ཨ་རིའི་བོད་པས་
ཨ་མེ་རི་ཀའི་རྒྱལ་ཁབ་འདི་ལྷ་ཡིས་དབང་བསྒྱུར་བའི་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ཅིག་རེད་ལབ་ན་མི་མང་པོ་ཞིག་ཡིད་ཆེས་དཀའ་བགྱི་རེད། སྤྱིར་ཆོས་སྲིད་ཟུང་འབྲེལ་ལབ་དུས་བོད་པ་མང་ཆེ་བའི་སེམས་ངོར་དམར་ཕྱོགས་ཀྱི་རྒད་པོ་ཨེན་ཀེ་སིས་རྒྱལ་པོ་དང་ཆོས་བདག་གཉིས་ཀ་མི་གཅིག་གིས་བྱས་པ་ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་ལ་བཤད་པ་དམར་པོའི་ཐུགས་སྲས་དུང་དཀར་གྱིས་བོད་ལ་ངོ་སྤྲོད་བྱས་པ་དེ་ལས་གཞན་སེམས་ལ་འཆར་རྒྱུའི་ཅང་ཡོད་རྒྱུ་མ་རེད།
ཁོ་བོ་བོད་དུ་ཡོད་དུས་ཆོས་ལ་དད་པ་བྱེད་པ་ནི་རྗེས་ལུས་དང་ཆོས་སྲིད་ཟུང་འབྲེལ་ནི་ཆེས་མུན་ནག་གི་ལམ་ལུགས་ཞིག་ཡིན་པ་རེད། ཟེར།
ངེད་དབྱིན་ཇིའི་རྒྱལ་ས་ལོན་ཀྲོན་ལ་ཐོན་པའི་ཉིན་ཤས་རྗེས་འཇིགས་སྐུལ་པས་ཨ་རིའི་ཐོག་ཁང་མཚེ་མ་ལ་གཏོར་རྒོལ་ཐེབས་པའི་ཤི་གསོན་ཚོའི་ཆེད་དུ་ཨ་རིའི་སྲིད་འཛིན་བྷོའུ་ཞི་དང་སྲིད་འཛིན་ཟུར་བ་ཁུ་ལོན་ཀྲོན།རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སོགས་ཀྱིས་ཡི་ཤུའི་ལྷ་ཁང་ཆེན་པོ་ཞིག་གི་ནང་ན་ཆོས་དཔེ་རེ་ལག་ལ་བཟུང་ནས་གསོལ་བ་སྨོན་ལམ་འདེབས་བཞིན་པ་བརྙན་འཕྲ ིན་བརྒྱུད་དེ་མཐོང་སོང་།ཆབ་སྲིད་པ་གྲགས་ཆེན་ཚོས་ཆོས་བཏོན་པ་དེ་ནི། ཆོས་ལུགས་ཚན་རིག་དང་དཔལ་འབྱོར་ཡར་རྒྱས་ཀྱི་བཀག་རྡོ་རུ་སྨྲ་བའི་དམར་པོས་དབང་བསྒྱུར་བའི་ཁོར་ཡུག་ཅིག་གི་ནང་སྐྱེས་བ་བདག་ལ་མཚོན་ན་དེ་ནི་ཧ་མི་གོ་བའི་གནས་ཚུལ་ཁྱད་མཚར་ཞིག་རེད། དེ་ནས་ཉི་མ་འགའི་གཞུག་ནས་ང་ཨ་རི་ལ་འབྱོར།
ཨ་རིའི་བཀའ་དྲིན་རྗེས་དྲིན་(thanksgiving)ཟེར་བའི་ཉིན་ང་ཚོའི་གོ་ལ་འདིའི་ཕྱི་རོལ་ན་ཡོད་པའི་རྒྱལ་སྤྱིའི་མཁའ་དབྱིངས་འབབ་ཚིགས་ན་ཚན་རིག་པ་གཉིས་ཀྱིས་དཀོན་མཆོག་ལ་ཟས་མཆོད་འབུལ་གྱིན་ཡོད་པ་འཁོར་སྐར་བརྙན་འཕྲིན་ལས་སྟོན་གྱིན་ཡོད་པ་དེས་ངའི་མགོ་ཡང་བསྐྱར་རྨོངས་སུ་བཅུགས་སོང་།ཚན་རིག་པ་ཟས་མཆོད་འབུལ་མཁན་ཞིག་ཡོད་པ་སེམས་ལ་དྲན་མ་མྱོང་། ཨ་རིའི་གྲོང་དང་གྲོང་ཁྱེར་ཁག་གི་སྲང་ལམ་བཅུ་ཕྲག་རེ་མཚམས་ན་ཡི་ཤུ་ལྷ་ཁང་རེ་ཡོད་པའི་ཚོར་སྣང་སྐྱེས་ཐལ། ལོར་དེར་མི་ཉིས་ཁྲི་ལྷག་གིས་ཧ་ལོ་བིན་ཟེར་བའི་འདྲེ་ཡི་དུས་ཆེན་བརྩི་སྲུང་བྱས་སོང་། བྱིན་རླབས་ཀྱི་ཟླ་བ་ཞེས་འབོད་པའི་ཟླ་བ་བཅུ་གཉིས་པའི་ནང་ཆ་ཚང་ལ་གྲ་སྒྲིག་བྱས་ནས་མིང་གྲགས་ཅན་གྱི་སྟོན་པ་ཡི་ཤུའི་འཁྲུངས་སྐུར་ལ་ཨ་རིའི་གཞུང་དམངས་གཉིས་ཀས་རྟེན་འབྲེལ་ཞུ་བ་ནི་རྒྱུན་ལྡན་ལྟར་ཡིན་ཟེར། ཉིན་ཞིག་ཁོ་བོ་བསྡོད་ས་ནས་ཁད་རིང་བའི་སྐད་གྲགས་ཅན་གྱི་ནེའུ་ཡོག་གྲུང་ཁྱེར་དང་དེའི་ལྟེ་བར་ཡོད་པའི་ཁྲམ་སི་ཁར་ཟེར་བའི་ཁྲོམ་སྲང་་(Times Square)་ལ་བལྟ་སྐོར་དུ་འགྲོ་རྒྱུའི་གོ་སྐབས་བྱུང་།
