བོད་ཀྱི་དུས་བབ་ནས་བཏུས།
ཨ་རིའི་ཝི་སུ་ཀོན་སིན་ (Wisconsin) མངའ་སྡེའི་མལ་ཌི་སིན་ (Madison) གྲོང་ཁྱེར་དུ་ཡོད་པའི་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོས་འདི་ལོའི་ཕྱི་ཟླ་ ༣ པ་ནས་ལས་ཀའི་སྙན་ཞུ་འགེང་ཤོག་བོད་ཡིག་ནང་འགེང་ཆོག་བཟོས་ཡོད་པས། འདི་ནི་ནུབ་ཕྱོགས་རྒྱལ་ཁབ་ཅིག་ཏུ་བོད་ཀྱི་སྐད་ཡིག་ཐོག་འགེང་ཤོག་བཟོ་འགོད་བྱས་ཏེ་བོད་མི་ཚོས་མི་རིགས་གཞན་དང་དཔུང་གཤིབ་འདྲ་མཉམ་གྱིས་རང་གི་སྐད་ཡིག་བེད་སྤྱོད་བྱ་རྒྱུའི་གོ་སྐབས་བྱུང་བ་དེ་བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་ནང་ཐོག་དང་པོ་ཡིན་ཞེས་བརྗོད་ཀྱང་མི་འགྲིག་པ་མེད།
ཝི་སི་ཀོན་སིན་ནི་ཨ་རིའི་ནུབ་དཀྱིལ་ས་ཁུལ་དུ་གནས་པའི་འོ་མའི་ཐོན་རྫས་མང་བའི་མངའ་སྡེ་ཞིག་ཡིན་ལ། མལ་ཌི་སིན་དུ་ཡོད་པའི་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོ་ནི་ཨ་རིའི་ཡུལ་དུ་བོད་རིག་པའི་སློབ་གཉེར་སྡེ་ཚན་འགོ་འཛུགས་བྱེད་མཁན་སློབ་གྲྭ་ཆེན་མོ་ཐོག་མའི་གྲས་ཤིག་ཡིན་པ་དང་། བོད་ཀྱི་ནང་ཆོས་སློབ་ཁྲིད་བྱ་ཆེད་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་ཐོག་མར་ས་གནས་འདིར་ཕེབས་ཤིང་རིམ་བཞིན་བོད་མི་ཁ་ཤས་སླེབས། དེ་ནས་ལོ་རབས་ ༩༠ བའི་ནང་ཨ་རི་གཞུང་གིས་བོད་མི་ཆིག་སྟོང་ཨ་རིར་གནས་སྤོར་བྱེད་དུ་བཅུག་པའི་ཁོངས་བོད་མི་མང་པོ་ཞིག་མལ་ཌི་སིན་གྲོང་ཁྱེར་དུ་སླེབས་འབྱོར་གྱིས་གཞིས་ཆགས་པ་བརྒྱུད་རིམ་པས་བོད་མི་བརྒྱ་ཕྲག་མང་པོ་རྒྱ་གར་དང་བོད། ཨ་རིའི་མངའ་སྡེ་གཞན་ནས་སླེབས་འབྱོར་གནས་སྤོར་བྱས་ཏེ་དེང་སང་ཝི་སི་ཀོན་སིན་མངའ་སྡེའི་ནང་བོད་མི་དྲུག་བརྒྱ་ཙམ་ཡོད་པར་མང་ཆེ་བ་མལ་ཌི་སིན་གྲོང་ཁྱེར་ནང་གནས་སྡོད་བྱས་ཡོད།
ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་ཟུར་ཞིག
མལ་ཌི་སིན་གྲོང་ཁྱེར་ནི་ཝི་སི་ཀོན་སིན་མངའ་སྡེའི་རྒྱལ་ས་ཡིན་ཞིང། ཡན་ལག་སློབ་གྲྭ་མང་པོ་ཡོད་པའི་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་འཛིན་སྐྱོང་ལས་ཁུངས་ཁག་དང་མ་ལག་སློབ་གྲྭ་གཙོ་བོ་དེ་གྲོང་ཁྱེར་འདིར་ཆགས་ཡོད་ལ། སློབ་གྲྭའི་སྨན་ཁང་དང་མངའ་སྡེའི་སྨན་ཁང་ཆེ་ཤོས་ཁག བཟོ་ལས་དང་ཚོང་ལས། ཞིབ་འཇུག་ལས་ཁུངས། ལུས་རྩལ་བཅས་ཡོད་པའི་ལས་རིགས་སྣེ་འཛོམས་དང་སློབ་གཉེར་ཐོག་དང་དོད་ཆེ་བའི་གྲོང་ཁྱེར་ཞིག་ཡིན་པ་མ་ཟད། བོད་ལུགས་དགོན་པ་དང་ཆོས་ཚོགས། སྨན་སྦྱིན་ཁང་། བོད་མིའི་སྤྱི་མཐུན་ཚོགས་པ་ཡང་ཡོད། ལྷག་པར་དུ་སྤྱི་ནོར་ ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་འདིར་ཞབས་སོར་ཐེངས་མང་འཁོད་མྱོང་ཞིང་། མལ་ཌི་སིན་གྲོང་ཁྱེར་གྲོས་ཚོགས་ཀྱིས་ལོ་རེའི་གསུམ་བཅུའི་དུས་དྲན་བརྩི་སྲུང་གིས་བོད་དོན་གྲོས་ཆོད་འཇོག་པ་དང་གྲོང་ཁྱེར་ལས་ཁུངས་མདུན་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་སྒྲེང་འཛུགས་བྱེད་བཞིན་ཡོད་པས། བོད་དང་དེའི་རིག་གཞུང་ལ་དོ་སྣང་རྒྱབ་སྐྱོར་བྱེད་པར་གདོང་དུ་ལངས་མཁན་གྱི་གྲོང་ཁྱེར་ཞིག་ཀྱང་ཡིན།
