—–ཀླུ་སྨྱོན།
བོད་རིགས་མང་པོ་ཞིག་ནུབ་ཕྱོགས་སུ་བསླེབས་རྗེས་རང་གི་ལྟོ་གོས་ཀྱི་ཆེད་དུ་འདུར་དགོས། དེ་ནི་ཕ་མས་ནང་གི་གསོ་སྐྱོང་བྱེད་དགོས་པས་ཡིན། བོད་པ་མང་ཤོས་ལ་ནུབ་ཕྱོགས་སུ་འབྱོར་དུས་རང་གི་ལག་པ་གཉིས་ཀས་ཅི་ཡང་མེད་མོིད། དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་དུས་བོད་པ་ཚོ་འཇོན་པོ་འདུག ཡིན་ཡང་འཇོན་ཐང་འདིའི་གྲུ་ཟུར་ཞིག་ནས་དོན་ཆེན་ཞིག་འཐུས་ཤོར་དུ་ཕྱིན་དང་འགྲོ་བཞིན་ཡོད། དེ་ནི་སོ་སོའི་བུ་ཕྲུག་ཚོ་ནུབ་ཕྱོགས་པར་གྱུར་དང་འགྱུར་བཞིན་པ་དེ་ཡིན། གོང་ས་མཆོག་གིས་བོད་རིགས་འཛོམས་ས་གང་དུ་ཕེབས་ཀྱང་བཀའ་སློབ་གནད་འགག་ཅན་གཅིག་ཡང་དང་སྐྱར་དུ་གནང་ཡོད། དེ་ནི་རང་གི་བུ་ཕྲུག་ཚོར་བོད་པའི་ཆོས་དང་རིག་གཞུང་སློབས་ཨ་ཞེས་པ་དེ་ཡིན། བཀའ་སློབ་དེ་ནི་བོད་པ་ཕལ་མོ་ཆེས་རྨི་ལམ་དུ་ཡང་སྐྱོར་ཤེས། ཡིན་ཡང་ལག་ལེན་དུ་འདེབ་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཆེ། དེ་ནི་ཨ་རི་ལྟ་བུའི་ནུབ་ཕྱོགས་སྤྱི་ཚོགས་ཁྲོད་བོད་པ་སྤྱི་དང་ཁྱད་པར་དུ་བོད་པའི་ཕྲུ་གུ་ཚོ་ནི་གཞན་གྱི་ངོ་བོར་ཧ་ཅང་ལས་སླ་བོར་འགྱུར་ཐུབ་པའི་ཞོགས་པའི་ཆུ་ཐིགས་ལྟ་བུ་ཞིག་ཡིན།
བདག་ནི་ནུབ་ཕྱོགས་སུ་བསླེབས་རྗེས་ནས་ད་བར་དུ་བོད་ཀྱི་སྐད་ཡིག་འདིའི་སྟེང་ནས་ཉི་མ་སྐྱེལ་མཁན་ཞིག་ཡིན། བདག་གིས་ས་འདིའི་བོད་རིགས་བྱིས་པ་ཚོར་ལོ་བཅུའི་རིང་དང་བླངས་ཀྱིས་བོད་ཡིག་བོད་སྐད་བསླབས། དེ་ཡང་གཟའ་ལྷག་དཀར་རྟག་པར་མང་ཉུང་ལ་མ་ལྟོས་པར་ཕྲུ་གུ་ཚོ་ཕ་མས་འགན་ཁུར་ཆེན་པོའི་སྒོ་ནས་ཁྲིད་ཡོང་གི་རེད། ངའི་སློབ་ཕྲུག་ལ་ལ་ཞིག་ཆེན་པོ་ཆགས་ནས་དེང་སྐབས་ཨ་རིའི་མཐོ་སློབ་དང་རྒྱ་གར་གྱི་མ་སི་རིའི་སློབ་གྲྭར་ཕྱིན་སོང་། དེ་དག་གི་ཁྲོད་དུ་མི་ཚང་དཀྱུས་མའི་ཕྲུ་གུ་ཡོད་ལ་ཡབ་གཞིས་ལྟ་བུ་སྔོན་མའི་སྐུ་དྲག་ཁྱིམ་ཚང་གི་ཕྲུ་གུ་ཡང་འདུག