སྲང་ལམ་དེའི་དཀྱིལ་ན་རྡོ་རིང་ཞིག་གི་ངོས་སུ་ཡིག་ཆེན་གྱིས་་ཚེ་སྲོག་ནི་ལྷ་དཀོན་མཆོག་དང་མི་མང་ལ་ཞབས་འདེགས་ཞུ་ཆེད་ཡིན།་་ཞེས་བྲིས་འདུག།
ཁོ་བོའི་རྣ་ལམ་ལ་རིག་གསར་གྱི་སྐད་ཆ་ཞིག་ལ་་་ལྷ་འདྲེ་གདོན་བགེགས་གཏོར་དགོས་ཟེར་བ་ད་དུང་ཡང་ངའི་སེམས་ལ་འཇགས་འདུག་པ་འདེའི་ལྡོག་ཕྱོགས་ཡིན་པས་ཐེ་ཚོམ་གྱི་ཐོག་ལ་ཐེ་ཚོམ་ཞིག་སྐྱེས།
དེ་མིན་དགོད་བྲོ་བ་ཞིག་ཡོད་པ་ནི་ཨ་རིའི་བརྙན་འཕྲིན་བརྒྱུད་ལམ་ཞིག་ན་གཟའ་སྤེན་པ་དང་ཉི་མ་གང་རུང་ལ་ཉིན་གང་བོར་བུད་མེད་ཅིག་གིས་མོ་འདེབས་ཀིན་འདུག
མི་མང་པོས་འཚང་ཁ་ཤིག་ཤིག་གིས་མོ་བ་ལ་ཁ་པར་བཏང་ནས་རང་གི་རེ་འདོད་བཤད་ཀིན་འདུག འགལ་འདུ་དེ་དག་གི་ཕྱིར་ངས་ཡི་ཤུའི་ཆོས་དང་ཨ་རིའི་བར་གྱི་འབྲེལ་བར་དོ་སྣང་བྱས་པ་ཡིན།
༡༦༠༩་ལོར་དབྱིན་ཇི་རྒྱལ་ཁབ་ཀྱི་ཡི་ཤུ་ཆོས་ཁང་ཞིག་གི་ཆོས་པ་རྣམས་ནང་མ་མཐུན་པར་ཆོས་པ་བརྒྱ་སྐོར་ཙམ་ཞིག་ཆོས་དད་རང་དབང་ཆེད་ཧོ་ལན་རྒྱལ་ཁབ་ལ་བཙན་བྱོལ་དུ་སོང་། ས་ཁུལ་དེར་ཁོ་ཚོའི་བུ་རབས་ཚ་རྒྱུད་ཀྱི་རིང་ལ་ཆོས་དང་རིགས་གཞུང་སྲུང་སྐྱོབས་བྱེད་མི་ཐུབ་པར་དོགས་ནས་རྒྱ་མཚོའི་ངོགས་སུ་ཉིན་༦༦་ལ་གྲུ་གཟིངས་ཐོག་གྲང་ལྟོགས་དང་འཇིགས་སྣང་ངང་བསྐྱོད་མཐར་བྱང་ཨ་རིའི་ས་ཐོག་ལ་༡༦༢༠་ལོར་ཐོན། ཨ་རིའི་གདོད་མའི་མི་(ཨིན་ཌི་ཡན)རིགས་ཚོས་ཁོ་ཚོའི་ལྟོགས་སྐོམ་བསད་དེ་སྣེ་ལེན་བྱས།
༡༦༢༠་ལོའི་ཟླ་༡༡་པའི་༢༡་ཉིན་ཁོ་ཚོས་སྒྲིག་གཞི་བཟོས་ནས་ཆོས་དཔོན་ཇོན་ཁ་བེར་ཁོ་ཚོའི་ཚོགས་སྡེ་དེའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་བདམས།
ཚོགས་སྡེ་དེ་ནི་དེང་སང་གི་སྟོབས་ཆེན་ཨ་མེ་རི་ཀ་མངའ་ཁུལ་གཅིག་འདུས་རྒྱལ་ཁབ་འདིའི་ཐོག་མའི་ས་བོན་ལྟ་བུ་ཡིན་པར་མ་ཟད། ཨ་རིའི་ཆོས་སྲིད་ཟུང་འབྲེལ་གྱི་མགོ་ཡང་འདི་ནས་ཚུགས་པར་སྙམ། དེ་ནས་རིམ་བཞིན་བྱང་ཨ་རིའི་ནང་ལ་ཕྱོགས་ཡོང་གི་གཞིས་་ཆགས་ཇེ་མང་དུ་སོང་ཡོད་ལ། དེ་དག་ཕལ་ཆེ་བ་རང་རང་གི་དད་མོས་བྱེད་སའི་ཡི་ཤུ་ཆོས་ཁང་གི་བཀོད་ཁྱབ་འོག་གནས་ཡོད་ཅེས་གཤད་ན་ཆོག ཡུན་རིང་པོ་ཞིག་ལ་ཁོ་ཚོའི་གཞུང་གི་ཁྲིམས་གཞི་ཡོད་ཚད་སྟོན་པ་ཡི་ཤུའི་ལུང་ཚིག་ཁོ་ནར་བརྟེན་ནས་ཐག་གཅོད་བྱས་འདུག ཐོག་མའི་ལྡོམ་བུ་པའི་ཚོགས་སྡེ་དེ་ནས་དུས་ད་ལྟའི་བར་ཁོ་ཚོ་དཀོན་མཆོག་ལ་ངོ་ལོག་མྱོང་མི་འདུག་ལ། བཤད་ལྟངས་གཞན་ཞིག་བྱས་ན་དུས་ད་ལྟའི་བར་ཁོ་ཚོས་རིག་གནས་གསར་བརྗེ་བྱས་མི་འདུག ཆོས་ལུགས་དད་མོས་རང་དབང་ནི་རང་དབང་ཐམས་ཅད་ཀྱི་དང་པོ་བཞག་ཡོད། དཀོན་མཆོག་ནི་ཁོ་ཚོས་ཚན་རིག་དང་དཔལ་འབྱོར་སོགས་གང་ཞིག་སྒྲུབ་ཀྱང་དེ་སྒྲུབ་བྱེད་ཀྱི་རྣམ་ཤེས་ལྟ་བུ་རེད།