མལ་ཌི་སིན་དང་ཐག་ཉེར་ཡོད་པའི་རི་དྭགས་ཚལ་དགོན་པ།
ཝི་སི་ཀོན་སིན་མངའ་སྡེ་གཞུང་དང་ལྷག་པར་དུ་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོས་མི་རིགས་དང་པགས་མདོག སྐད་ཡིག་བཅས་ལ་དབྱེ་འབྱེད་མེད་པར་མི་རིགས་ཚང་མར་ལས་ཀའི་གོ་སྐབས་འདྲ་མཉམ་སྤྲོད་ཀྱི་ཡོད་པར་བརྟེན། སི་པན་སྐད་དང་མོང་སྐད་(Hmong) ཐོག་ལས་ཞུའི་འགེང་ཤོག་དེ་སྔ་ནས་བཟོས་ཡོད་པ་དང་། དབྱིན་སྐད་གོ་འཕེར་མེད་མཁན་ཚོར་མི་རིགས་རང་གི་སྐད་ཡིག་ཐོག་སྐད་བསྒྱུར་ཞབས་ཞུ་ཡང་ཡོད་པ་རེད། བོད་མི་བརྒྱ་ཕྲག་ཅིག་གིས་མལ་ཌི་སིན་གྱི་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོ་དང་དེའི་སྨན་ཁང་དུ་ལས་འཁུར་ཞུ་བཞིན་ཡོད་པ་དང་། ལས་ཀ་འདི་རིགས་མངའ་སྡེ་གཞུང་གི་ལས་ཀ་ཡིན་པ་དང་ལས་ཀ་བྱེད་མཁན་ཚོ་ཡང་མངའ་སྡེ་གཞུང་གི་གཞུང་ཞབས་ཡིན་པས། ལས་ཀ་བརྟན་པོ་ཡིན་པའི་ཁར་ཁེ་ཕན་ཐོབ་ཐང་ཡང་ཡག་པོ་ཡོད་པ་ཞིག་ཡིན།
འདི་གའི་བོད་མི་རྣམས་ཀྱིས་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་རྒྱུན་འཛིན་དང་རང་འཁྲིའི་ ལས་ཀར་ཧུར་ཐག་འབད་འབུངས་བྱས་པའི་ཉེར་ལེན་དང་། ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་རིས་མེད་སྣེ་འཛོམས་(diversity) དང་འདྲ་མཉམ་གྱི་སྲིད་བྱུས་བཟང་པོ་ལ་བརྟེན། ད་ཐེངས་ཝི་སི་ཀོན་སིན་མངའ་སྡེར་བོད་ཀྱི་སྐད་ཡིག་ནང་ལས་ཀའི་སྙན་ཞུ་འགེང་འབུལ་ཞུ་རྒྱུ་ཡོད་པ་བཟོས་པ་དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཅིག་ཏུ་ཐོག་དང་པོ་ཡིན་ལ། དེས་ཨ་རིའི་ནང་བོད་ཀྱི་སྐད་ཡིག་ལ་ངོས་ལེན་དང་། བེད་སྤྱོད་དར་སྤེལ་བྱ་རྒྱུར་ལེགས་སྐྱེས་དང་གོ་སྐབས་ཆེན་པོ་ཞིག་སྤྲད་ཡོད་པས། བོད་མི་རྣམས་ཀྱིས་ཀྱང་ཉག་ཕྲ་བའི་དུས་སྐབས་འདིར་རང་གི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་བྱ་ཆེད་དེ་དོན་དོ་སྣང་དང་དགའ་སྒོམ་གྱི་གོ་སྐབས་རྩ་ཆེན་ཞིག་རེད་སྙམ།
གཤམ་གསལ་དྲ་ཐག་ནས་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོ་དང་བོད་ཡིག་ཅན་གྱི་ལས་ཀའི་སྙན་ཞུ་འགེང་ཤོག ཝི་སི་ཀོན་སིན་བོད་མིའི་སྤྱི་མཐུན་ཚོགས་པའི་སྐོར་ལ་གཟིགས་ཐུབ།
http://www.wisc.edu/
http://www.ohr.wisc.edu/COB/CurrentUWEmployment.html
http://www.wistib.org/