བོད་ནས་ལྷམ་ཀོག་གིས
གུས་པར་འོས་པའི་སྐུ་ཞབས་ལགས།
རྒྱང་རིང་བོ་ནས་སེམས་ཀྱི་གནད་ས་ཕ་ཡུལ་ལ་གཏད་ཅིང་། རིག་པའི་རྣོ་ཁ་དུས་རབས་ལ་བཙུགས་ཡོད་པ་མཐོང་འཕྲལ་དགའ་བོ་བྱུང་། དེང་གི་ཆར་ཤར་གྱི་དངོས་པོ་ནུབ་ལ་བསྐྱལ་བར་ཚེགས་མེད་ཅིང་། ལྷོ་ཡི་བརྡ་འཕྲིན་བྱང་དུ་སྤེལ་བར་ཆེས་ཤིན་ཏུ་མྱུར་བའི་དུས་འདིར། འཛམ་གླིང་ནི་ཆེ་ནས་ཆུང་དུ་འགྲོ་བར་བཤད་ཅིང་། རིག་གནས་ཀྱང་སྣ་གཅིག་ནས་སྣ་མང་དུ་འགྲོ་བར་མངོན་སུམ་གྱི་ཡུལ་དུ་གྱུར་བ་འདི་ལྟ་ན། འུ་ཅག་གིས་ཀྱང་ལག་པ་དམ་པོ་ལྷོད་དུ་གཏོང་མཚམས་ཤེས་པའི་སྒོ་ནས། ཕྱི་ཡི་རིག་གནས་ལ་བསེད་གྲོལ་གྱི་གོ་སྐབས་ཡོད་པའི་སྒོ་ནས་དུས་རབས་ཤིག་གི ཆབ་དཔལ་རིག་གསུམ་ནང་དུ་བསུ་དགོས་པ་ཡིན་དུས། ཕན་ཚུན་འཆམ་མཐུན་གྱི་རྩ་བ་ནི་རྨང་དུ་བྱས་ཤིང་། དེ་ཡི་ཁར་རྒྱང་རིང་བོ་ཞིག་གི་ལས་དོན་དེ་ལ་གཞོལ་དགོས་པ་ནི་ཉིད་ལ་ཞུ་མ་དགོས་པ་ཞིག་རེད།
བོད་ཕྱི་ནང་གང་ན་ཡང་འཚོ་ཞིང་གཞེས་པའི་གསར་བུ་སྟག་འདྲ་གཟིག་འདྲ་དག་གི་སེམས་ཀྱི་རུས་པའི་སྣེ་ཁེན་ས་མི་རིགས་འདི་ཡིན་ཞིང་། ལག་གི་སྨྱུ་གུའི་ཁྲག་བཞུར་ས་ཡང་མི་རིགས་འདི་ཡིན་པ་ཧ་གོ་བ་བྱུང་ན། འུ་ཅག་ཕན་ཚུན་བར་སྡང་ཟུག་མེད་པར་འགྱུར་ངེས་པ་རེད། གྲོགས་པོ་ལགས་དེ་ལྟ་མོད། ལྟ་ཚུལ་ལམ་ལྟ་བ་ནི་དེ་ལྟ་རང་དུ་ཡིན་པས་སྣ་ཚོགས་ཤིག་ཏུ་ཆགས་ངེས་ཤིང་ཆགས་དགོས་པ་ཞིག་ཀྱང་རེད། མི་རིགས་ཤིག་གི་མདུན་ཐད་ནས་བཤད་ན་ཡང་། སྐབས་ཀྱི་དགོས་པ་ལ་དམིགས་ས་ཞིག་དང་། མཐར་གྱི་གནས་ལུགས་ལ་དམིགས་ས་རེ་ཡོད་པ་དེ་རྩྭ་ཀུ་ཤུའི་རྩེ་མོ་བཞིན་སོ་སོར་དབྱེ་འབྱེད་བྱ་དགོས་པ་ནི་གནད་ཀྱི་དམ་པ་རེད། ཕན་ཚུན་གྱི་ལྟ་ཚུལ་ལ་བརྩི་བཀུར་བྱས་ཏེ་རང་གི་ལྟ་བའི་རྒྱུན་སྐྱོང་སྟངས་