༡༧༧༦་ལོར་ཨ་རི་དབྱིན་ཇིའི་འོག་ནས་རང་བཙན་ཐོབ་སྟེ་འཛམ་གླིང་གི་དེང་རབས་ཀྱི་ཆེས་ཐོག་མའི་མང་གཙོའི་རྒྱལ་ཁབ་ལ་གྱུར། ༡༨༠༢་ལོར་ཨ་རིའི་སྲིད་འཛིན་ཇེ་ཧྥིར་སིན་གྱིས་ཆོས་སྲིད་ཁ་ཁར་དབྱེ་དགོས་པའི་ཡི་གེ་ཞིག་ལ་བརྟེན་ནས་དུས་རབས་ཉི་ཤུ་བའི་ནང་ཕྱིའི་ཚུལ་དུ་ཆོས་སྲིད་ཁ་ཁ་ཡིན་པར་བསྒྲགས་ཡོད། ཆོས་སྲིད་དབྱེ་ལྟངས་དཀོན་མཆོག་གི་བཀའ་སྲིད་ཁྲིམས་སུ་བསྒྲགས་པ་དང་། སྲིད་གཞུང་གིས་ཆོས་དོན་ལ་འགྲོ་སོང་གཏོང་བ།ཆོས་ཀྱི་མཚོན་རྟགས་སྲིད་རྟགས་ལ་འཇོགས་པ། ཆོས་ཁང་ཁག་གི་ཆེད་གཞུང་འབྲེལ་གྱིས་ཁྲལ་བསྡུ་བ་སོགས་མེད་པར་བྱས་ཏེ་ཆོས་སྲིད་ཟུང་འབྲེལ་ཁ་ཁར་ཕྱེ་བ་(separation of church and state)་ཡིན་ཟེར་གྱིན་ཡོད་མོད། དོན་དུ་ཨ་རི་ནི་ད་ལྟའི་བར་ལྷ་ཡིས་དབང་བསྒྱུར་བའི་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ཅིག་ཡིན། དེ་ལ་རྒྱུ་མཚན་དང་དཔུང་རྟགས་མང་པོ་ཡོད།
གྲོས་འཚོགས་ནང་གི་ཆོས་དཔོན་དང་དད་ལྡན་མི་མང་།
༡༧༨༩ལོ་ནས་བཟུང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལ་ཡི་ཤུ་ཆོས་དཔོན་རེ་རེ་བསྐོ་རྒྱུ་གཏན་ཁེལ་བྱས། ཆོས་དཔོན་གཉིས་ཀྱིས་འཐུས་མིའི་བཟའ་སྒྲིག་དང་དུར་འཇུག་གི་ཆོ་ག་སྒྲུབ་པ་དང་གྲོས་ཚོགས་ཁང་་གི་གལ་ཆེ་བའི་འཚོགས་འདུའི་རིགས་འཚོགས་སྐབས་འཚོགས་འདུའི་མགོ་མཇུག་ནས་ལྷ་དཀོན་མཆོག་གི་བཀའ་བསྒྲོགས་ནས་སྐྱབས་འཇུག་ཞུ་བ་སོགས་ཀྱི་ལས་དཀའ་གནང་དགོས་པ་རེད།
ཨ་རི་བའི་བྱམས་དང་སྙིང་རྗེ།་དྲངས་ལྡན་དང་ཤེས་རབ།ལྷག་པར་སྤྱིན་གཏོང་གི་བློ་སྟོབས་དང་ཡ་རབ་ཀྱི་ཀུན་སྤྱོད་སོགས་གཤིས་རྒྱུད་ལ་འཇགས་པ་ནི་ཨ་རིའི་ཡི་ཤུ་ལྷ་ཁང་འབུམ་བཞི་དང་ཁྲི་ལྔ་ལྷག་ཡོད་པའི་ནང་རེས་གཟའ་ཉི་མའི་ཉིན་རྟག་པར་དགེ་སྦྱོར་བྱེད་པ་ལས་བྱུང་བར་བཤད། མཐའ་ན་ལྷ་ཁང་རེ་རེ་ནང་གི་ཆོས་དཔོན་དང་ཚོགས་མིའི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཀྱི་ཁོར་ཡུག་ལས་མི་གཤིས་ལ་ཁྱད་པར་བྱུང་གི་ཡོད་ཟེར།
སྤྱིར་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་ཚེ་མི་མང་གི་བསམ་ཚུལ་གཞི་ལ་བཞག་ནས་སྲིད་ཁྲིམས་ལག་ལེན་བྱེད་དགོས་པས་ཡི་ཤུའི་ཆོས་ལུགས་པའི་བརྒྱ་ཆའི་བརྒྱད་ཅུ་གྱ་གཉིས་ཟིན་པའི་རྒྱལ་ཁབ་འདིའི་སྲིད་དོན་ནང་ཡི་ཤུ་ཆོས་ཀྱི་ཤུགས་རྐྱེན་ཇི་འདྲ་ཞིག་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། དཔེར་ན། མི་སྐྱེས་བ་དང་བུད་མེད་བཟའ་ཚང་སྒྲིག་པ་ལས་མཚན་མཐུན་བཟའ་སྒྲིག་སྟེ་ཕོ་དང་ཕོ། མོ་དང་མོ་ལ་བཟའ་ཚང་སྒྲིག་པ་ལྷ་དཀོན་མཆོག་གིས་གནང་མེད་ཟེར་བའི་འདུ་ཤེས་ཀྱིས་མཚན་མཐུན་བཟའ་སྒྲིག་རྒྱལ་ཡོངས་རང་བཞིན་གྱི་ཁྲིམས་མཐུན་བྱུང་ཐུབ་མེད་པར་མ་ཟད། བུ་ཕྲུག་ཁོག་ནས་འདེད་(དཀོན་མཆོག་གིས་སྡིག་པ་ཡོད་ཟེར)པ་ཡང་ཁྲིམས་མཐུན་ཆགས་མེད།
