ཨ་རིག་འགྱུར་མེད།
ངའི་དབྱིན་ཡིག་གི་ཤེས་ཚད་བཟང་རྒྱུ་མེད་ཀྱང་ཉིན་ལྟར་རྒྱ་གར་ཉིན་རེའི་དུས་བབ་ལ་ལྟ་ཀློག་བྱེད་ཀྱིན་ཡོད། རྒྱ་གར་དུས་བབ་ནང་དུ་ཉིན་ལྟར་ཟུར་ཟའི་རི་མོ་དགོད་བྲོ་བོ་དང་ནང་དོན་ཡོད་པ། མིག་ལ་མཛེས་པ། སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པ་དེ་འདྲ་མང་བོ་ཡོད་ལ། དེ་དག་ཀྱང་ཕལ་ཆེ་བ་གནད་ཡོད་མི་སྣ་དེ་འདྲའི་སྐོར་ནས་བྲིས་ཡོད་དེ། རྒྱལ་ཁབ་ཀྱི་སྲིད་འཛིན་ནས་ཆབ་སྲིད་སྡེ་ཁག་གི་གལ་ཆེའི་མི་སྣ་དང་ཉེན་རྟོག་པ། གློག་བརྙན་འཁྲབ་སྟོན་པ་སོགས་ཡིན།
གནད་དོན་འདི་བོད་ཀྱི་སྤྱི་ཚོགས་ནང་དུ་ཁྱེར་ཡོང་ནས་བལྟས་ན། ཟུར་ཟའི་རི་མོ་འབྲི་མཁན་མང་བོ་མེད་ལ། ཟུར་ཟའི་རི་མོ་འབྲི་མཁན་རྣམས་ཀྱིས་ཀྱང་གནད་དོན་ཞིག་དཀྱིལ་སྙིང་དུ་བཟུང་སྟེ། ཟུར་ཟའི་རི་མོའི་ལམ་ནས་སྣང་བརྙན་དེ་མངོན་པར་བྱས་པའི་རི་མོ་དངོས་གནས་ཉུང་ཉུང་རེད། ཕལ་ཆེར་མེད་པ་འདྲ་བོ་རེད།
ཡིན་ནའང་། ཉེ་ཆར་ཞིག་ནས་བཟུང་ངས་ཟུར་ཟའི་འདྲ་པར་མ་འདྲ་གཉིས་ལ་དོ་སྣང་བྱུང་། སྔ་མ་ནི་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལེ་ཚན་མདོ་འཛིན་པ་དང་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་མདོ་འཛིན་པ་གཉིས་ལ་ཕྱིའི་གྱོན་གོས་ཀྱི་ཆ་ནས་བསྡུར་དཔྱད་ཐེངས་ཤིག་བྱས་པའི་འདྲ་པར་རེད་ཟེར་ཆོག གང་ལྟར་ཡང་འདྲ་པར་མ་འདྲ་བ་གཉིས་མཉམ་དུ་སྦྱར་ཏེ་དེ་ལ་འགྲེལ་བརྒྱབས་འདུག ཕྱི་མ་ནི་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་ཚོ་ (སྐྱེས་པ་ཚོ།) ལ་བོད་ཆས་གཡོགས་པའི་འདྲ་པར་ཞིག་རེད། འདི་བྲིས་པ་མ་རེད། གློག་ཀླད་ལས་བཟོས་པ་མངོན་གསལ་རེད། ཡིན་ནའང་། འདིས་གནད་དོན་ཞིང་གླེང་གི་འདུག་པས་ངས་གླེང་དོན་ཡང་འདི་ཡིན།