ནི་རིག་གནས་མཉམ་གནས་ཀྱི་གཞི་རྐང་ཡིན་པ་འདྲ། དེ་སྔོན་ཉིད་ཀྱིས་སྐུ་ཞབས་དོན་འགྲུབ་རྒྱལ་དང་མཁས་དབང་དུང་དཀར་བ། མཁས་དབང་དགེ་ཆོས་སོགས་རེ་རེ་ལ་ཐལ་ཆེ་བའི་དགག་པ་བསྐྱོན་པ་དང་། དེ་སྔོན་མདོར་ན་བོད་ནང་གི་ཤེས་ཡོན་པ་ཡོད་ཚད་དམར་པོའི་ལུགས་སུ་བྱས་ནས་བཤད་པ་དེར། དྲང་ངེས་ལྡེམ་དགོངས་གི་ཁྱད་པར་ནི་ཡོད་དུ་མཆིའང་། དེ་ལྟར་བཤད་ན་དགོས་པ་ཅང་ཡོད་དམ། ལྷག་པར་དུ་མཁས་དབང་དུང་དཀར་བ་སོགས་ཀྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་སློབ་སའི་རྡུལ་གྲངས་དང་མཉམ་པ་བསྐྱངས་ཤིང་། བརྩམས་ཆོས་གླང་མོ་ཆེའི་རྒྱབ་འཁལ་ལོངས་པ་ཞིག་ཕྱི་རབས་ཀྱི་བགོ་སྐལ་དུ་བཞག་འདུག་པ་འདིར་རིན་ཐང་ཡོད་མེད་བརྗོད་དུ་མེད་པ་ཞིག་མ་རེད་དམ། དེ་ལས་གཞན་བོད་ནང་གི་ན་གཞོན་དག་གིས་ཕོ་རྒོད་འཐབ་ཀྱི་རྒོད་དང་བྱིའུ་འཐབ་ཀྱི་བྱེའུ་ཚུལ་དུ་བྱ་འགུལ་རབས་དང་རིམ་པ་སྤེལ་བ་ནི་དམར་པོའི་རྒྱལ་ཁབ་ཀྱི་ཆེད་དུ་མ་ཡིན་པར་མི་རིགས་ཤིག་གི་དོན་དུ་ཡིན་པ་ངེས་པར་མཁྱེན་དགོས་ཨ། ཁོང་རྣམ་པའི་བྱ་འགུལ་སྤེལ་སྟངས་ནི་སྣ་ཚོགས་ཤིག་ཏུ་མཆིས་ཤིང་། མར་ཁུ་སིའི་ལྟ་བུ་འམ་ཡང་ན་མོའུའི་ལྟ་བ་ཡང་འདྲ་ས་ཡོད་ན་ཐང་། བདག་ཅག་གི་སྐྱབས་མགོན་ཡིད་བཞིན་ནོར་བུས་ཀྱང་ང་ནི་མར་ཁུ་སིའི་རྗེས་འཇུག་པ་ཞིག་ཡིན་ཞེས་ཀུ་རེ་ཡི་ཚུལ་དུ་གསུངས་པ་དེས་ཀྱང་ཧ་ཞིག་གོ་དགོས་པ་རེད། གྲོགས་པོ་ལགས། ན་ནིང་ཞི་རྒོལ་ཆེན་མོའི་ཁྲོད་དུ་དངོས་སུ་ཞུགས་པ་འམ་ཡང་ན་བསམ་བློ་སྣེ་འཁྲིད་ཀྱི་ནུས་པ་འདོན་མཁན་དེ་ཀོ་ཡང་ལྟ་བའི་ཆ་ནས་མོའུའི་ལྟ་བ་དང་ཡང་ན་མར་ཁུ་སིའི་ལྟ་བའི་ལངས་ཕྱོགས་དང་མཐུན་པ་ཤིན་ཏུ་མང་ཚོད་རེད་མོད། ཞབས་འདེགས་སྒྲུབ་ས་དང་མིག་ཆུ་འོང་ས་ནི་རང་གི་མི་རིགས་རེད། གྲོགས་པོ་ལགས། མཚམས་རེར་མི་རིགས་སམ་ཡང་ན་སྐབས་ཀྱི་གནས་ཚུལ་མང་པོ་ཞིག་གི་སླད་དུ་རང་གི་སྒེར་ངོས་ཀྱི་དུངས་ཞེན་དང་བརྩེ་བ་འདོར་དགོས་ས་ཡང་ཡོད་འདུག སྤྱི་ཚོགས་ཟེར་བ་འདི་དྲང་བོ་མ་ཡིན་པར་ཡོན་པོ་ཞིག་ཡིན་པ་ཤེས་དགོས་པ་དེ་རེད། གནས་ལུགས་ལ་ལ་ཞིག་སྐབས་ཀྱི་གནས་ཚུལ་དང་རྒྱང་བཀྱེད་དེ་ཡོད་ན། གནས་ལུགས་མ་ཡིན་པ་ཞིག་གིས་གནས་ལུགས་མ་ཡིན་པ་ཞིག་ལ་རྒོལ་དགོས་པ་ཡང་མང་པོ་ཡོད་པ་རེད། ཁྲོ་བས་ཁྲོ་བ་བཏུལ་བ་དང་ཞི་བས་ཞི་བ་བཏུད་པའི་དཔེ་དང་འདྲ་བོ་འདུག གྲོགས་པོ་ལགས་བོད་ནང་གི་ན་གཞོན་དག་ནི་མི་རིགས་ལ་དུངས་ཞེན་ཆེས་དྲགས་པ་དང་། མགོ་ཐོག་གི་གདུག་རྩུབ་ལ་ཤིན་ཏུ་སྡང་དྲགས་པས་མཚམས་རེར་བྱམས་སྙིང་རྗེ་སོགས་ཀྱི་ལྟ་བར་ཐལ་ཆེ་བའི་ལུགས་སུ་འདོད་པ་འབྱུང་གིན་ཡོད་པ་ནི་དངོས་པོའི་གནས་ཚུལ་ཞིག་ཡིན་པ་རེད། དེ་ལ་ཡང་མི་རིགས་ཤིག་གི་སྐབས་ཀྱི་གནས་སྟངས་འདི་ལྟ་བུའི་འོག་ནས་སྐྱེས་མི་སྲིད་པ་མ་རེད། གལ་ཏེ་ཁྱོད་ཀྱིས་མཚན་དུ་གསོལ་བའི་དགྱ་རྒན་ལོ་ལོན་དག་ཀྱང་དེ་ལྟར་རེད། འདི་ནས་ཤེས་དགོས་པ་ཞིག་ལ་དགྱ་རྒན་ལོ་ལོན་དེ་དག་དགྱ་ནག་གི་ཆེད་དུ་རྒས་གྱིན་པ་ཞིག་མ་ཡིན་པར་མི་རིགས་ཀྱི་ཆེད་དུ་རྒས་གྱིན་ཡོད་པ་ཞིག་རེད་འདུག མཚམས་འདིར་ལོའུ་ཞོན་དང་ཞོགས་དུངས་གཉིས་རུས་མི་གཅིག་པ་བཞིན་ན་ས་དང་སྡང་ས་དེ་ཡང་མི་གཅིག་པ་རེད། དེ་གཉིས་ཀྱི་ལྟ་བར་འདྲ་ས་ཡོད་ན་ཐང་། རྒྱུ་མཚན་ནི་རང་ཅག་ཞི་བདེ་ལ་དགའ་བ་རྣམས་ཀྱིས་ཞི་བདེའི་དེད་དཔོན་ཞིག་ག་བར་ཡོད་ན་དེ་ལ་སྐྱབས་འཆའ་བ་བཞིན། མི་རིགས་ཀྱི་ནང་གི་བསམ་བློའི་ཐད་ཀྱི་བཅིངས་གྲོལ་ལ་བརྩོན་པ་དག་གིས་ཀྱང་དེ་ལྟར་བརྩོན་ངེས་པ་རེད། གྲོགས་པོ་ལགས། ཁ་དང་ཁོག་པས་མ་གསང་