སྒོར་མོའི་ཐོག་གི་དཀོན་མཆོག་དང་རྒྱལ་དར་མདུན་གྱི་དཀོན་མཆོག
སྤྱི་ལོ་༡༨༦༡་ནས་༡༨༦༥་བར་ལོ་བཞི་ཙམ་གྱི་རིང་ཨ་རིའི་ལྷོ་བྱང་གཉིས་ཀྱིས་ཚབ་ཆེ་ཞིང་ཡ་ང་བའི་ནང་འཁྲུག་བརྒྱབས་པའི་ཁྲོད་ཨ་རིའི་མི་གྲངས་ས་ཡ་སོ་གཅིག་ལྷག་(༣༡༤༤༣༣༢༡)་ཡོད་པའི་ནང་གི་འབུམ་དྲུག་དང་ཁྲི་གཉིས་(༦༢༠༠༠༠)ལྷག་གི་ཚེ་སྲོག་ཤོར་འདུག སྤྱི་ལོ་༡༨༦༤ ལོར་ནང་འཁྲུག་ཆེན་པོ་དེ་ནང་འགྲིག་ཡོང་ཆེད་ཆོས་དཔོན་ཞིག་གིས་རེ་མདུན་ལྟར་ཨ་རིའི་གཞུང་གིས་སྐར་(སྐར་བརྒྱ་ལ་ཨ་སྒོར་གཅིག་ཡིན)གཉིས་ཅན་གྱི་ཐོག་ལ་་ང་ཚོ་དཀོན་མཆོག་ལ་ཡིད་ཆེས་ཡོད་(IN GOD WE TRUST)་ཞེས་པ་འགོད་པར་གྲོས་ཐག་བཅད།
༡༩༣༥ལོར་ཨ་རིའི་སྲིད་འཛིན་ཧྥི་རིན་ཁི་ལེན་རོ་ཟི་བེལ་གྱི་སྐབས་ཤོག་སྒོར་གཅིག་ཅན་གྱི་རྒྱབ་ངོས་སུ་ཨ་རིའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་ཆོས་སྲིད་གཉིས་ཀྱི་མཚོན་དོན་ཡོད་པའི་གཟུགས་རིས་གསར་བ་བཀོད་པ་ནི་གཡས་གཡོན་གཉིས་ལ་རི་མོ་གོར་གོར་གཉིས་ཡོད་པའི་གོར་གོར་གཡས་པའི་ངོས་སུ་ཆོས་ཀྱི་མཚོན་དོད་གནའ་བའི་ཨི་ཇེབ་ཀྱི་མཆོད་རྟེན་ཟུར་གསུམ་ཚེ་དང་ད བང་ཐང་གི་གནམ་ལྷའི་སྤྱན་དང་ལྡན་པ་ཞིག་བཀོད་པའི་གོང་ན་ལྰ་ཏན་ཡི་གེ་ནང་ལྷ་དཀོན་མཆོག་གིས་ང་ཚོའི་ལས་དོན་སྐྱོང་ཞེས་བ་དང་གཤམ་དུ་བློ་བཀོད་གསར་བའི་དུས་ཞེས་བྲིས་ཡོད།
གོར་གོར་གཡོན་པའི་ངོས་སུ་སྲིད་ཀྱི་མཚོན་དོད་ཨ་རིའི་གཞུང་གི་ཐམ་ཀ་ཆེན་མོ་སྟེ་གོང་ན་སྐར་མ་བཅུ་གསུམ་ཡོད་པའི་ཨ་རིའི་གདོད་མིའི་ལྷ་བྱ་གླག་གིས་ཞི་དྲག་གཉིས་ཀ་མཚོན་བྱེད་མདའ་དང་སྡོང་ལོ་བཟུང་ཡོད་པ་བཀོད་འདུག་ལ། མཆོད་རྟེན་གྱི་ཞབས་ལ་ཐམ་ཀ་ཆེན་མོ་ཞེས་བྲིས་ཡོད་པ་དང་། ཐམ་ཀ་ཆེན་མོའི་ཞབས་ལ་མངའ་ཁུལ་གཅིག་སྒྲིལ་གྱི་ཞེས་བྲིས་ཡོད་པས། མངའ་ཁུལ་གཅིག་སྒྲིལ་གྱི་ཐམ་ཀ་ཆེན་མོ་ཞེས་གཡས་གཡོན་གྱི་ཆོས་དང་སྲིད་ཀྱི་མཚོན་དོད་གཉིས་ཀ་ ཚིག་སྒྲུབ་གཅིག་གི་ནང་ལ་ཟུང་འབྲེལ་བྱས་འདུག
གཞན་ཡང་མཚོན་དོད་འདི་གཉིས་ཀྱིས་ཨ་རིའི་གཞུང་གིས་གདོན་འདྲེ་སྲུང་མ་ཞིག་རྟེན་གིན་ཡོད་པའི་གསང་བའི་བཤད་པ་་མང་པོ་ཞིག་ཡོད་མོད་སྐབས་གཞན་ནས་བཤད་ཆོག
ཨ་རིས་༡༩༤༧་ལོ་ནས་༡༩༩༡་ལོ་བར་སུའུ་ལེན་གཙོ་བོ་ཡིན་པའི་དངོས་གཙོ་(བཅའ་དངོས་གཙོ་བོར་འཛིན་པ་ལ་གོ་དགོས)དམར་ཕྱོགས་རིང་ལུགས་དང་མ་རྩ་་མང་གཙོ་རིང་ལུགས་བར་གྱི་ལྟ་བའི་དམག་འཁྲུག་ཆེན་མོ་སྟེ་གྲང་དམག་གི་ཁྲོད་༡༩༥༦་ལོ་ནས་བཟུང་ད་ལྟའི་བར་ཨ་རིའི་གཞུང་གིས་ལྕཊ་སྒོར་མ་ཟད་དང་ཤོག་སྒོར་($1,$2,$5,$10,$20,$50,$100)་ཡོད་ཚད་ཐོག་ལ་་ང་ཚོ་ལྷ་དཀོན་མཆོག་ལ་ཡིད་ཆེས་ཡོད་(IN GOD WE TRUST)་ཞེས་བཀོད་པ་དེ་ནི་་ཁོ་ཚོ་ཨ་རི་བ་རྣམས་ལྷ་མེད་སྨྲ་བ་དམར་ཕྱོགས་པ་རྣམས་དང་འདུ་ཤེས་འཛིན་སྟངས་ཐ་དད་ཡིན་པ་དང་ཁོ་ཚོས་ལྷ་ལ་བློ་གཅིག་སེམས་གཅིག་གིས་དད་པ་བྱས་ནས་ལྷ་མེད་དམར་ཕྱོགས་རིང་ལུགས་ཀྱི་འཇིགས་སྐུལ་དང་རང་དབང་གཏོར་བཤིག་ལས་རྣམ་པར་རྒྱལ་བ་གསལ་བསྒྲགས་བྱས་པ་ཡིན་ཟེར།
