བའི་ཚབ་ལ་། ཨ་རིའི་ཆབ་སྲིད་ནང་དུ་ཁོ་ཚོའི་དད་ཡུལ་གྱི་ལྟ་བ་ཚུར་ཁུར་ཡོང་གི་ཡོད་པ་རེད་། དེ་ལ་བརྟེན་ནས་ཡེ་ཤུའི་ཆོས་ཀྱིས་ཨ་རིའི་ཆབ་སྲིད་ནང་གོ་གནས་འཛིན་ཐབས་བྱེད་ཀྱི་ཡོད་པ་རེད་།
དཔེར་ན་། ༡༽ སྤྱི་ལོ་༡༨༩༢ ནས་༡༩༥༤ བར་ཨ་རིའི་རྒྱལ་དར་གྱི་མདུན་ནས་ལག་པ་སྙིང་ཁར་བཞག་སྟེ་གུས་འདུད་བྱེད་སྐབས་། གུས་ཚིགས་སུ་དུས་སྐབས་རེད་ལ་འགྱུར་བ་ཅུང་ཙམ་རེ་སོང་ཡོད་ཀྱང་ནང་དོན་ལ་འགྱུར་བ་སོང་མེད་ལ་། ལྷག་པར་ཆོས་ལུགས་ཀྱི་མིང་ཙམ་ཡང་བརྗོད་ཀྱི་མེད་། ཡིན་ཡང་། སྤྱི་ལོ་༡༩༥༤ནས་བཟུང་དེ་རིང་བར་ཨ་རིའི་རྒྱལ་དར་གྱི་མདུན་ནས་གུས་འདུད་བྱེད་སྐབས་དཀོན་མཆོག་ཞབས་འོག་གི་རྒྱལ་ཁབ་ཞིག “One Nation under God,”་ཅེས་གསར་སྣོན་བྱས་ཏེ་གུས་ཞབས་བྱེད་ཀྱི་ཡོད་།
༢༽ སྤྱི་ལོ་༡༩༣༠ ནང་དུ་ནོར་ལྦེ་ནས་ཡོང་བའི་Abraham Vereide ཟེར་བ་ཞིག་གིས་བཀོད་སྒྲིག་འོག་། ཨ་རིའི་རྒྱལ་ས་Washington, DC, ནས་གསོལ་འདེམས་ཀྱི་ཞོགས་ཇའི་མིང་ཐོག་ནས་གཞུང་གི་ཆབ་སྲིད་པ་མང་ཙམ་ཞིག་བསྐོངས་དེ་ཆོས་ཀྱི་བྱེད་སྒོ་སྤེལ་། སྤྱི་ལོ་༡༩༥༣་ལོར་ཨ་རིའི་སྲིད་འཛིན་༣༤་བ་ Dwight D. Eisenhower དང་ཆབ་སྲིད་པ་སྣ་ཚོགས་ཤིག་ཞོགས་ཇའི་གསོལ་འདེབས་སྟེང་དུ་ཡོང་ཞིང་། དུས་དེ་ནས་བཟུང་ཞོགས་ཇའི་གསོལ་འདེབས་མིང་ལ་སྲིད་འཛིན་ཀྱི་ཞོགས་ཇ་ཆེན་མོར་བསྒྱུར་ཏེ་། ཨ་རིའ་སྲིད་འཛིན་ཚོ་ལོ་ལྟར་སྤྱི་ཟླ་གཉིས་པའི་ནང་ཨ་རིའི་རྒྱལ་ས་ན་སྲིད་འཛིན་གྱི་ཞོགས་ཇ་ཆེན་མོའི་སྟེང་ཡོང་གི་ཡོད་འདུག་། སྤྱི་ལོ་༡༩༧༠ ནང་ཆོས་ཀྱི་བྱེད་སྒོ་དེ་རྒྱལ་སྤྱིའི་སྟེང་རྒྱ་སྐྱེད་བྱས་ཏེ་མིང་ཡང་རྒྱལ་སྤྱིའི་གསོལ་འདེབས་ཞོགས་ཇ་ཆེན་མོར་བསྒྱུར་དེ་རྒྱལ་སྤྱིའི་ཆབ་སྲིད་པ་དང་། ཚོང་བ་ཆེན་པོ་། ཆོས་དཔོན་སྣ་ཚོགས་ཞིག་འགྲོན་འབོད་བྱེད་ཀྱི་འདུག་། ཆོས་ཀྱི་བྱེད་སྒོ་དེའི་དམིགས་ཡུལ་ནི་ཁོ་ཚོའི་དད་ཡུལ་དང་། དེའི་ལྟ་གྲུབ་ཨ་རའི་ཆབ་སྲིད་ཀྱི་ནང་དུ་ནུས་བ་ཡོང་ཐབས་དང་། དེ་ལ་བརྟེན་ནས་ཁོ་ཚོའི་དད་ཡུལ་གྱི་ལྟ་གྲུབ་ཨ་རིའི་རྒྱལ་ཁྲིམས་ནང་གཏན་འཇགས་བཟོ་ཐབས་དང་། ད་དུང་རྒྱལ་སྤྱིའི་སྟེང་དར་སྤེལ་གྱི་དེ་ཡིན་འདུག་།
