༼གོམ་བགྲོད་པ་རྣམས་རྒྱལ་སྤྱིའི་གསར་གནས་ལས་ཁང་ CNN ལྟེ་གནས་ཀྱི་མདུན་དུ་འཛོམས་ནས་ཡོད་པ། པར་པ་སངས་རྒྱས་བཀྲ་ཤིས།༽
ཨེ་ཊི་ལན་ཊ། – ཕྱི་ལོ་ ༢༠༡༡ ཟླ་ ༠༣ ཚེས་ ༡༠ ཉིན་ཨ་རིའི་གྲོང་ཁྱེར་ཨེ་ཊི་ལན་ཊ་(ATLANTA) ནང་ཡོད་པའི་བོད་མི་ཚོས་གོ་སྒྲིག་འོག་བོད་ཀྱི་རང་དབང་སྒེར་ལངས་ཆེན་མོའི་ལོ་འཁོར་དུས་དྲན་ ༥༢ པ་སྲུང་བརྩི་དང་འབྲེལ་གྲོང་ཁྱེར་ནང་ཞི་བའི་གོམ་བགྲོད་ཐེངས་དང་པོ་གནང་ཡོད། དེ་ཡང་ལས་འགུལ་འདིའི་ནང་མཉམ་ཞུགས་གནང་མཁན་ས་གནས་དེ་གར་བཞུགས་པའི་བོད་རིགས་སེར་སྐྱ་རྣམས་དང་། བོད་དོན་རྒྱབ་སྐྱོར་བ། བོད་རང་དབང་སློབ་ཕྲུག་ཚོགས་པ། མཐོ་རིམ་སློབ་གྲྭ་North Grand Valley University ནས་ཕེབས་པའི་སློབ་ཕྲུག་བཅས་ཁྱོན་བསྡོམས་མི་གྲངས་བདུན་ཅུ་ཙམ་འཛོམས་ཡོད།
<—༼བུ་བསྟན་འཛིན་ཆོས་རབ་ཀྱིས་བོད་ཀྱི་རྒྱལ་དར་སྒྲེང་བཞིན་པའི་ཐོག་གོམ་བགྲོད་ལ་མཉམ་ཞུགས་གནང་བཞིན་པ། པར་པ་སངས་རྒྱས་བཀྲ་ཤིས།༽
གྲང་ངར་ཧ་ཅང་ཆེ་བའི་རླུང་འཚུབ་ཀྱི་དཀྱིལ་དུ་ཞི་བའི་གོམ་བགྲོད་པ་རྣམས་ཀྱིས་ “བོད་ལ་རང་དབང་དགོས།” “བོད་སྐྱོབས་ཤིག” “ཧུའུ་ཅིན་ཐའོ། ༧གོང་ས་མཆོག་དང་བཀའ་མོལ་གནང་དགོས་”ལ་སོགས་པའི་འབོད་ཚིག་འཁོད་པའི་ཤོག་བྱང་བསྣམས་ཡོད་པ་དང་། རེས་འགས་བོད་ཀྱི་རྒྱལ་དར་དགུང་ལ་བསྒྲེངས་པ་དང་། བོད་མི་ཚང་མས་བྱང་ཆུབ་སེམས་མཆོག་མ་སྐད་གསེངས་མཐོན་པོས་འདོན་བཞིན་དུ་རྒྱལ་སྤྱིའི་གསར་གནས་ལས་ཁང་ CNN ལྟེ་གནས་ནས་གོམ་བགྲོད་དབུ་འཛུགས་ཀྱིས། སྟོང་ལོའི་ཨོ་ལིམ་པིག་གླིང་ག་དང་། དེ་མིན་ཚོང་དང་རིག་གཞུང་གི་ལྟེ་གནས་གལ་གནད་ཅན་མང་པོའི་མདུན་དུ་མེ་ལེ་གཉིས་དང་ཕྱེད་ཙམ་གྱི་ས་ལ་གོམ་བགྲོད་གནང་། མཐར་ Colony Square ལམ་མདོར་འཛོམས་ཏེ་༧གོང་ས་མཆོག་གི་སུམ་ཅུའི་དུས་དྲན་གྱི་གསུང་འཕྲིན་བོད་དབྱིན་གཉིས་ཀྱི་སྐད་དུ་སྒྲོག་སྦྱངས་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པ་དང་། བདེན་ཚིག་སྨོན་ལམ་རྟ་དབྱངས་དང་བཅས་བཏོན་ཏེ་ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད།
༼གནས་ཚུལ་མཁོ་གཏོང་གནང་མཁན། བརྩོན་འགྲུས་བསམ་འཕེལ་དང་ཚེ་བརྟན། ༽