ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
སྲིད་སྐྱོང་མཆོག་གིས་ཝ་ཤིང་ཊོན་ཁུལ་གནས་སྡོད་བོད་རིགས་རྣམས་ལ་གསུང་བཤད་གནང་བ།
༢༠༡༥ ཟླ་ ༥ ཚེས་ ༡༩ རེས་གཟའ་མིག་དམར།
ཕྱི་ལོ་༢༠༡༥ ཟླ་༥ ཚེས་༡༥ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཁུལ་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁུལ་དེར་གནས་སྡོད་བོད་རིགས་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་གནང་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་ཝ་ཤིང་ཊོན་དུ་ཕེབས་དགོས་དོན་སྐོར་གསུང་དོན། ད་བར་ཨ་རིའི་གཞུང་དང་གྲོས་ཚོགས་གང་དུ་བཅར་ཡང་དམིགས་ཡུལ་གང་ཡིན་པ་དེ་དག་བསྒྲུབས་པ་ལྟ་བུ་བྱུང་སོང་། ཐེངས་འདིར་ལས་དོན་ཁག་བཞི་ལྔ་ཙམ་ཡོད་པ་དེ་དག་བསྒྲུབ་པའི་རེ་བ་འདུག གནད་དོན་གཅིག་ནི་སྔ་ལོར་ཨ་རི་གྲོས་ཚོགས་གོང་འོག་གཉིས་ཀ་ནས་ཨ་རིའི་སྔོན་རྩིས་ཀྱི་ནང་རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ཀྱི་ཆེད་རྩིས་འགོ་ཞིག་བཏོན་ཡོད།
དེ་ནི་ཨ་རིའི་ལོ་རྒྱུས་ནང་ཐོག་མ་དེ་ཆགས་ཡོད། རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བོད་མི་རྣམས་ཀྱི་ཆེད་ཨ་སྒོར་ས་ཡ་གསུམ་གནང་རྒྱུའི་རྩིས་འགོ་གསར་བཟོ་གནང་ཡོད། དེ་སྔ་རོགས་དངུལ་བྱུང་བ་དེ་དག་ལས་ཁུངས་ནས་གནང་བ་ཞིག་ཡིན་པ་མ་གཏོགས། བོད་མི་ཁོ་ནའི་ཆེད་དངུལ་འདི་འདྲ་ཞིག་སྤྲོད་དགོས། ཞེས་གྲོས་ཚོགས་ནས་དངུལ་འབོར་དེ་ཙམ་ཁྲིམས་ཐོག་ནས་གཏན་འཁེལ་བ་ཞིག་བྱུང་མྱོང་མེད། ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་ནང་བོད་མིའི་ཆེད་རྩིས་འགོ་འདོན་ཐུབ་པ་ཡིན་ན། རྒྱ་བལ་གཉིས་ནང་གནས་སྡོད་བྱེད་བཞིན་པའི་བོད་མིར་དམིགས་ནས་རྩིས་འགོ་བཏོན་པ་བཞིན་དེར་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་འགོད་ཐུབ་པ་བྱུང་ན་ཆབ་སྲིད་ཐོག་ནས་ཨ་རིའི་གཞུང་གིས་ངོས་འཛིན་མེད་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྤེལ་བཞིན་པ་དེར་ངོས་འཛིན་གནང་བ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ཡིན་སྟབས། དེར་ཆབ་སྲིད་ཀྱི་གནད་འགག་ཅིག་མཐོང་གི་འདུག