གང་ལྟར་ཕ་མ་ཚོས་རང་གི་དུས་ཚོད་བེད་སྤྱད་ནས་ཕྲུ་གུ་ཚོ་འཛིན་གྲྭར་ཁྲིད་ཡོང་བ་དང་། ཕྲུ་གུ་ཚོས་ཀྱང་ལོ་དེ་སྙེད་ཅིག་ལ་འབད་འབད་དུང་དུང་གིས་སློབ་ཁྲིད་ལ་དོ་སྣང་བྱས་པར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་གིན་ཡོད། ལོ་གསར་ནང་ཕྲུ་གུ་སྤྱི་ཁྱབ་ལ་ནང་ཆོས་ཕྲན་བུ་ངོ་སྤྲོད་དང་སྒོམ་ཏོག་ཙམ་རེ་རྒྱག་ཏུ་འཇུག་རྒྱུའི་འཆར་གཞི་ཡོད། ང་ཚོར་སྒེར་བདག་གི་འཛིན་ཁང་མེད་པར་ང་རང་གི་ནང་དང་རྒན་གསོ་ཁང་ཞིག་གི་ཁང་མིག་གཉིས་གཡར་ཏེ་འཚོག་བཞིན་ཡོད། རྗེས་སུ་རང་ཉིད་ལ་དབང་བའི་ཆོས་ཚོགས་རེ་ཡོད་ན་ཕྲུ་གུ་ཚོར་ཅོག་ཙེ་དང་རྐུབ་སྟེགས། སྐུ་པར་བཞུགས་ཁྲི་སོགས་ཡག་ཙམ་ཡོང་བའི་རེ་བ་ཡོད།
ངས་བོད་ཕྲུག་ཚོར་སློབ་ཁྲིད་བྱེད་དུས་རྒྱ་གར་དང་བོད་ནས་དཔར་སྐྲུན་བྱས་པའི་སློབ་དེབ་གཅིག་ཀྱང་བེད་སྤྱོད་བྱེད་མ་མྱོང་། ཉི་མ་རེ་རེའི་སློབ་ཁྲིད་ཀྱི་ཆེད་དུ་རང་གིས་བོད་དབྱིན་ཤན་སྦྱར་གྱི་ཤོག་ལྷེ་རེ་ཟུང་རྩོམ་སྒྲིག་བྱེད་བཞིན་ཡོད། དེ་ཡང་ཚིག་གྲུབ་འགའ་བོད་དབྱིན་གཉིས་ཀའི་ནང་དུ་བྲིས་ཤིང་། དེའི་འཁྲིས་དེར་ཚིག་གྲུབ་ཐུང་ཐུང་དེ་ཚོར་འཚམ་པའི་འདྲ་པར་འཇོག་གི་ཡོད། གཟའ་འཁོར་རྗེས་མའི་ཤོག་ལྷེ་དེ་དག་གི་ཆེད་དུ་ཕྲུ་གུ་ཚོར་སྐད་ཆ་བཤད་དེ་ཁོང་ཚོའི་འཚོ་བར་རྒྱུས་ལོན་འདྲ་བོ་ཞིག་བྱས། དེ་རྗེས་ཁོང་ཚོས་བརྗོད་པའི་སྐད་ཆའི་ཁྲོད་ཀྱི་དོན་དག་དམིགས་བསལ་བ་དེ་འདྲ་བེད་སྤྱད་ནས་སློབ་ཚན་གསར་བ་རྩོམ་སྒྲིག་བྱེད་ཀི་ཡོད། དེ་ལྟར་བྱས་ན་ཕྲུ་གུ་ཚོའི་ཀླད་པའི་ནང་དུ་ཤོག་ལྷེ་དེ་ཚོའི་ངོས་ཀྱི་ཚིག་གྲུབ་དེ་དག་རང་ཉིད་ལ་ཆ་རྒྱུས་ཡོད་པའི་ངེས་པ་རྙེད་ཡོང་བ་དང་། ཚིག་གྲུབ་དེ་དག་ལས་འཕྲོས་ཏེ་ཡི་གེ་འདྲ་མིན་འབྲི་རྒྱུར་འབད་བརྩོན་བྱེད་ཀི་འདུག དེ་ཡང་ཚིག་གྲུབ་ཕལ་མོ་ཆེ་ཁ་སྐད་དང་ཐག་ཧ་ཅང་ཉེ་བས་ཁོ་ཚོས་ལས་སླ་བོར་གོ་དོན་རྟོགས་ཐུབ་ཀི་འདུག
ཕྱོགས་གཞན་ཞིག་ནས་དེབ་རྐྱང་པ་ལ་མགོ་འཁོར་དུ་མ་བཅུག་པར་སྐད་ཆ་བཤད་རྒྱུར་འབད་བརྩོན་བྱས་པ་ཡིན། དེ་ཡང་ཟླ་བ་གཅིག་ལ་ཉི་མ་གཅིག་གི་འཛིན་གྲྭ་དེ་འཆམ་འཆམ་འཛིན་གྲྭར་བསྒྱུར་ཡོད། ཕྲུ་གུ་དེ་ཚོ་ཁྲིད་ནས་ཕྱི་རོལ་གྱི་སྲང་ལམ་དུ་འགྲོ་ཞོར་སྐད་ཆ་བཤད་དུ་བཅུག་པ་ཡིན། དཔེར་ན་ལམ་ཁར་རླངས་འཁོར་ཞིག་མཐོང་ཚེ་དེའི་ཆེ་ཆུང་དང་མདོག་དབྱིབས་སོགས་ཀྱི་སྐོར་སྐད་ཆ་བཤད་པ་དང་། ཡང་མེ་ཏོག་ཅིག་མཐོང་ཚེ་དེའི་ལོ་མ་དང་མེ་ཏོག་གི་ཁ་དོག་དང་། ཤིང་སྡོང་ཞིག་མཐོང་ཚེ་དེའི་མཐོ་ཚད་དང་སྦོམ་ཕྲ་སོགས། ཡང་ཚོང་ཁང་ཞིག་མཐོང་ཚེ་དེའི་ནང་དུ་ཅ་ལག་ཅི་ཞིག་འཚོང་གི་ཡོད་པ་སོགས། ཡང་མི་ཞིག་དང་ཁྱི་ཞིག་མཐོང་ཚེ་ཁྱི་དེ་སྙིང་རྗེ་ལོས་ག་འདྲ་ཡོད་མེད་དང་ལོ་ཚོད་སོགས་ཀྱི་སྐོར་བགྲོ་གླེང་བྱེད་བཞིན་ཡོད། གང་ལྟར་འཆམ་འཆམ་འཛིན་གྲྭ་འདི་ལ་སློབ་ཕྲུག་ཚོས་ཧ་ཅང་དགའ་བོ་བྱེད་བཞིན་འདུག
སློབ་ཚན་འཁྲིད་དུས་བརྗོད་བྱ་དང་འཚམ་པའི་འདྲ་པར་སྣ་ཚོགས་སྟོན་བཞིན་ཡོད། དཔེར་ན་ཨ་མདོའི་འབྲོག་པ་ལྟ་བུར་མཚོན་ན་ལམ་སེང་སྒུའུ་སྒལ་གྱི་ཁ་ཕྱེས་ནས་དེའི་སྐོར་གྱི་པར་རིས་སྣ་ཚོགས་ལ་ལྟ་རུ་འཇུག་གི་ཡོད། རྡ་རམ་ས་ལ་ལྟ་བུ་ཡིན་ཡང་སྒུའུ་སྒལ་ནང་པར་རིས་གང་འཚམ་ཡོད་པ་དེ་ཚོར་ལྟ་རུ་བཅུག་པ་དང་། རྒྱལ་བ་རིན་པོ་ཆེའི་སྐོར་ལ་ཁོང་གི་སྐུ་པར་ཙམ་སྟོན་པ་མ་ཡིན་པར་འཁྲུངས་གཞིས་ སྟག་མཚེར་དང་ལོ་ཤས་བཞུགས་མྱོང་བའི་སྐུ་འབུམ་དགོན་པ། དེ་རྗེས་ལོ་མང་བཞུགས་སའི་པོ་ཏ་ལ་དང་ནོར་བུ་གླིང་ག་སོགས་ཡུལ་ལྗོངས་འདྲ་མིན་གྱི་པར་རིས་བསྟན་པ་ཡིན། ཀརྨ་པའི་སྐོར་ལ་ཡང་ཁོང་གི་ཡབ་ཡུམ་དང་མཚུར་ཕུ། རྒྱལ་མཚམས་སུ་བསྐྱོན་པའི་སྐྱ་ལྭ་བཞེས་པའི་པར་དང་དེང་གི་བཞུགས་ཡུལ་རྒྱུད་སྟོད་ལྟ་བུའི་པར་རིས་བསྟན་པ་ཡིན། ཕྲུ་གུ་ཚོ་པར་ལ་བལྟ་རྒྱུར་དགའ་བ་འདིས་སློབ་ཁྲིད་སྐབས་ཀྱི་སུན་སྣང་སེལ་རྒྱུར་ཕན་ཐོགས་ཧ་ཅང་ཆེན་པོ་འདུག ཕྲུ་གུ་ལ་ལར་ཆོས་སེམས་ཆེན་པོ་འདུག་པས་སློབ་ཁྲིད་མགོ་མ་བཙུགས་སྔོན་དུ་ཕྱག་འཚལ་བ་དང་སྐར་མ་ལྔའི་རིང་ལ་སྒོམ་རྒྱག་ཏུ་བཅུག་པ་ཡིན། ཁོ་ཚོས་མིག་གཉིས་བཙུམས་ཏེ་སྒོམ་ལ་གནས་པ་དེའི་ཉམས་འགྱུར་ནི་གཏིང་མཐའ་བྲལ་ཞིང་ལྷད་མེད་པའི་རང་བཞིན་ཞིག་རེད།
གོང་སྨྲོས་བཞིན་སློབ་དེབ་ཚད་ལྡན་ཞིག་མེད་ཚེ། དགེ་རྒན་རང་ཉིད་ཀྱིས་དཀའ་ཚེགས་ལ་མ་འཛེམས་པར་རང་ཉིད་ཀྱི་སློབ་དེབ་རྩོམ་སྒྲིག་བྱེད་རྒྱུ་ནི་སྣང་ཆུང་གཏན་ནས་བྱེད་རྒྱུ་མེད་པའི་རྩ་གནད་ཅིག་རེད། ཡང་བྱིས་པ་གཉིས་ཡོད་ཀྱང་ཁོ་གཉིས་ཀྱི་དོ་སྣང་མི་འདྲ་བར་འདུག་པས། རབ་བྱུང་ན་ཁོ་གཉིས་ལ་དམིགས་པའི་ཚིག་གྲུབ་ཅུང་ཟད་མི་འདྲ་བ་རེ་བཟོས་ན་ཕན་ཐོགས་ཆེན་པོ་འདུག ཕྲུ་གུ་རྔན་པ་ལ་དགའ་བོ་འདུག་པས། བདག་གིས་སྐབས་སྐབས་སུ་སློབ་ཁྲིད་ཚར་དུས་ཕྲུ་གུ་དག་ཚོང་ཁང་ནང་འཁྲིད་འགྲོ་གི་ཡོད་ལ། རྔན་པ་ཕྲན་བུ་རེ་ཉོས་པ་ཡིན་ན་ཕྲུ་གུ་དང་དགེ་རྒན་གྱི་བར་ཐག་ཉེ་རུ་གཏོང་རྒྱུར་ཕན་པ་འདུག