ནམ་རྒྱུན་ཨ་རིའི་རྒྱལ་གླུ་ལེན་པའི་སྔོན་ལ་རྒྱལ་དར་མདུན་དམ་བཅའ་འཇོག་དགོས། དམ་ཚིག་གི་ནང་ན་ཡང་ལྷའི་སྐྱབས་འོག་ན(under God)་ཞེས་ལྷ་དཀོན་མཆོག་གི་མིང་ཡོད། མིང་ཚིག་དེ་ནི་༡༩༥༤་ལོ་ནས་གསར་དུ་བཅུགས་པ་ཞིག་རེད།
དམག་ཁོངས་ཀྱི་ཆོས་དགེ་དང་སྒེར་གྱི་ཚོགས་སྡེ་ཁག་གི་ཨ་མཆོད།
༡༧༧༥་ལོ་ནས་བཟུང་ཨ་རིའི་དམག་ཁོངས་སུ་ཨ་མཆོད་དམ་ཆོས་དགེ་(chaplain)བསྐོས་ཡོད། དེང་སྐབས་ཨ་རིའི་གཞུང་གི་དམག་ཁོངས་སུ་ཆོས་དགེ་དང་ཆོས་དགེ་ལས་རོགས་པ་༢༢༠༠་ལྷག་ཡོད་པར་བཤད། ཁོ་ཚོའི་ལས་རྟགས་ལ་ཡང་སོ་སོའི་ཆོས་ལུགས་ཀྱི་མཚོན་རྟགས་བཞག་ཡོད། དཔེར་ན། ཨ་རིའི་དམག་ཁོངས་སུ་ནང་པའི་དམག་མི་༣༣༠༠ཙམ་ཡོད་པ་ལ་ནང་པའི་ཆོས་དགེ་(བོད་ཀྱི་ནང་པའི་ཆོས་དཔོན་གཅིག་)གསུམ་ཡོད་པའི་ལས་རྟགས་ལ་ཆོས་འཁོར་བཞག་འདུག དེ་མིན་མངོན་ཤེས་སྨྲ་མཁན་འགའ་རེ་ཨ་རིའི་གསང་བའི་ལས་ཁོངས་ཀྱི་ལས་རོགས་ལ་བཞག་ཡོད་པར་གོ་ཐོས་བྱུང་ལ། བཙོན་ཁང་ནང་ལའང་ཆོས་དགེ་བཞག་འདུག འདི་དག་གཞུང་འབྲེལ་ཡིན་པས་ཁོ་ཚོའི་ཕོག་ཐོབ་གཞུང་གིས་སྤྲོད་ཀིན་འདུག
གསར་འགོད་སྡེ་ཁག་དང་རོལ་དབྱངས་སྡེ་ཁག ཚོང་ར་སོགས་མཉམ་འབྲེལ་ཁེ་ལས་སྡེ་ཁག སྤོ་ལོའི་རྩེད་མོ་སོགས་རྩེད་མོའི་སྡེ་ཁག་དང། སྨན་ཁང་སོགས་འཕྲོད་རྟེན་སྡེ་ཁག་སོགས་ནང་ཆོས་དགེ་འམ་ཨ་མཆོད་བཞག་ནས་སྐྱབས་འཇུག་ཞུ་བཞིན་ཡོད། དཔེར་ན། ༢༠༠༧ལོའི་བསྡོམས་རྩིས་ལྟར་ན་ཨ་རིའི་མཉམ་འབྲེལ་ཁེ་ལས་སྡེ་ཁག་གི་ནང་ཨ་མཆོད་བཞི་སྟོང་ལྷག་ཡོད་ཟེར།
སློབ་གྲའི་ནང་གི་ཞལ་འདོན་དང་མི་སེར་ཁ་ཡི་སྨོན་ལམ།
སྤྱི་ལོ་༡༦༩༠་ནང་ནས་ཨ་རིའི་སློབ་གྲ་ཁག་གི་ནང་ཡི་ཤུ་གསུང་རབ་ཀློག་པ་དང་ཞལ་འདོན་འདོན་པའི་མགོ་བཙུགས་འདུག ༡༧༨༢ ལོར་ཨ་རིའི་གྲོས་འཚོགས་ཀྱིས་སློབ་གྲའི་ནང་ཡི་ཤུའི་ཆོས་འདོན་པ་ཁྲིམས་མཐུན་བཅོས། ཡིན་ནའང་༡༩༦༢་ལོར་མི་ཚང་ཅིག་གི་ཁ་མཆུ་ལ་རྒྱབ་རོགས་སུ་ཇོའུ་ཆོས་ལུགས་སོགས་ཆོས་ལུགས་མི་འདྲ་བའི་ཚོགས་སྡེ་ཁག་གིས་ངོ་རྒོལ་བྱས་པས་ཨ་རིའི་ཆེ་མཐོའི་ཁྲིམས་ཁང་གིས་གཞུང་གཉེར་སློབ་གྲ་ཁག་གི་ནང་ཆོས་འདོན་མི་ཆོག་པར་གཏན་འབེབས་བྱས། ཡིན་ནའང་སྒེར་གཉེར་སློབ་གྲ་བརྒྱད་སྟོང་ལྷག་ཡོད་པའི་ནང་ད་སྐབས་ཀྱང་ཞལ་འདོན་གསུང་གིན་འདུག་པར་མ་ཟད། མཐོ་རིམ་སློབ་ཆེན་ཁག་མང་པོའི་ནང་ད་དུང་ཆོས་དགེ་བསྐོས་ཡོད།