ཨ་རིའི་གྲོས་ཚོགས་ནང་རྒྱ་བལ་ནང་གནས་སྡོད་བོད་མི་རྣམས་ཀྱི་ཆེད་རྩིས་འགོ་འདོན་རྒྱུའི་ཐོག་བོད་མིའི་སྒྲིག་འཛུགས་ནས་འབད་བརྩོན་གང་ཡོད་ཞུ་བཞིན་ཡོད། ལས་དོན་དེ་མཇུག་སྐྱོང་སྐྱོང་ཡོང་ཆེད་འདི་ག་རྒྱལ་ས་ཝ་ཤིང་ཊོན་ཁུལ་འབྱུང་འགྱུར་ཐེངས་འགའ་ཤས་བཅར་དགོས་པ་ཞིག་ཕལ་ཆེར་ཆགས་ཀྱི་འདུག དུས་ཁོམ་བྱུང་ཚེ་འདི་ལོའི་ཕྱི་ཟླ་ ༧ ནང་དང་འཆར་ལོའི་ཕྱི་ཟླ་ ༤ བཅས་ཀྱི་ནང་གནས་ཚུལ་དེ་དག་གསན་ཐུབ།
ཅེས་སོགས་གསུངས་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབ་དང་འབྲེལ་བའི་སྐོར་གསུང་དོན། འདས་པའི་ལོ་ངོ་གསུམ་རིང་ཉམས་མྱོང་གང་བྱུང་སོང་ཞུས་ན། བོད་མིའི་སྒྲིག་འཛུགས་ཀྱིས་བརྒྱ་ཆ་ ༧༥ ཙམ་འཛིན་སྐྱོང་དང་བདེ་སྡུག་དང་འབྲེལ་བའི་ལས་ཀ་མང་བ་བྱེད་དགོས་ཀྱི་འདུག ཆབ་སྲིད་ཀྱི་ཐོག་བརྒྱ་ཆ་ ༢༥ ཙམ་ཡིན་འདུག ང་ཚོས་རེས་གཟའ་མིག་དམར་དང་པ་སངས་འཆར་ཅན་བཀའ་ཤག་ལྷན་ཚོགས་གནང་བཞིན་ཡོད། དེའི་ཐོག་གྲོས་ཆོད་སྣ་མང་ཡོང་བཞིན་ཡོད་པའི་ཁོངས་མང་ཆེ་བ་ཞིག་འཛིན་སྐྱོང་དང་འབྲེལ་བའི་གནད་དོན་ཡོང་བཞིན་ཡོད། དཔེར་ན། བོད་མིའི་སློབ་གྲྭ་དང་། སྨན་ཁང་། རྒན་གསོ་ཁང་། ཆུ། གློག་བཅས་སོགས་དང་འབྲེལ་བའི་ཐོག་ཡིན་པར་བརྟེན། དེ་ཚོའི་ཐོག་འགྲོ་སོང་གཏང་རྒྱུ་མེད་ན་ལས་གཞི་སྤེལ་ཐུབ་རྒྱུར་ཁག་པོ་ཆགས་ཡོད།
དེར་བརྟེན་དེའི་ཐོག་དུས་ཚོད་མང་པོ་གཏོང་དགོས་པ་བྱུང་སོང་། རྣམ་པ་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་སྐོར་གྲོས་ཚོགས་སྐབས་གཟིགས་ཡོད་ངེས་རེད། ཕྱི་ལོ་ ༡༩༩༩ དང་ ༢༠༠༠ ལོར་ཕལ་ཆེར་ཕྱོགས་བསྡོམས་སྔོན་རྩིས་སྐབས་དེ་དུས་གཏན་འབེབས་ཆགས་འདུག སྐབས་དེར་སྔོན་རྩིས་འདི་ཧིན་སྒོར་ས་ཡ་ཆིག་སྟོང་ལྷག་ཙམ་རེད་འདུག ཕྱི་ལོ་ ༢༠༡༢།༢༠༡༣ བར་ལོའི་སྔོན་རྩིས་ས་ཡ་ ༡༠༢༥ འཆར་འབུལ་ཞུས་འདུག