ཡང་གནམ་གཤིས་ཀྱི་རྐྱེན་ནམ་ཕ་མ་བྲེལ་བ་ཆེ་བས་ཕྲུ་གུ་ཚུར་ཁྲིད་ཡོང་མི་ཐུབ་པའི་སྐབས་སུ་ཕར་ཁོང་ཚོའི་ནང་དུ་འགྲོ་གི་ཡོད། དེ་འདྲ་བྱས་ན་ཕྲུ་གུའི་ནང་མི་དང་འབྲེལ་བ་ཉེ་བོ་ཡོང་གི་འདུག་ལ། རང་ཉིད་ཀྱི་དགེ་རྒན་ཞིག་ཡིན་པའི་འདུ་ཤེས་ཀྱང་ཇེ་ཟབ་ཏུ་གཏོང་ཐུབ་ཀི་འདུག
ངས་ནམ་ཡང་ཕྲུ་གུ་ཚོར་དབུ་མེད་སློབ་མ་མྱོང་། ཐོག་མཐའ་བར་གསུམ་དུ་དབུ་ཅན་སློབ་བཞིན་ཡོད་ལ། ལོ་རེ་ཟུང་འགོར་རྗེས་གློག་ཀླད་ནང་བོད་ཡིག་འབྲི་སྟངས་བསླབས་ཏེ་ནང་སྦྱོང་གློག་ཀླད་ནང་འབྲི་གི་བཅུག་པ་ཡིན། དེ་ཡང་བྲིས་ཚར་རྗེས་ཤོག་བུའི་ཐོག་དཔར་བའམ། ཡིག་སྒམ་བརྒྱུད་དེ་ང་ལ་བསྐུར་འཇུག་གི་ཡོད། དེ་ནི་བོད་ཡིག་ཅེས་པ་འདི་ཡང་དབྱིན་ཡིག་ནང་བཞིན་གློག་ཀླད་ནང་དུ་ཡོད་པ་དང་། བོད་ཡིག་གི་ལམ་ནས་དབྱིན་ཡིག་བཞིན་དོན་དངོས་གང་ཞིག་ཡིན་ཡང་འབྲི་ཐུབ་པ་དང་བསྐུར་ཐུབ་པའི་དྲན་སྐུལ་བྱས་པ་ཡིན། དེ་བཞིན་ཕྲུ་གུ་ལ་ལས་བོད་ཡིག་སློབ་འདོད་མེད་ཀྱང་བོད་སྐད་སློབ་འདོད་ཡོད་པ་ཚོར་ལ་ཁྲིན་གྱི་ཡི་གེ་སྤྱད་དེ་སྒྲ་སྦྱོར་འཁྲིད་ཀི་ཡོད།
ཡང་སྟོན་པ་དང་གུ་རུ་རིན་པོ་ཆེའི་སྐུ་པར་ཆུང་ཆུང་དེ་འདྲ་བཟོས། སྐུ་པར་གྱི་རྒྱབ་ངོས་སུ་སངས་རྒྱས་དེ་ཚོའི་མཚན་སྔགས་བྲིས་ཏེ་སློབ་པ་དང་། ཆུ་ཚོད་འགའི་རྗེས་སུ་སྐུ་པར་བསྟན་ནས་དེའི་རྒྱབ་ངོས་ཀྱི་མཚན་སྔགས་ཡིད་འཛིན་བྱེད་དུ་བཅུག་པ་ཡིན། དེ་ལྟར་བྱས་ན་ཕྲུ་གུ་ཚོས་ཡི་དམ་དང་མཚན་སྔགས་ཤན་སྦྱར་ངོས་ཟིན་རྒྱུར་ཕན་ཐོགས་ཆེན་པོ་འདུག