བར་སེམས་གཏམ་ཞིག་བཤད་ནས། འཇིག་རྟེན་འདིའི་དབང་དུ་བཏང་ན་འུ་ཅག་གིས་ལོའུ་ཞོན་སོགས་དགྱ་རྒན་ལོ་ལོན་དག་གི་རྗེས་ཆོད་ཡོད་དམ། ཨ་རི་སོགས་སྔོན་མཐོན་རྒྱལ་ཁབ་དག་གི་མཁས་པའི་རིགས་ཕར་བསལ། དཔེ་ཞིག་བཞག་ན། གཞན་གྱི་མཛོད་ཁང་ནང་ན་ཡོད་པའི་གོས་དང་ཟས་ཀྱིས་རང་གི་བཀྲེས་ལྟོགས་སེལ་མི་ནུས་ན། རང་གི་མཛོད་ཁང་ལ་བསྔོགས་བཤེར་ཞིག་བྱས་ན་མི་འགྲིག་གམ། གལ་ཏེ་བསྔོགས་བཤེར་བྱས་པ་ཡིན་ན་ད་བཟོད་ཧ་ཞིག་གོ་རྒྱུ་ཡོད་འདུག གྲོགས་པོར་གསལ་འདེབས་ཤིག་བྱས་ན་འདི་ནི་སྲིད་ཕྱོགས་ནས་ལབ་པ་ཡིན། དེ་མིན་ད་ལྟའི་སྐབས་སུ་དོལ་རྒྱལ་དང་ཆོས་ལུགས་གསར་རྙིང་གི་རུས་ཞེན་མཁྲེགས་པོ་དེས་མཚོན་པའི་བོད་ཕྱི་ནང་། ཆོལ་ཁ་ཤོག་ཁ། སོགས་ཀྱི་བཟང་ངན་ལ་དེ་འདྲའི་རྩིས་ཆེན་ཞིག་བྱས་དགོས་པ་ཨེ་རེད་དམ། མ་གཞི་འཇིག་རྟེན་ཁ་དཔེར། འབུད་ན་སྒང་གཅིག འདུག་ན་ཁུག་གཅིག་ཅེས་པའི་ལས་དེར་ཞུགས་ན་མི་དགའ་འམ། ངས་ཞོར་ནས་འདི་གའི་གནས་ཚུལ་ཞིག་བཤད། ད་ལོའི་མདོ་བསྟོད་འཇང་དགུན་ཆོས་དགྱ་ནག་དུས་ཆེན་ལ་ཁེལ་ཡོད་སྟབས་ཆོག་མཆན་མ་བྱིན་པ་རེད། [ རྗེས་སུ་མ་གཏོགས། ] འོན་ཀྱང་ས་དེ་གའི་རྙིང་དགོན་ཆེ་གྲས་ཁག་གི་ཆོས་ཚོགས་ཆེན་མོ་དག་ཚོགས་སུ་བཅུག་པ་རེད། དེ་དུས་མི་ཞིག་གིས་གོང་རིམ་ལ་ཆོག་མཆན་སྟེར་ཚུལ་འདིར་ཁྱད་པར་ཤོར་དགོས་པའི་རྒྱུ་མཚན་ཡར་ཞུ་བྱས་དུས། འདི་ལྟར་བསེད་གྲོལ་བྱས་འདུག ན་ནིང་གི་རྩོད་ཉོག་དེ་ནི་དགེ་ལུགས་པའི་རྩོད་ཉོག་ཅིག་ཡིན་པ་ལས། རྙིང་མ་བ་ལ་འབྲེལ་མེད་པའི་རྒྱུ་མཚན་བཤད་འདུག གྲོགས་པོ་ལགས། གཞན་གྱིས་འུ་ཅག་གི་རིགས་གནས་ཀྱི་སྣང་ཚུལ་དང་ཆོས་ལུགས་ཀྱི་སྣང་ཚུལ་བེད་སྤྱད་དེ་འདི་ལྟར་ཁ་བྲལ་གཏོང་གིན་ཡོད་ན། འུ་ཅག་གིས་ང་དང་ཁྱོད་ཅེས་བརྩད་ན་དོན་གྱིས་དེ་ལ་རྒྱབ་གྲོགས་ཤིག་བྱས་པ་མ་ཡིན་ནམ། ད་དུང་གནས་ཚུལ་འདི་འདྲ་ཞིག་ཡོད་འདུག