འདི་ལོར་རྩིས་ལོ་ ༢༠༡༥།༡༦ ལོའི་སྔོན་རྩིས་སུ་ཁྱོན་འགྲོ་གྲོན་ཧིན་སྒོར་ས་ཡ་ ༢༠༠༨ འཆར་འབུལ་ཞུས་འདུག་པ་ལྟར་ན་ལོ་གསུམ་གྱི་ནང་ཕལ་ཆེར་སྔོན་རྩིས་འགྲོ་གྲོན་ལྡབ་གཅིག་གི་མང་བ་འཕར་འདུག བོད་མིའི་སྒྲིག་འཛུགས་ལ་དངུལ་གང་ཙམ་མང་པོ་ཡོད་པར་བརྟེན། སློབ་གྲྭའི་སློབ་ཕྲུག་ཚོར་སློབ་ཡོན་དང་། རྒན་གསོ་ཁང་གི་རྒན་ཕོགས། དེ་བཞིན་སློབ་གྲྭ་དང་སྨན་ཁང་གང་ཡིན་རུང་ཉམས་གསོ་དང་གསར་རྒྱག་མང་པོ་བྱས་ཐུབ་པ་བྱུང་ཡོད། དེའི་ཁོངས་ནས་ཤེས་ཡོན་འདི་གལ་ཆེ་ཤོས་ཡིན་པར་བརྟེན་ང་ཚོས་འབད་བརྩོན་བྱས་པ་བཞིན་གྲུབ་འབྲས་ཀྱང་ཕྲན་བུ་སྨིན་པ་ལྟ་བུ་འདུག དཔེར་ན་ལོ་བཅུའི་གོང་སློབ་ཕྲུག་ཚོར་སློབ་ཡོན་གནང་རྒྱུ་དེ་ཧིན་སྒོར་ ༩༠ མན་ཙམ་རེད་འདུག ན་ནིང་ལོར་ང་ཚོས་སློབ་ཡོན་ཧིན་སྒོར་ ༣༤༠ གནང་བ་རེད། ལོ་བཅུའི་གོང་སློབ་ཕྲུག་ཕལ་ཆེར་ ༡༢༨ ཙམ་ལ་སློབ་ཡོན་གནང་ཐུབ་ཀྱི་ཡོད། ན་ནིང་ལོར་ང་ཚོས་སློབ་ཕྲུག་ ༥༠༧ ལ་སློབ་ཡོན་གནང་ཐུབ་པ་བྱུང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་མ་ཟད།
སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་གར་དབུས་གཞུང་ནས་ཕྱི་ལོ་ ༢༠༡༤ ལོའི་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་གཏན་འབེབས་བྱས་ཡོད་པར་བརྟེན་བོད་མིའི་གཞིས་ཆགས་སྲ་བརྟན་ཡོང་རྒྱུར་ཕན་ཐོགས་ཡོད་སྐོར་དང་། བཀའ་ཤག་གིས་བུད་མེད་ནུས་སྟོབས་གོང་འཕེལ་གཏོང་ཐབས་དང་། བོད་རིགས་ན་གཞོན་ཁྲོད་ལས་མེད་ཉུང་དུ་གཏོང་ཐབས། ལྷག་པར་བོད་ནས་གསར་དུ་འབྱོར་བ་རྣམས་ལ་གང་ཐུབ་མཐུན་རྐྱེན་སྦྱོར་བཞིན་ཡོད་སྐོར་གསུངས་པ་དང་ཆབས་ཅིག སྲིད་སྐྱོང་མཆོག་གིས་ཉེ་ཆར་རྒྱ་ནག་གཞུང་གིས་འདོན་སྤེལ་བྱས་པའི་རྒྱབ་ཤ་དཀར་པོ་དང་འབྲེལ་བའི་སྐོར་གསུང་བཤད་གནང་གྲུབ་བསྟུན། མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།