ཡང་མདོ་དབུས་ཁམས་གསུམ་གྱི་གྱོན་ཆས་ཏོག་ཙམ་མི་འདྲ་བ་དེ་ཚོ་ཡང་ངོ་སྤྲོད་བྱས་པ་མ་ཟད། ས་ཁྲ་བེད་སྤྱོད་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོར་བརྩིས་པ་ཡིན། དཔེར་ན་བསམ་ཡས་དང་སྐུ་འབུམ་ལྟ་བུའི་དགོན་པ་ངོ་སྤྲོད་བྱེད་དུས་ལམ་སེང་ཨ་མྱེས་རྨ་ཆེན་ཚང་གིས་པར་སྐྲུན་བྱས་པའི་བོད་ཀྱི་ས་ཁྲ་བོད་ཡིག་ཅན་དེ་ཁྱེར་ཡོང་ནས་དགོན་པ་དེ་ས་ཆ་གང་ཞིག་ན་ཡོད་པ་ངོ་སྤྲོད་བྱས་པ་ཡིན།
གཡོལ་ཐབས་བྱེད་མི་ཆོག་པའི་ལས་ཀ་གལ་ཆེན་པོ་ཞིག་ནི། ཤས་སྔོན་ང་ཚོས་དྲ་ཐོག་ནས་རྩོད་གླེང་བྱས་པའི་བརྗོད་བྱ་གལ་ཆེན་ཞིག་སྟེ། བྱིས་པར་བོད་ཡིག་སློབ་དུས་མིང་ཚིག་ལ་བར་སྟོང་བཞག་ནས་འབྲི་རྒྱུ་དེ་ཧ་ཅང་གལ་ཆེན་པོ་འདུག དེ་ལྟར་བྱས་ན་ཕྲུ་གུ་ཚོས་མིང་ཚིག་ངོས་འཛིན་བྱེད་ཐུབ་རྒྱུར་ཕན་ཐོིགས་པ་དང་། དེ་ནི་དབྱིན་ཡིག་སོགས་སྔོན་ཐོན་ཡིག་རིགས་ལས་ལེན་ཆོག་པའི་ཐབས་ལམ་རྨད་དུ་བྱུང་བ་ཞིག་རེད་འདུག དཔེར་ན། ང་ ལྷ་ས་ ལ་ འགྲོ་ གི་ཡིན། ཁོང་ ངའི་ ཨ་མ་ རེད། ལྟ་བུ།
ངས་ནམ་རྒྱུན་ཕ་མ་ཚོར་ཅུང་ཟད་ནན་པོའི་སྒོ་ནས་ཁྱེད་རང་ཚོས་ཕྲུ་གུའི་མཉམ་དུ་བོད་སྐད་བཤད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ངའི་ལས་ཀ་ནི་ཕྲུ་གུ་ཚོར་ཟུར་ཁྲིད་བྱེད་རྒྱུ་དེ་རེད་མ་གཏོགས་རྦད་དེ་འགན་ལེན་རྒྱུ་དེ་མིན་པས། ཁྱེད་ཕ་མ་ཚོས་ཕྲུ་གུའི་མཉམ་དུ་བོད་སྐད་བཤད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། བོད་སྐད་སློབ་ས་གཙོ་བོ་དེ་ཕ་མ་རེད་མ་གཏོགས་དགེ་རྒན་མ་རེད། ཅེས་དང་། རྟག་པར་ཕྲུ་གུ་ཚོར་སྒྲ་འཇུག་འཕྲུལ་ཆས་ཉོ་རུ་བཅུག་ནས་ཕ་མའི་མཉམ་དུ་བོད་སྐད་བཤད་པ་སྒྲ་འཇུག་བྱས་ཏེ་ཁྱེར་ཡོང་བར་སྐུལ་མ་བྱས་པ་དང་། འཛིན་གྲྭའི་ནང་ཕ་མ་དང་ཕྲུ་གུས་བོད་སྐད་བཤད་པར་ཉན་གི་ཡོད། དེ་ནི་ངོ་མ་འུ་ཐུག་ཐབས་ཟད་ཀྱི་ལས་ཀ་ཞིག་རེད་དེ་ང་ལ་ཐབས་ཤེས་ཁྱོན་ནས་མི་འདུག