བོད་ནང་གི་མི་ནུས་པ་ཅན་ཚོར་གསང་ཉུལ་བའི་ཉེས་མིང་བཏགས་ནས་དེ་ཡི་ནུས་པ་སྤྱི་ཚོགས་སྟེང་དུ་མེད་པར་བྱེད་པའི་ལས་འགན་ཡོད་འདུག་པ་སོགས་མང་དུ་མཆིས་ན། འུ་ཅག་གིས་དེ་ལས་ལྡོག་པའི་ཆིག་སྒྲིལ་གྱི་ནུས་པ་ཞིག་ལ་མི་བརྩོན་པར་དགྱ་རྒན་ལོ་ལོན་དང་བླ་རྒན་ལོན་གྱི་བར་ཁྱད་ཙམ་བརྩད་ནས་བསྡད་ན་འགྲིག་གམ???
ཨར་བོད་ལགས་དགྱ་ནག་ལ་རྒྱབ་རོགས་བྱེད་མཁན་ཞིག་མིན་པའི་སྨོན་ལམ་རྒྱག་གིན་ཡོད།
ལྷམ་ཀོག་གིས་སྐད་ཆ་གནས་ལུགས་ཅན་ཞིག་བཤད་འདུག
རྒྱུ་མཚན་ཡོད་པའི་སྐད་ཆ་བཤད་འདུག དེ་དེ་བཞིན་དུ་བསྒྲུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན།
དྲ་དཔོན་ཀླུ་མིང་ཅན་གྱི་སྙན་ལམ་དུ།
གོང་གི་སྐུ་ཞབས་ལྷམ་གོག་ལགས་ཀྱི་རྩོམ་འདི་ལན་ཞིག་རེད་འདུག
འདིའི་དམིགས་འབེན་དུ་བཟུང་བའི་ཆེད་རྩོམ་ན་གཞོན་གསར་བ་ནི་རྒྱ་རྒན་ལོ་ལོན་ཞིག་རེད་ཅེས་པ་བོད་ནང་གི་ཧི་གཟུགས་ཟིན་བྲིས་སྟེང་སྤེལ་ནས་བདུན་ཕྲག་གཅིག་གི་དུས་ཡུན་ནང་ཀློག་མཁན་ཆིག་སྟོང་བརྒལ་བ་བྱུང་ཞིང་། བོད་ནང་གི་ན་གཞོན་ཚོས་གླེང་སློང་ཆེན་པོ་བྱེད་བཞིན་སྒང་རེད་འདུག ཨ་རིའི་བོད་པའི་ཆེད་རྩོམ་དེ་ཁ་བརྡ་དྲ་དེབ་སྟེང་འགོད་ཐུབ་ཚེ་སྐུ་ཞབས་ལྷམ་གོག་ལགས་ཀྱིས་གིས་འཕངས་བའི་མདའ་འདི་ཕྱོགས་གང་ཞིག་ལ་སྙེག་གི་ཡོད་པ་གོ་ཡོང་། དེ་མིན་ཁ་བརྡ་དྲ་དེབ་སྟེང་གི་ཀློག་མཁན་ཚོ་མགོ་འཐོམས་བྱེད་ཅིག་ཆགས་མི་ཡོང་ངམ་སྙམ།། ང་ནོར་འདུག་ན་སྔ་ས་ནས་དགོངས་དག་ཞུ་བ་ཡིན།།།།