དེ་བཞིན་སྔ་མ་ནི་ཨ་རིའི་རླུང་འཕྲིན་ཁང་གིས་ངོ་དེབ་སྟེང་བོད་ལྭ་གྱོན་རྒྱུ་མིན་པའི་སྐོར་གྱི་བརྡ་ཁྱབ་ཐུང་ངུ་དེ་མ་སྤེལ་བའི་སྔོན་དུ་མཐོང་བ་དང་། ཕྱི་མ་དེ་བརྡ་ཁྱབ་དེ་སྤྱི་ཚོགས་ཁྲོད་བཀྲམས་རྗེས་བཟོ་སྒྲིག་བྱས་འདུག
གནད་དོན་འདིའི་ཐད་དུ་སྤྱི་ཚོགས་ནང་བསམ་ཚུལ་མི་མཐུན་པ་མང་བོ་ཡོད་མོད། ད་བར་དུ་རླུང་འཕྲིན་ཁང་ཞིག་ལ་ཆེད་དུ་དམིགས་ཏེ་ཟུར་ཟའི་འདྲ་པར་བཟོ་སྒྲིག་བྱས་པ་ཐོག་མ་ཆགས་ཡོད་སྟབས། དངོས་གནས་བྱས་ན་འདི་གནད་དོན་ཆུང་ཆུང་མ་རེད། ཆེད་ལས་གསར་འགོད་པ་དག་གིས་ད་གཟོད་གནད་དོན་འདི་ཆུང་ཆུང་མིན་པ་རྟོགས་ངེས་ཡིན། རྒྱུ་མཚན་གནད་དོན་ཅི་ཞིག་ཡིན་རུང་སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེར་ཡོང་སྐབས་གསར་འགོད་པས་དེ་ལ་ལྟ་ཉན་བྱ་དགོས་པར་མ་ཟད། གནད་དོན་དེ་ཅིའི་ཕྱིར་སྤྱི་ཚོགས་ཀྱིས་གླེང་གཞིར་གྱུར་མིན་སོགས་ལ་རྟོགས་དཔྱོད་བྱ་དགོས་པས་ཡིན།
དེ་ཡང་ལོས་ཡིན། གནད་དོན་འདི་གླེང་དུས་ང་ཚོས་བོད་མི་རིགས་ཀྱི་ཐུན་མིན་རིག་གཞུང་གླེང་གི་ཡོད་ལ། མི་རིགས་ཤིག་གི་བླ་སྲོག་དང་འཚོ་གནས་གླེང་གིན་ཡོད། དེའི་སྐོར་ལ་ད་བར་གླེང་སློང་བྱེད་མཁན་དག་གི་ཁྲོད་ནས་རྩོམ་པ་བོ་ཨ་འཇམ་ལགས་ཀྱིས་གླེང་བ་ནི་འཐུས་སྒོ་ཚང་ཤོས་དང་ཁ་གསལ་ཤོས། དངོས་ཡོད་ལ་ཐག་ཉེ་བར་མ་ཟད། ལོ་རྒྱུས་རྒྱབ་ལྗོངས་དང་མི་རིགས་འཚོ་གནས་ཀྱི་རྨང་ཐག་ལ་འཇུས་ཏེ་གླེང་འདུག་སྟབས། ང་ལ་དེ་ལས་ལྷག་ཅིག་གླེང་རྒྱུ་མི་འདུག་པས་དེས་འཐུས་པར་བྱ་རྒྱུ་ཡིན། ཁ་གསལ་ནས་ཞུས་ན་ང་ནི་ཨ་འཇམ་གྱིས་གསུངས་པར་རྒྱབ་སྐྱོར་བྱེད་མཁན་གྲས་ཀྱི་གཅིག་དང་། ཨ་འཇམ་གྱིས་གང་བཤད་པ་དེ་ངས་ཀྱང་འདོད་ཡོད་ཟེར་བ་ཡིན།