༣༽ཕྱོགས་ལྷུང་ཆེ་བའི་ཆོས་ཀྱི་བྱེད་སྒོ་དེས་ཨ་རིའ་ཆབ་སྲིད་པའི་ནང་ལ་ནུས་བ་རྒྱ་ཆེར་ཐོན་པར་བརྟེན་ནས་། ཆབ་སྲིད་པ་གང་མང་ཞིག་གིས་ཁོ་ཚོའི་ཁས་ཕན་ཆེད་དུ་ཆོས་ཀྱི་ལྟ་བ་དེ་ཨ་རིའི་སྤྱི་ཚོགས་སུ་ཕྱོགས་ཡོང་ནས་རྒྱ་སྐྱེད་བྱས་འབྲས་སུ་། ཡེ་ཤུའི་ཆོས་ཀྱི་ལྟ་བ་མཁྲེགས་འཛིན་ཅན་ཚོའི་སེམས་སུ་རིགས་རྒྱུད་དཀར་བོ་དང་། དེའི་དད་མོས་དང་འཚོ་བ་ལ་། ཆོས་ལུགས་གཞན་པ་དང་། མི་རིགས་གཞན་པ་དང་། ལྟ་བ་གཞན་པས་བཙན་འཛུལ་བྱེད་ཀྱི་ཡོད་པ་འདོད་དེ་། ཨ་རིའི་ཆབ་སྲིད་ནང་ཕྱོགས་ཡོངས་ནས་ཐེ་གཏོགས་བྱེད་པར་ཤུགས་ཆེར་སོང་ཏེ་། ཁོ་ཚོའི་ལྟ་བར་མཐུན་པའི་ཆབ་སྲིད་པ་ཚོར་རྒྱབ་སྐྱོར་དང་། ལྷག་པར་སྤྱི་མཐུན་ཚོགས་པའི་ཆབ་སྲིད་པའི་བསམ་བློར་གཏིང་འཛིན་བྱེད་ཀྱི་ཡོད་པ་། དཔེར་ན་། རྩོམ་པ་པོ་དང་གསར་འགོད་པ་Kurd Anderson གྱིས་ནུབ་ཕྱོགས་ནང་སྐད་གྲགས་ཆེས་བའི་སྐྱེ་དངོས་རིག་པ་Charles Darwin གྱིས་བཤད་པའི་དངོས་བོའི་གྱེས་འགྱུར་རིག་པའི་སྐོར་ལ་ཡིད་ཆས་ཡོད་མེད་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཚོར་༢༠༠༨ སྐབས་དྲི་བ་”Do you believe in Darwinian biological evolution? “བྱས་སྐབས་ཚང་མས་དེའི་སྐོར་ལ་ཡིད་ཆས་ཡོད་པའི་ལན་བཏབ་པ་དང་། ཡིན་ཡང་༢༠༡༢ སྐབས་་དྲི་བ་དེ་སྔར་བཞིན་སྤྱི་མཐུན་ཚོགས་སྲིད་འཛིན་འོས་མི་ཚོར་བྱས་སྐབས་དངོས་ལེན་བྱས་ནི་ཉུང་དུ་སོང་བ་དང་། ༢༠༡༦ ལོ་སྤྱི་མཐུན་ཚོགས་པར་སྲིད་འཛིན་འོས་མི་༡༧ ཡོད་པ་ལས་གཅིག་མ་གཏོགས་གཞན་ཚང་མས་དྲི་བ་དེའི་སྐོར་ཁས་ལེན་མི་བྱེད་པ་མ་ཟད་། དེའི་སྐོར་སློབ་གྲྭ་ནས་ཁྲིད་ན་འགྲིག་མིན་སྐོར་ཡང་བཤད་ཀྱི་འདུག་ཟེར་། དེའི་སྐོར་ཆབ་སྲིད་པ་ཚོའི་དོན་དངོས་ཀྱི་ལྟ་བ་ཡིན་མིན་གང་ལྟར་ཡང་། ཁོ་ཚོ་དང་ཁོ་ཚོའི་མཐུན་ཕྱོགས་པས་མིས་བྱས་ཉེས་ལ་བརྟེན་ནས་གོ་ལོའི་ཚ་དྲོད་འཕར་བ་དང་། ནད་ཉམས་COVID-19 