སྤྱི་ཚོགས་དཔྱད་བརྗོད་པ་འགའ་རེ་བཤད་ན་གཞུང་གཉེར་སློབ་གྲའི་ཆོས་འདོན་མི་ཆོག་པར་བཅོས་བ་དེས་ཨ་རིའི་མི་གཤིས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྐད། དཔེར་ན་། གཞུང་གཉེར་སློབ་གྲའི་ནང་ཞལ་འདོན་མཚམས་འཇོག་བྱས་པའི་ལོ་ནས་ཉིས་སྟོང་ལོར་བར་ལོ་ངོ་སོ་བརྒྱད་རིང་ལ་ཨ་རིའི་སྤྱི་ཚོགས་ནང་ཇག་རྐུན་དང་མི་གསོད། བཙན་གཡབ་དང་བཟའ་འཐོར། དུད་ནག་སོགས་དུག་རྫས་སྤྱོད་མཁན་དང་བུ་ཕྲུག་ཁོག་ནས་འདེད་མཁན་སོགས་ཆ་སྙོམས་ཀྱིས་རྡབ་བཞི་ལྷག་འཕར་འདུག་ཟེར།
གྷ་ཊི་བྷི་ལེ་སི་(God bless )ཟེར་བ་ནི་དཀོན་མཆོག་གིས་བྱིན་གྱིས་རློབས་ཟེར་བའི་དོན་ཡིན་ལ། དེ་ནི་ཨ་མེ་རི་ཀའི་མི་སེར་མཐོ་དམན་བར་གསུམ་གྱི་སེམས་ལ་འཇགས་ཤིང་ཁ་ལ་བྱང་བའི་ཚོར་འདུ་དྲག་པོ་ཅན་གྱི་མིང་ཚིག་ཅིག་རེད། སྤྲང་བོ་ཚོས་སློང་མོའི་རྗེས་སུ་གྷ་ཊི་བྷི་ལེ་སི་བརྗོད་ལ་སྲིད་འཛིན་གྱིས་གཏམ་བཤད་རྗེས་སུ་ཡང་གྷ་ཊི་བྷི་ལེ་སི་བརྗོད།
གྷ་ཊི་བྷི་ལེ་སི་ཨ་མེ་རི་ཀ་ཞེས་པའི་སྐད་གྲགས་ཅན་གྱི་རྒྱལ་ཞེན་གླུ་གཞས་དེ་རྩེད་མོ་སོགས་གཞུང་སྒེར་གྱི་མཛད་སྒོ་མང་པོའི་ཐོག་ལེན་གིན་འདུག
འདི་ལ་ཧ་ཅང་འདྲ་ས་ཞིག་ཡོད་པ་ནི་བོད་པའི་ས་ཁུལ་ཁ་ཤས་ན་སྣ་སྦྲིད་རྒྱབ་ན་་་གནམ་གྱིས་སྲུངས། ཚེ་རིང་།ཟེར་སྲོལ་ཡོད་པ་བཞིན་ཡི་ཤུ་བ་ཚོས་ཡང་སྣ་སྦྲིད་རྒྱབ་ན་་གྷ་ཊི་བྷི་ལེ་སི་ཡུའོ་(ཡུའོ་ནི་ཁྱེད་ལ་ཟེར་བའི་དོན)ཟེར་སྲོལ་འདུག
མདོར་ན་ཨ་རི་མངའ་ཁུལ་གཅིག་སྒྲིལ་རྒྱལ་ཁབ་འདིས་མི་མང་གིས་ཡོད་ཚད་དཀོན་མཆོག་གིས་བཟོས་ཤིང་ཡོད་ཚད་དཀོན་མཆོག་གི་ཆེད་སྒྲུབ་ཀིན་འདུག
འདི་ནི་དུས་རབས་བར་མའི་ནང་ཡོ་རུབ་གླིང་དུ་ཆོས་ཀྱི་ཆེད་དུ་སྲིད་བཟུང་བ་ལྟར་མ་ཡིན་པར། སྲིད་ཀྱི་ཆེད་དུ་ཆོས་བཟུང་སྟེ་མི་མང་གི་དད་པ་དང་མངོན་འདོད་གཞི་ལ་བཞག་ནས་མང་གཙོ་སྤེལ་བས་ཨ་རིའི་མང་གཙོ་ལ་ལོ་ངོ་ཉིས་བརྒྱ་དང་སོ་ལྔའི་རིང་ལ་བར་ཆད་མེད་པར་བླ་ན་མེད་པའི་གྲུབ་འབྲས་བླངས་ཡོད། ཨ་རིའི་མི་མང་གི་སྲོག་དང་བླ་ལ་ཞུགས་པའི་དཀོན་མཆོག་གི་སྙིང་སྟོབས་དེས་ཁོ་ཚོ་འཛམ་གླིང་གི་དཔལ་འབྱོར་གྱི་བཞི་ཆའི་བདག་པོ་གྱུར་ཞིང་དམག་འཁྲུག་ཆེན་པོ་དག་ལས་རྣམས་པར་རྒྱལ་ཡོད། ཁོ་ཚོས་བསམ་ན་བྷིར་ལེན་གྱི་རྩིགས་གྱང་གཏོར་ནས་སུའུ་ལེན་འཐོར་བཤིག་ཏུ་སོང་བ། ཟླ་བའི་ནང་ལ་གོམ་བགྲོད་བྱས་ནས་གཟའ་མིག་དམར་ནང་ལ་འཕྲུལ་ཆས་བསླེབས་པ་སོགས་ཡོད་ཚད་དཀོན་མཆོག་གིས་བཀའ་དྲིན་ཡིན་ཟེར་རོ། །
ཟུར་མཚན་༙ འདི་ཁོ་བོས་འབྲི་བཞིན་པའི་དུག་དབྱུང་ཞེས་པའི་རྩོམ་དེབ་ལས་དགོས་དབང་གིས་སྔ་འདོན་བྱས་པ་ཡིན
This article is very nice. but remember american does not mix religion and politics when it comes to service. They know how to differentiate personal faith and professional level of work.