ཡིན་ནའང་། སྐབས་འདིར་ངས་འདིའི་ཐད་ནས་དོན་དག་ཅིག་ཁ་ཇེ་གསལ་དུ་གཏོང་དགོས་ཀྱི་འདུག་སྙམ། དཔེར་ན། རླུང་འཕྲིན་ཁང་གི་ལས་བྱེད་དང་ལྟ་མཁན་རྣམས་ཀྱི་བར་ན་འཁྲུལ་གཞི་ཞིག་མེད་དམ་སྙམ། ངས་བསམ་ན། ཨ་རིའི་རླུང་འཕྲིན་ཁང་ལ་ལྟ་ཉན་བྱེད་མཁན་དག་གིས་ཁ་པར་བསླེབས་ཏེ་བོད་ལྭ་གྱོན་རོགས་ཟེར་དུས། ཞོགས་པའི་ཆུ་ཚོད་དགུ་བ་ནས་དགོང་མོའི་ཆུ་ཚོད་ལྔ་བའི་བར་གྱི་ཉིན་གཅིག་གི་ལས་ཁུངས་ཀྱི་དུས་ཚོད་ཚང་མར་བོད་ལྭ་གྱོན་རོགས་ཟེར་གི་ཡོད་པ་མ་རེད། དེ་ལྟར་རེ་སྐུལ་ཞུ་འདོད་ན་ཐོག་མར་གཞུང་ཞབས་ལས་བྱེད་སུམ་བརྒྱ་བཞི་བརྒྱ་ཙམ་ཡོད་པའི་གངས་ཅན་སྐྱིད་གཤོངས་ལ་བཤད་ཀི་རེད། ཡིན་ནའང་། ཁྱོད་ཚོས་ཀུན་གླེང་གི་ལེ་ཚན་མདོ་འཛིན་བྱེད་སྐབས་གཅིག་པུར་བོད་ལྭ་ཞིག་གྱོན་རོགས། དུས་ཡུན་ཆུ་ཚོད་གཅིག་ཙམ་དེའི་རིང་ལ་ང་ཚོའི་མིག་མདུན་དུ་བོད་ཀྱི་ཐུན་མིན་རིག་གཞུང་མཚོན་པའི་གཙང་དག་ཡང་དག་གི་བོད་ལྭ་ཞིག་གྱོན་ནས་ཕེབས་རོགས་ཟེར་གིན་པ་རེད།
ང་ཚོས་ཟུར་ཟའི་འདྲ་པར་འདི་གཉིས་ཀྱི་སྔ་མ་དེར་གཟབ་ནན་གྱིས་བལྟས་ན། དེའི་ནང་དུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མདོ་འཛིན་པས་གྱོན་པའི་བོད་ལྭ་ནི་བོད་བཟོས་འོག་འཇུག་ (མིང་ཏག་ཏག་ཡིན་མིན་མ་ངེས།) ལས་བོད་ལ་ཁམས་གཙང་རེ་མ་རེད། ཡིན་ནའང་། བོད་བཟོས་འོག་འཇུག་དེ་གྱོན་པས་ད་གཟོད་བོད་མི་རྣམས་ཀྱིས་བལྟས་ན་མིག་ལ་མཛེས་པར་མ་ཟད། མི་རིགས་རང་གི་སྲོལ་རྒྱུན་དང་ཐུན་མིན་གྱི་རིག་གཞུང་མཚོན་པར་བྱས་པ་རེད།
དེར་བརྟེན་གོང་ཞུས་ལྟར་ཉིན་གང་བོར་བོད་ལྭ་གྱོན་དགོས་ཟེར་བ་མིན་པར། ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གི་མདོ་འཛིན་པ་ཚོས་མ་མཐར་ཡང་ལས་ཁུངས་ནང་འོག་འཇུག་རེ་ཁྱེར་ཡོང་སྟེ། ནམ་ཀུན་གླེང་ལེ་ཚན་མདོ་འཛིན་པར་ཁེལ་ན་དེའི་ཆུ་ཚོད་གཅིག་གི་དུས་ཡུན་དེའི་རིང་བོད་ལྭ་ཞིག་གྱོན་བཞག་ན། ཅི་འདྲའི་སྟབས་བདེ་ལ་བོད་མི་རིགས་རང་གི་ཐུན་མིན་གྱི་རིག་གཞུང་མཚོན་པའི་ཁྱད་ཆོས་ཤིག་མི་ལྡན་ནམ།