རི་སྤྱང་ཁེར་འགྲོ་ལགས། སྤྱིར་བོད་ཡིག་གི་དྲ་བར་དོ་སྣང་ཅན་ཞིག་ཡིན་ན་ཕལ་ཆེར་རྩོམ་དེ་མཐོང་ཡོད་ཤག་རེད་བསམ་པ་ཡིན། ཉིད་གྱིས་བཤད་པ་ལ་གནས་ལུགས་འདུག་པས་དྲ་གྲོགས་ཚོས་འདིར་ཨ་རིའི་བོད་པའི་ཆེད་རྩོམ་ཀློག་འདོད་ན་དྲ་ཐག་འདིར་ཡོད་་་་་་་་་ http://www.tibettl.com/blog/u/redblack/archives/2009/21119.html
༄༅།། དྲ་གྲོགས་ཚོ་མ་མཇལ་ཡུན་རིན་ཞེས་པའི་ཚིག་གིས་སྔོན་བསུས་ནས། སྤྱིར་ནམ་རྒྱུན་རང་ཉིད་ནི་ཟིན་བྲི་སྤེལ་རྒྱུར་ཤིན་ཏུ་དགའ་བའི་རང་ག་བ་ཞིག་ཡིན་པསཡིན་ཡང་ཡིག་རྒྱུགས་ཀྱི་དབང་དུས་ཡུན་རིན་པོ་ཞིག་རིང་ སྤེལ་མ་ཐུབ་སོང་བས་ཐུགས་སྣང་ཡོང་བ་ཞུ།། ད་ལྟ་བོད་ནང་ནས་ལྷམ་གོག་ལགས་ཀྱི་གསུངས་པའི་ཐུགས་གཏམ་དག་རངངོས་ནས་གང་ཐུབ་ཀྱི་རང་རང་གི་ཉིན་རེའི་འཚོ་བའི་ནང་ལག་ལེན་བྱེད་ཀྱི་ཡིན།།
རྩོམ་འདི་པར་སྐྲུན་བྱས་ནས་སྤྱི་འཐུས་ནང་གི་ཆོལ་ནད་ཅན་དང་ཆོས་ལུགས་ཀྱི་དུག་སྐྱོན་ཤོར་བའི་སྤྱི་འཐུས་པ་དེ་ཚོར་བསྟན་དགོས་འདུག གོ་ཐོས་ལ་རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་ཆེན་པོ་བྱུང་ནས། ད་ང་རས་བྱེད་ཐུབ་པ་འདི་ག་ཚོད་ཐུབ་ཐུབ་བྱེད་ཀྱི་ཡིན། གཞན་ཤོད་ཡས་མེད་གསུངས་འདུག
ཐབས་སྐྱོ་པོ་རེད།
ཧི་གཟུགས་ཟིན་བྲིས་ནང་གི་ཨ་རིའི་བོད་པའི་རྩོམ་ཡིག་དེ་ཀློག་པ་མ་ཟད་དེ་ལ་དཔྱད་གཏམ་ཐུང་ཐུང་ཞིག་ཀྱང་སྤེལ་བ་ཡིན་ཡང་རྩ་ནས་འགྲོ་མ་སོང་། རྩོམ་དེ་འབྲི་སྟངས་ལ་བལྟས་ན་མི་དེ་ང་ཚོའི་ཁ་བརྡའི་ཐོག་ཡོང་མཁན་གྱི་རྩོམ་མཁན་རྒྱུས་ཡོད་ཅིག་ཡིན་པ་འདྲ།
ང་ཚོའི་སྤྱི་ཚོགས་ནང་ལྟ་བ་འདྲ་མིན་མང་པོ་ཞིག་མཉམ་གནས་བྱེད་ཐུབ་པ་ཡིན་ན་དེ་ནི་ཕུན་སུམ་ཚོགས་པའི་རྒྱུ་ལས་མ་འདས། བོད་ཕྱི་ནང་གི་གཞོན་ནུ་གསར་བའི་དཔུང་ཁག་དང་ཁོང་ཚོའི་བསམ་ཚུལ་ལ་བརྩི་འཇོག་ཡོད་ལ་དེར་སྐྱོན་བརྗོད་བྱེད་མཁན་སུ་ཞིག་ཡིན་ནའང་ངེས་པར་ལེགས་སོ་ཞུ་དགོས་ངེས་སུ་མཐོང་།