ཞིབ་ཀློག་བྱས་ན་གོ་ཡ་མང་པོ་འདུག
ལགས་སོ།ལགས་སོ། དེ་དེ་བཞིན་ནོ།།
དངོས་གནས་འདི་ཡང་བསམ་བློ་གཏོང་དགོས་ས་གཙོ་བོ་ཞིག་ཆགས་འདུག་པ་མ་ཟད། ང་ཚོས་ཤེས་དགོས་པ་ཡང་གལ་ཆེན་པོ་རེད་ཡ་་་
དངོས་གནས་ཡག་པོ་འདུག
དོན་ངོ་མའི་ཆ་ལ་ཆོས་སྲིད་ཟུང་དུ་འབྲེལ་ཚུལ་གང་འདྲ་རེད།
རྩོམ་འདི་ལྟ་བུ་བཀོད་ན་དངོས་གནས་རིན་ཐང་དང་ཕན་ཐོགས་འདུག ཁྱེད་ཀྱི་རྣམ་དཔྱོད་དང་འཆར་གཞི་དེ་ལ་སྙིང་ནས་ཡི་རང་ཡོད། མ་ཟད་དེའི་སྐོར་གྱི་དེབ་དེ་གང་མྱུར་མི་མང་གི་མདུན་དུ་སྟོན་ཐུབ་པའི་སྨོན་འདུན་ཞུ།།
མཁྲིས་ནད་ཅན་གྱི་ནད་པས་འཇིག་རྟེན་ཧྲུལ་བོའི་སེར་བོ་ཅི་མ་བདེན། ཆོས་དད་ཅན་གྱིས་ཡོད་ཚད་ཆོས་དུ་མཐོང་། ཉེར་ཆར་ཉམས་ཞིབ་པ་རྣམས་ཀྱིས་་CNN རྒྱུད་ནས་བཤད་གསལ། ཨ་རི་ནི་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ལྟ་ཅི་དེ་ལས་ཟློག་སྟེ་ད་ནས་བཟུང་མི་ལྔ་བཅུ་ཙམ་གྱི་རྗེས་སུ་ཨི་རུ་དང་ཨ་སུ་ལན་དྲུ་གཙོ་བོའི་གྱུར་བའི་རྒྱལ་ཁབ་དགུའི་ཙམ་ཆོས་མེད་རྒྱལ་ཁབ་ཏུ་འགྱུར་རྒྱུའི་དཔྱད་བརྗོད་སྤེལ་འདུག ད་ལྟ་ཆོས་མེད་རིང་ལུགས་ནི་ཨ་རིའི་ནང་འཕེལ་རྒྱལ་མགྱོགས་ཤོས་ཀྱི་གྲས་བཤད་འདུག
ཨ་རིའི་སྲིད་འཛིན་གྱི་རྣམས་ཀྱིས་ཡེ་ཤེས་དཔེ་དེབ་ཀྱི་མདུན་དུ་དམ་བཅའ་བཞག་པ་ནི་དད་པ་ཡིས་བཞག་པ་མིན་པར་གོམས་སྲོལ་གྱི་བཞག་པ་ཡིན། དེ་ལྟར་མིན་ན་ཨ་རི་སྲིད་འཛིན་ཡིན་ཚེ་ཡེ་ཤེས་ཆོས་ལུགས་པ་ཡིན་དགོས་མོད། དེ་འདྲའི་ཟུར་ཙམ་ཡང་ཨ་རི་བཅའ་ཁྲིམས་ནང་བཀོད་མེད་པ་མ་ཟད་ཨོ་བྷ་མ་ཁ་ཆེ་ཡིན་པའི་དོགས་པ་ཟ་མཁན་ཡང་ཡོད། སོ་སོའི་མཐུན་ཕྱོགས་སྒྲིགས་ནས་དྲང་བདེན་མིན་དཔྱད་པ་སྣང་བ་ནི་བོད་མདོར་བསྡུས་ན་བོད་མི་རིགས་མགོ་སྐོར་བཏང་བྱེད་ཡིན།
ཨོ་མ་བྷ་མ་ཁ་ཆེ་ཡིན་མིན་ལ་དོགས་པ་ཅི་ལ་ཟ། ཁ་ཆེ་རེད་པ།
ཁ་བརྡ་འདི་ཚང་ལ་ཅི་ཞིག་མ་འགྲིག་པ་ཡིན་ནམ།
ཅིག་མ་འགྲིག་ཐ་ཆན་སྒོ་རྒྱབ་དང་ང་་་ཉིག་མ་འགྲིག་ཐ་ཆན་སྒོ་རྒྱབ་དང་ང་། སྡེ་ཚོར་ཙ་གེ་ཙིག་གེ་བཤད་གི་ཆིག་མོ། དྲ་ཐོག་ལྟ་བུའི་བདེ་འཇགས་ཀྱི་གཡུལ་ས་ཞིག་གང་ན་ཡོད་ནི། སྡེ་ཚོས་ཁ་ར་ཁ་བཀགས་ནས་་་ཁ་བརྡ་ཚང་རྒྱའི་དྲིལ་བསྒྲགས་ལག་ཆ་མ་རེད་མོ།
ཨ་ནུ་ཐང་ལགས། གོམས་སྲོལ་ག་འདྲ་བྱས་ནས་ཆགས་པ་རེད།
ཨ་རིའི་དབུས་ཁུལ་དུ་ཡེ་ཤུའི་ཆོས་ལུགས་པ་ཧ་ཅང་མང་ཡང་། ཤར་ནུབ་གཉིས་སུ་ཉུང་དུ་ཕྱིན་ནས་ཡེ་ཤུའི་ཆོས་ཁང་མང་པོ་སྒོ་རྒྱག་དགོས་བྱུང་དང་འབྱུང་བཞིན་འདུག
་་་། ཨ་རིའི་དམག་ཁོངས་སུ་ནང་པའི་དམག་མི་༣༣༠༠ཙམ་ཡོད་པ་ལ་ནང་པའི་ཆོས་དགེ་(བོད་ཀྱི་ནང་པའི་ཆོས་དཔོན་གཅིག་)གསུམ་ ཡོད་པའི་ལས་རྟགས་ལ་ཆོས་འཁོར་བཞག་འདུག དེ་མིན་མངོན་ཤེས་སྨྲ་མཁན་འགའ་རེ་ཨ་རིའི་གསང་བའི་ལས་ཁོངས་ཀྱི་ལས་རོགས་ལ་བཞག་ ཡོད་པར་གོ་ཐོས་བྱུང་ལ། ་་་ནང་པའི་ཆོས་དཔོན་གྱི་མིང་དང་ངོ་སྤྲོད་སུས་བྱས་ཐུབ་བམ།