བོད་གངས་ཅན་པའི་སྲིད་སྐྱོང་འདི་ངོ་མ་བཟང་། རྒྱལ་དབང་ཏྰ་ལའི་བླ་མས་རིང་ནས་སྙིང་གནགས་པའི་དོན་འབྲས་གསུངས་པ་བཞིན་རྒྱ་ཆ་བརྒྱ་ཐམ་པ་མངོན་པར་བསྟོད་དོ། རྒྱལ་ཕྱི་ནང་གི་མགོ་སྐོར་གཏོང་མཁན་གྱི་སྤྲུལ་རྫུན་དང་གཏན་ནས་མི་འདྲ་བས་བུ་རང་སྐྱེས་ཀྱི་ངོ་བོ་བདེན་ཚུགས་ཅན་དུ་སྣང་བས། བཀྲ་ཤིས་བདེ་ལེགས་ཞུ།
ང་ཚོ་མི་ཡུལ་དུ་ཡོང་དགོས་པའི་དམིགས་ཡུལ་ངོ་་མ་ད་ལྟ་ཡང་ཤེས་མི་འདུག་
སློང་རྒྒྒྱབ་ནས་མི་ཡུལ་དུ་སྐྱིད་པོ་གཏོང་བར་ཡོང་བ་མ་རེད་་།
བོད་ལུང་པ་རྒྱ་ཡི་འཕྲོག་པ་དེ་ཚུར་ལེན་ཐབས་་སུ་དགྲ་ལ་མགོ་མ་གུས་ནས་
མི་ཡུལ་ཡོང་བ་རེད་།
ཤེས་སོང་ངམ་།
བཀའ་ཤག་སྐབས་སྔོན་མ་ཟམ་གདོང་རིན་པོ་ཆེའི་སྐབས་བལ་ཡུལ་གྱི་བོད་མི་ཚོར་མིག་གཅིག་ཀྱང་བལྟ་མ་བྱུང་། ད་ལྟའི་བཀའ་ཤག་གི་རོགས་རམ་གནང་བའི་རེ་་ཡོད། ཡིན་ནའང་བཀའ་ཤག་འདིའི་རྩ་བའི་དམ་བཅའ་རྒྱ་བོད་ཞི་མོལ་ཡོང་ས་མ་རེད།
བཀའ་ཤག་འདིའི་དམ་བཅའ་རང་ཁ་རང་གསོ་གསར་གཏོད་གཅིག་སྒྲིལ་དེ་གསུམ་རེད་། རང་ཁ་རང་གསོའི་ཆེད་ཕྱི་རྒྱལ་ལ་སློང་རྒྱག་་གི་འདུག་ག་།
གསར་གཏོད་དེ་སྲིད་སྐྱོང་ཕྱི་རྒྱལ་ལ་་ཡང་ཡང་ཕེབས་་ཀྱི་འདུག་ག་།
གཅིག་སྒྲིལ་དེ་ཆུ་སྒང་གཉིས་དང་གཞོན་ནུ་གཉིས་དེ་ཡིན་ས་རེད་།
བོད་རྒྱ་འབྲེལ་ལམ་ཆེད་ཚོགས་མི་བཅུ་ཕྲག་གཉིས་དང་ཕྱེད་བསྗོས་པ་དེ་ཡིན་ས་རེད་། ལོ་བཞི་རྫོགས་གྲབ་འདུག་ག་།
བོོད་ནང་ལ་གཟིགས་དང་ང་ཚོ་ངོ་ཚ་། ཁ་སྟོང་པའི་གདུང་སེམས་མཉམ་སྐྱེད་ཧ་ཧ་་། གཏམ་བཤད་ཀྱི་གདུང་སེམས་མཉམ་བསྐྱེད་ཧ་ཧ་། ཉི་མ་ཕྱེད་ཀའི་གདུང་སེམས་མཉམ་བསྐྒེད་ཧ་ཧ་།
ཕ་ཨ་གུ་ཙྡན་སྡོང་པོ་རེད་།
བརྒྱུད་བུ་ཕྲུག་ཚེར་ཤིང་ལོ་མ་རེད་།
ཇུས་ཏོག་ནི་ཇུས་ཏོག་རང་རེད། ཇུས་ཏོག་ཚ་བ་གཅིག་འདུག བོད་ལུང་པ་རྒྱ་ཡི་ལག་ནས་ཚུར་ལེན་རྒྱུ་དེ་བོད་མི་ས་ཡ་དྲུག་གི་ལས་འགན་རེད་མ་གཏོགས་སྲིད་སྐྱོང་གཅིག་པུས་ལས་འགན་མ་རེད་ད། ཁྱོད་རང་ཡང་དེའི་ནང་ལ་ཚུད་ཡོད་པ་རེད། ཁྱོད་རང་གིས་བོད་ལུང་ཚུར་ལེན་རྒྱུའི་ཆེད་དུ་ཅི་ཞིག་སྒྲུབ་མྱོང་། ཉིན་མ་གཅིག་ལ་སྐད་འབོད་རྒྱག་ཏུ་འགྲོ་ཨེ་མྱོང་། དྲ་རྒྱའི་ནང་ལ་འུར་རྒྱག་རྒྱུ་ལས་གཞན་ཅི་ཞིག་འཇོན་ཡོད།