ལེགས་སོ་ཞུ་མིན་ལ་མ་བལྟས་པར། རྩོམ་དེ་དཔྱད་ཞིབ་ཡག་པོ་བྱས་ནས་བྲིས་པ་ཞིག་རེད་མི་འདུག དུས་རབས་མི་འདྲ་བའི་གཞོན་ནུ་གསར་བ་གཉིས། མི་རིགས་མི་འདྲ་བའི་གཞོན་ནུ་གསར་བ་གཉིས། དམར་ཤོག་མགོ་འཛུགས་སྐབས་ཀྱི་གཞོན་ནུ་གསར་བ་ཞིག་དང་། དམར་ཤོག་མཇུག་སྡུད་སྐབས་ཀྱི་གཞོན་ནུ་གསར་བ་ཞིག མདོར་བསྡུས་ན་ཡོངས་སུ་གཅིག་མཚུངས་སུ་སྨྲ་ཐུབ་ཐབས་མེད་པའི་གཞོན་ནུ་གསར་བའི་དཔུང་ཁག་མི་འདྲ་བ་གཉིས་འདྲ་མཚུངས་ཡིན་པར་སྨྲས་ནས་རང་རེའི་མི་རབས་གསར་བ་ཚོར་མཐོང་ཆུང་དང་དམའ་འབེབས་བྱས་འདུག་པ་དེ་རེད། དེ་ནི་རེ་ཟུང་ཞིག་གིས་དགེ་ཆོས་ལ་སྐྱོན་འཛུགས་སྟངས་དང་། དུང་དཀར་བློ་བཟང་འཕྲིན་ལས། དོན་གྲུབ་རྒྱལ་ལ་དམར་པོ་ཟེར་ནས་གཤེ་གཤེ་གཏོང་སྟངས་ཀྱི་བཟོ་དང་འདྲ་བོ་འདུག
དེ་མིན་རྒྱ་ནག་ལམ་ལོག་ཏུ་ཁྲིད་མཁན་ཡང་རྒྱ་ནག་གི་གཞོན་ནུ་གསར་བ་དེ་ཚོ་མིན་པར་དེའི་སྐབས་རྒྱ་ནག་སྤྱི་ཚོགས་ནང་དེ་ཚོའི་ལྟ་བ་ལ་ཁ་གཏད་གཅོག་མཁན་གྱི་ལྟ་བ་ཤུགས་ཆེན་པོ་དང་དེའི་རྗེས་འཇུག་པ་གཞན་དང་གཞན་མ་བྱུང་བར་ལྟ་བ་གཅིག་ཁོ་ནའི་དབང་ཤུགས་སུ་ཤོར་བ་ཡིས་མིན་ནམ།
དེར་མ་ཟད། རྩོམ་པ་པོས་བཤད་པ་ལྟར། དེ་ཚོ་ས་རུབ་ནས་གཉིད་ཁུག་པ་མ་རེད་ལ་ནམ་ལངས་ནས་གཉིད་སད་པའང་མིན་པར། གནའ་རབས་ཀྱི་ལྟ་བའི་སྣུམ་སྒྲོན་ལག་ནས་སྟོར། དེང་རབས་ཀྱི་དམངས་གཙོའི་གློག་སྒྲོན་ལག་ལ་མ་ཡོང་བའི་ཐོག གསལ་ལ་མ་གསལ་བའི་ལྟ་བའི་མིག་གཅིག་ཁོ་ནར་བརྟེན་ནས་ནག་ཁུང་ནང་ཞར་ལྡིང་བྱས་ཏེ་ཕྱིན་པ་ཡིས་ཁ་ཆག་སྣ་རལ་དང་རྐང་ཆག་ལག་ཆག་མང་པོ་བྱུང་བ་རེད།
འདིར་ཨ་རིའི་བོད་པ་ཞེས་པའི་གློག་བརྙན་ཞིག་གི་སྔོན་འགྲོའོ་གློག་བརྙན་འདུག
http://vimeo.com/23863712