སྒྲ་འཇུག་འཕྲུལ་ཆས་ལས་ངེས་པ་གསལ་བོ་ཞིག་རྙེད་པ་ནི། ཕ་མ་ལ་ལས་ཕྲུ་གུའི་མཉམ་དུ་བོད་སྐད་བཤད་པ་དེ་དགེ་རྒན་གྱི་ངོ་མ་ཆོག་པར་བཤད་ཀི་ཡོད་པའི་རྣམ་པ་ཡང་འདུག དེ་ལྟར་ཐབས་ཤེས་ཡོད་རྒྱུ་རྩལ་སྤྲུགས་ཀྱིས་འབད་པ་བྱས་དང་བྱེད་བཞིན་ཡོད་ཀྱང་། ད་དུང་ང་ཚོ་ནུབ་ཕྱོགས་པའི་ཁོར་ཡུག་དང་རིག་གཞུང་གི་ནང་དུ་བྱེ་མ་ཆུ་སིམ་གྱི་ཚུལ་དུ་གནས་པ་འདི་དབང་བཙན་ཞིང་ཤུགས་དྲག་པས། དཀའ་བ་ཆེན་པོ་ཞིག་སྤྱད་ཀྱང་འབྲས་བུ་ཆུང་ཆུང་ཞིག་མ་གཏོགས་མཐོང་དཀའ་ཡང་། ཁོ་བོས་ནི་རང་གི་ཚེ་མཇུག་ལ་མ་བསླེབས་བར་དུ་བོད་པའི་ཕྲུ་གུ་ཚོར་བོད་ཀྱི་སྐད་ཡིག་ཆོས་གསུམ་གྱི་སློབ་ཁྲིད་བྱེད་པ་འདི་མཚམས་འཇོག་རྒྱུ་མིན་པའི་དམ་བཅའ་བཞག་ཡོད་དོ།།
ནུབ་ཕྱོགས་ཀྱི་བོད་ཕྲུག་ཚོའི་བོད་སྐད་ཀྱི་སྟེགས་པའི་བོད་པའི་ཆོས་རིག་ལ་བཅངས་པའི་བརྩེ་སེམས་དང་། བོད་སྐད་ཡིག་ཤེས་ཚད་དེ་མར་ངོའི་ཟླ་བ་བཞིན་རྒུད་པ་ནས་རྒུད་པའི་ཕྱོགས་སུ་འགྲོ་བཞིན་པ་དེའི་རྐྱེན་རྩ་དེ། དེ་རིང་གཞི་ནས་ཤེས་སོང་། དེ་ནི་ཁྱོད་འདྲ་བ་མི་དགེ་བའི་བཤེས་གཉེན་བསྟེན་དྲགས་པས་རེད་འདུག
་་་་་་་་་་ ཁོ་བོས་ནི་རང་གི་ཚེ་མཇུག་ལ་མ་བསླེབས་བར་དུ་བོད་པའི་ཕྲུ་གུ་ཚོར་བོད་ཀྱི་སྐད་ཡིག་ཆོས་གསུམ་གྱི་སློབ་ཁྲིད་བྱེད་པ་འདི་མཚམས་འཇོག་རྒྱུ་མིན་པའི་དམ་བཅའ་བཞག་ཡོད་དོ།། ་་་་་་་་་
ངས་ནི།
མདང་ ང་ ཕྱིན་པ་ ཡིན།
དེ་རིང་ ང་ འགྲོ་བགྱིད་ ཡོད།
སང་ཉིན་ ང་ འགྲོ་བགྱི་ ཡིན།
མདང་ ཁྱོད་ ཕྱིན་པ་ རེད།
དེ་རིང་ ཁྱོད་ འགྲོ་བགྱིད་ འདུག
སང་ཉིན་ ཁྱོད་རང་ འགྲོ་བགྱི་ རེད།
མདང་ ཁོ་ ཕྱིན་པ་ རེད།
དེ་རིང་ ཁོ་ འགྲོ་བགྱིད་ འདུག