སོགས་མིས་རྟོག་བཟོར་ཡིན་པ་འདོད་པ་ལས་བདེན་པར་མི་འདོད་པ་དང་། ད་དུང་ཁོ་ཚོས་བཤད་ན་མིའི་ཚེ་སྲོག་ལ་བརྩི་བཀུར་དགོས་ཟེར་ནས་བུ་མེད་སྐྱེ་སྒོ་འགོག་པ་སོགས་ལ་སྡང་བ་དང་། དེར་བརྟེན་ནས་ཨ་རི་བ་ཆོས་སྲིད་ཁ་ཁ་ནས་། ཕྱོཊ་ལྷུང་ཆེ་བའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལ་བསྐྱོད་དེ་དབུས་ཁྲིམས་ཁང་ལ་ཁོ་ཚོའི་དད་ཡུལ་ཀྱི་ལྟ་བ་མཁྲེགས་འཛིན་ཅན་ཚོ་འཇོག་ཐབས་བྱེད་ཀྱི་ཡོད་པ་རེད་། Everytown Research ཞིབ་འཇིག་དྲྭ་བ་ལྟར་ན་ཨ་རི་ནས་ལོ་རེ་མེ་མདས་ཁ་ནས་མིའི་ཚེ་སྲོག་ “༣༧༧༠༣་”ཤོར་ཀྱི་ཡོད་པ་དང་། གཞན་ཨ་རིའི་མངའ་སྡེ་Louisiana་ན་ཡི་གྲོང་ཁྱེར་New Orleans ན་ཡོད་པའི་The National WWII Museum ལྟར་ན་འཛམ་གླིང་དམག་འཁྲུག་གཉིས་པ་ལོ་དྲུག་དག་དག་བུད་སོང་ཞིང་། དེའི་ནང་ཨ་རིའི་དམག་མིའི་ཚེ་སྲོག་”༤༡༦༨༠༠”་ཤོར་ཡོད་འདུག དེ་རིང་ཨ་རིའི་སྤྱི་ཚོགས་སུ་མེ་མདས་ཁ་ནས་ཚེ་སྲོག་ཤོར་བ་དེ་ལོ་དྲུག་ལ་བསྒྱུར་བ་ཡིན་ན་། གྲངས་ཁ་༢༢༥༦༡༨ ཡོད་པ་རྣམས་དམག་འཁྲུག་གཉིས་པའི་སྐབས་ཨ་རི་བའི་ཚེ་སྲོག་ཤོར་བའི་ཕྱེད་ཀ་ལས་རྒལ་གྱི་འདུག་མོད་ཀྱང་། ཚེ་སྲོག་ལ་གོང་བསྐུར་བྱེད་མཁན་ཁོ་བོ་ཚོ་ལྟ་བུ་ལ་མཚོན་ན་། དོན་དངོས་ལ་བརྟེན་ནས་མིའི་སྲོག་སྐྱོབས་ཆེད་མེ་མདའ་སྟངས་འཛིན་སྐོར་ལ་གྲོས་་སྡུར་བྱེད་ཀྱི་མ་དགོས་ཉན་འདོད་ཀྱང་ཡོད་པ་མ་རེད་། ད་དུང་ཆོས་ལུགས་ཀྱི་རང་དབང་ཁ་ལ་ཁྱེར་བ་ཁོ་བོ་ཅག་ལྟ་བུ་ལ་མཚོན་ན་། ཨ་རི་ན་ཁ་ཆེ་བ་གྲངས་ལ་འདས་བ་ཡོད་པ་དང་། དེའི་དད་མོས་ལྟར་ན་ཕག་ཤ་ཟ་མི་ཉན་པ་དང་། གཞན་ཧུན་རྡུ་བ་ལྟར་ན་གླང་ཤ་ཟ་མི་ཉན་པ་སོགས་། ཆོས་ལུགས་གཞན་པའི་དད་མོས་ལ་གུས་ཞབས་མི་བྱེད་པ་དང་། ཁོ་ཚོས་ཕྱོགས་ལྷུང་ཆེ་བའི་དད་མོ་ཁོ་ན་ཨ་རིའི་བཅའ་ཁྲིམས་ནང་གཏན་འབེབས་བྱེད་དེ་ཨ་རི་ཡོངས་ཀྱིས་དེ་ལ་གུས་ཞབས་བྱ་དགོས་བ་འདོད་པ་དང་། དེ་ལྟ་བུ་རང་ལྟ་མཆོག་འཛིན་ཅན་ལ་སེམས་དང་ཀུན་སྤྱོད་རིག་བ་ཚོས་དབྱིན་སྐད་ནང་ “Cognitive biases དང་ Confirmation bias” འབོད་ཀྱི་ཡོད་པ་དང་། དེ་ལྟ་བུ་རང་ལྟ་བཆོག་འཛིན་ཅན་ཚོ་ཆོས་ལུགས་གང་གི་གཞི་རྩའི་ལྟ་བ་དང་ཡོངས་སུ་འགལ་ཡོད་ལ་། དེ་ལྟ་བུ་ཆོས་ལུགས་ཀྱི་ལྟ་བ་དང་ཡོངས་སུ་འགལ་བ་ཚོས་། ཨ་རིའི་མི་རིགས་བར་དང་། ཆོས་ལུགས་བར་འགལ་ཟླ་རྒྱུན་དུ་བྱེད་ཀྱི་ཡོད་པ་ལས་། འཇིག་རྟེན་འདིར་ཞི་བདེ་དང་། མང་གཙོ་ལ་ཞབས་འདེགས་ནམ་ཡང་བྱེད་ཀྱི་ཡོད་པ་མ་རེད་།