ང་ཚོའི་ཕ་ཡུལ་དུ། ཕ་མས་རང་གི་ཕྲུ་གུས་ཧབ་སྦྲིད་རྒྱབ་སྐབས། ཧབ་སྦྲིད་ཐེངས་དང་པོར། ནད་ཐོན། ཐེངས་གཉིས་པར། ཚེ་རིང་། ཞེས་དང་། མུ་མཐུད་ནས་ཧབ་སྦྲིད་གསུམ་པ་བརྒྱབ་ན། བླ་མས་སྐྱོབས། ཞེས་ཟེར་སྲོལ་འདུག་ལ། ངེད་ཀྱང་མུ་མཐུད་ནས་ལག་ལེན་དུ་བཀོལ་ཐབས་གང་ཐུབ་དང་། གཞན་ལ་ཡང་དེ་ལྟར་སློབ་བཞིན་ཡོད།
ཀརྡོ་རབ་འབྱམས་པ་ལགས། གྷོའུ་གྷོལ་(google) ནང་ལ་Budhist chaplain་རྒྱབ་ན་ཆོས་དཔོན་གྱི་པར་དང་མིང་སཽགས་ཐོན་ཡོང་གི་འདུག
་་་ཨ་རིའི་གཞུང་གིས་གདོན་འདྲེ་སྲུང་མ་ཞིག་རྟེན་གིན་ཡོད་་་་་་་ཟེར་བ་་ནི་དགོད་བྲོ་བ་ཞིག་རེད། ཁོ་ཚོར་ཡང་དོལ་རྒྱལ་འདྲ་བོ་ཞིག་ཡོད་ས་རེད།
ཨ་རིའི་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེའི་་སྐབས་སུ་སྔོན་དུ་ཆོས་དཔོན་ནས་ལས་དོན་ལམ་ལྷོངས་ཡོང་ཆེད་དཀོན་མཆོག་ལ་གསོལ་བ་འདེབས་པ་དང་། མཇུག་ཏུ་དཀོན་མཆོག་གི་བཀའ་དྲིན་ལ་རྗེས་དྲན་གྱིས་ཐུགས་རྗེ་ཆེ་ཞུའི་གསོལ་འདེབས་ཞུ་ཡི་འདུག སྲིད་འཛིན་གྱི་མཛད་འགན་ཐོག་མར་བཞེས་དུས་སུའང་ཡེ་ཤུའི་ཆོས་དེབ་ལག་པར་ཁྱེད་ཀྱི་འདུག སྲིད་འཛིན་ཨོ་བྷ་མ་ཡེ་ཤུ་མིན་པའི་སྐོར་ལ་བགྲོ་གླེང་མང་པོ་བྱས་སོང་། ཁྲིམས་ཐོག་ནས་་མང་གཙོ་ཡིན་ཡང་མི་མང་གི་སེམས་ནང་ཡེ་ཤུ་མིན་པའི་མི་ཞིག་སྲིད་འཛིན་བྱས་མི་ཆོག་པའི་ལྟ་ཚུལ་གསལ་པོ་འདུག
མི་ལགས་ལ་ཐུགས་རྗེ་ཆེ་ཞུ།
http://www.cnn.com/video/#/video/world/2011/03/22/lah.japan.elderly.struggle.cnn
ཨ་རི་པ་ཡེ་ཤེས་ཆོས་ལུགས་ལ་དད་པ་ཅི་ཙམ་ཡོད་མེད་གནད་དོན་འདིའི་གསལ་བཤད་བྱས་ཡོད། དཀོན་མཆོག་གི་བཀའ་དྲིན་ཡིན་པ་སེམས་གཏིང་ནས་བསམ་མཁན་ནི་ཧ་ཅང་ཉུང་ལ་གོམས་སྲོལ་ཙམ་གྱིས་དེ་ལྟར་བྱེད་ཅི་ཡོད། དེ་མིན་ན་ CNN སོགས་ཀྱི་དྲ་རྒྱ་ལ་གཟིགས་དང་། ཆོས་ལུགས་ཀྱི་སྡེ་ཚན་ཡོད་མཁན་ཧ་ཅང་ཉུང་ཉུང་ཡིན། དེ་ལས་མང་དུ་རྒྱུ་མཚན་ཡོད་ཀྱང་ཚིག་ཉོག་མང་བས་གལ་གནད་དུ་མ་མཐོང་བས་མི་འབྲི།
དགོངས་དག གོང་གི་དྲ་རྒྱའི་ཁ་བྱང་ནོར་འདུག ཡང་སྐྱར་འོག་ཏུ་འདོད་རྒྱུ་ཡིན།
http://www.cnn.com/video/#/video/world/2011/03/24/connect.your.world.cnn?iref=allsearch
ཨ་ནུ་ཐང་བསོད་ནམས་ལགས།
ཆོས་ཁས་ལེན་ན་ཡོད་ཚོད་དཀོན་མཆོག་གི་བཀའ་དྲིན་ཡིན་པ་སེམས་གཏིང་ནས་བསམ་དགོས་སམ།
ཆོས་ཀྱི་གནད་དོན་མ་ཤེས་པའི་སྐྱ་སྟོང་ཞིག
ཆོས་ཀྱི་གནད་དོན་མ་ཤེས་པའི་རྐྱལ་སྟོང་ཞིག ལ་བཅོས་རོགས་ཞུ།
མིག་ལགས།
ཆོས་ཡིན་ན་དཀོན་མཆོག་གི་བཀའ་དྲིན་ལ་ཡིད་ཆེས་བྱེད་དགོས་པས་མ་ཁྱབ་ཀྱང་ཡེ་ཤེས་བ་ཡིན་ན་དཀོན་མཆོག་གི་བཀའ་དྲིན་ལ་ཡིད་ཆེས་བྱས་ཏེ་གཏང་རག་ཕུལ་དགོས་བ་གཞི་བརྩིའི་ཆོས་ཕྱོགས་སུ་སྐྱབས་སུ་འགྲོ་སྟངས་ཡིན།
ཡེ་ཤེས་ཆོས་ཁས་ལེན་མཁན་ཚོས་རང་ཉིད་ན་དུས་ཀྱང་གཙོ་བོ་ཡེ་ཤེས་ལ་གཏང་རག་ཕུལ་དགོས་སམ།
གཏང་རག་ཅེས་པ་གང་འདྲ་ཅིག་ལ་ཟེར་བ་རེད།