སང་ཉིན་ ཁོ་ འགྲོ་བགྱི་ རེད།
སྔོན་ཆད་ཀྱི་ཀླུ་སྨྱོན་ནི་མི་དྲང་མོ་ཞིག་ཡིན་མོད། ད་ལྟའི་ཀླུ་སྨྱོན་ནི་རྫུན་བཤད་ན་གདོང་མདོག་ཀྱང་གཏན་ནས་མི་འགྱུར་བ་ཞིག་རེད་འདུག འདི་ནི་ཀླུ་སྨྱོན་ཡར་རྒྱས་སོང་བའི་རྟགས་མཚན་མི་འགྲོ། ཨ་ལ་ལ་ཀླུ་སྨྱོན་ཡ། ཁྱོད་འདི་ད་་་་་་ད་མང་པོ་མི་བཤད་་་་
ཕ་མའི་མཉམ་དུ། ཕྲུ་གུའི་མཉམ་དུ་ཟེར་བའི། དགེ་རྒན་འདི་འདྲ་མ་ཡོད་ན། བོད་སྐད་དང་བརྡ་སྤྲོད་ལ་གས་ཆག་ཚབ་ཆེན་ཤོར་རྒྱུ་ཡིན་པ་གསལ་པོ་རེད། སྒོར་མོ་དང་ལྟོ་ཕོར་ཙམ་ལ་དགའ་བའི་དགེ་རྒན་ཞིག་མྱིག་གིས་མ་རིག་པར་ཤོག། ཧ་ཧ་ཧ།
ཨ་རིའི་ནང་དུ་ཡོད་པའི་བོད་རིགས་ཀྱི་ཕ་མ་རེ་འགའ་ཞིག་ཕུད། ཕ་མ་དང་ཕྲུ་གུ་མང་ཆེ་བའི་སེམས་ནང་དུ་བོད་ཡིག་དང་བོད་སྐད་ནི་རང་མི་རིགས་ཀྱི་སྲོག་རྩ་ཡིན་བསམ་པའི་འདུ་ཤེས་རྩ་བ་ནས་མི་འདུག ང་ཚོས་དུ་རྒྱུན་དུ་བཤད་འདུག་རྒྱུ་ཞིག་ལ། རྒྱ་གར་ནང་བོད་རིགས་དེ་ཚོས་བོད་ཀྱི་སྐད་ཡིག་གི་སྲོག་རྩ་གཅོད་འགྲོ་ཡི་འདུག་ལབ་བཞིན་པ་འདི་རེད། དེ་ལས་ལྡབ་བརྒྱ་འགྱུར་གྱི་ཕྱི་རྒྱལ་ལུང་པའི་ཕ་མ་བུ་ཕྲུག་དེ་ཚོ་ཞན་པ་འདུག
གསུངས་པ་ནང་ལྟར་ཡིན་ན་དཔེ་ཡག་པོ་འདུག་བཀའ་དྲིན་ཆེ་ཞུ་བ་ཡིན་ལགས།
༅༅།་ཁྱེད་ཀྱི་གང་ཐུབ་གང་ལྕོགས་གནང་འདུག་་་་་དགེ་རྒན་ལ་་་ཐུགས་རྗེ་ཆེ།
ཁྱེད་ལ་རྒྱལ་ཆེན་འདུག། ཁྱེད་ལ་མི་རིགས་ཞེན་ཁོག་འདུག།། ཁྱེད་ལ་༧གོང་ས་མཆོག་གིས་བཀའ་ལུང་བརྩི།
ཁྱེད་ལ་རང་སྐད་ཡིག་གི་ཞེནམ་པ་འདུག་ ཁྱེད་ལ་བཅོས་མིན་གྱི་ལ་རྒྱ་འདུག།
བཀྲིས་བདེ་ལེགས་། ཐུགས་རྗེ་ཆེ་།
ཀླུ་སྨྱོན་སྨྱོན་པ་ཞིག་མ་ཡིན་ཟིག ངེས་ངེས་བུ་རྟགས་འཇོག་གི་འདུག ངོ་མ་རྗེས་སུ་ཡི་རངས་ཡོད།