དཔྱད་གཞིའི་དྲྭ་བ་རྣམས་གཤམ་འོག་ན་བཀོད་ཡོད་།
Gun Violence in America – Everytown Research & Policy | Everytown Research & Policy
Research Starters: Worldwide Deaths in World War II | The National WWII Museum | New Orleans
https://www.history.com/news/world-war-ii-end-events
Constitutional Myth #4: The Constitution Doesn’t Separate Church and State – The Atlantic
https://en.wikipedia.org/wiki/Pledge_of_Allegiance
https://bigthink.com/videos/reza-aslan-how-religion-changed-the-presidency-and-vice-versa
https://bigthink.com/videos/kurt-andersen-how-religion-turned-american-politics-against-science
https://www.usatoday.com/story/news/politics/theoval/2016/02/04/how-presidents-pray-prayer-breakfast-eisenhower-obama/79786384/
བཞག་ལྡོམ་ལྗང་ལོ་རང་གི་སྨྱུག་མིང་དེ་ནི། ཁྱད་མཚར་པོ་ཞིག་འདུག་ཀྱང་། ཨ་རིའི་ལོ་རྒྱུས་ཨིན་སྐད་དུ་ཀློག་མི་ལོབ་པ་ང་འདྲ་བོ་ལ་ཤིནད་ཏུ་ཕན་ཐོགས་བྱུང་སོང་བས། ད་དུང་མུ་མཐུད་ནས་མང་ཙམ་བོད་འགྱུར་འོངས་བར་མཁྱེེན།།
ང་ནི། ངོ་དེབ་དང་། ཁ་བརྡ་དང་། དཔེ་ཆ་མ་གཏོགས་གང་ཡང་ལྟ་འདོད་ཀློག་འདོད་མེད་མཁན་ཞིག་ཆགས་འདུག་པས། ཁ་བརྡར་འབྲི་མཁན་ཚང་མ་ངའི་དགེ་རྒན་དུ་ལྟ་བུར་བརྩི་བཞིན་ཡོད་གདའ། དེས་ན་བོད་གཞོན་ཚོས་བོད་སྐད་ཐོག་ལ་གང་མང་མང་འབྲི་ཡ་ལ་ངར་ཤོག
ཁ་བརྡའི་དྲྭ་གྲོགས་ཀརྡོ་ལགས་། ངས་ཁ་བརྡ་ནི་བོད་མི་ཚོའི་བསམ་ཚུལ་བརྗེ་རེ་བྱེད་སའི་གར་སྟེགས་ཤིག་ལ་དངོས་འཛིན་ཀྱི་ཡོད་། དེ་ཕྱིར་། ངས་ཁ་བརྡ་དྲྭ་གྲོགས་ཚོར་མུ་མཐུད་བྱ་ཡོང་།