དེ་མིན། ཨ་རིའི་རླུང་འཕྲིན་ཁང་གིས་ངོ་དེབ་སྟེང་བོད་ལྭ་གྱོན་རྒྱུ་མིན་པའི་སྐོར་གྱི་གསལ་བརྡ་ཐུང་ངུ་ཞིག་སྤེལ་བ་དེར་བལྟས་ན། དངོས་གནས་མང་ཚོགས་ཀྱི་བསམ་ཚུལ་ལ་བརྩི་འཇོག་མ་བྱས་པ་དང་། བོད་མི་རིགས་རང་གི་སྲོལ་རྒྱུན་ལ་གཅེས་སྤྲས་མ་བྱས་པ། “དེང་རབས་རྒྱལ་སྤྱིའི་ལུགས་ཀྱི་གྱོན་ཆས་ལ་བཀག་འགོག་མ་ཡོང་བའི་ཆེད་དུ་བོད་ཆས་མི་གྱོན་པའི་ཐག་གཅོད་བྱས་པ་ཡིན།” ལྟ་བུ་ནི་འགན་མ་ཁུར་བའི་སྐད་ཆ་བཤད་པ་རང་རེད། ད་དུང་འདིའི་ནང་དུ་ལས་རིམ་ཡར་རྒྱས་གཏོང་མི་གཏོང་གི་སྐོར་ཞིག་བཤད་འདུག་ལ། མང་ཚོགས་ཁྲོད་དུའང་མདོ་འཛིན་པ་ཅིག་དང་ཉིག་གིས་ཡག་པོ་བཤད་ཀྱི་མི་འདུག དེ་དག་བརྗེས་བཞག་ན་བོད་ལྭ་གྱོན་མ་གྱོན་ལ་ཁྱད་པར་མི་འདུག་ཟེར་མཁན་ཡོང་གི་འདུག་མོད། དེ་ནི་དེ་དང་དེ་ལྟ་བུའི་གླེང་གཞི་དངོས་ལ་འཇུག་སྐབས་བཤད་རྒྱུ་ཞིག་ལས་ཁ་བཤད་སྐབས་རྣ་དྲུད་ནས་ཡོང་རྒྱུར་བདག་དགའ་བོ་མེད་པས་རེ་ཞིག་བཞག
མཇུག་མཐར། རྣམ་པ་ཚོ་ཨ་རི་ན་ཡོད་ཀྱང་ཆོག་གི དེང་རབས་ཀྱི་སྤྱི་ཚོགས་ནང་དུ་ཡོད་ཀྱང་རུང་གི དུས་རབས་ཤིག་གི་སྔོན་ཐོན་རྒྱལ་ཁབ་ཏུ་ཆེས་སྔོན་ཐོན་གྱི་མི་བུ་དག་དང་ལྷན་དུ་ཡོད་ཀྱང་བླ། རྣམ་པ་ཚོ་མཁའ་ལམ་ནས་ཀུན་གླེང་ཚང་གི་འཁོར་སྐར་བརྒྱུད་དེ་འཛམ་གླིང་གི་ཤར་ལྷོ་ནུབ་བྱང་གང་ནས་མངོན་ཡོང་རུང་། ཁྱོད་ཚོས་སྐད་ཆ་བཤད་ས་ལུས་ན་བོད་མི་རིགས་ཀྱི་ཁྲག་རྒྱུན་གཙང་མ་བཞུར་གྱིན་པའི་གཞིས་བྱེས་བོད་མི་རེད་ལ། ཁྱོད་ཚོར་ལྟ་ཉན་བྱེད་མཁན་ཡང་ངག་ན་བོད་སྐད་དག་མ་བཤད་ཀྱིན་པའི་གཞིས་བྱེས་བོད་མི་ཚོ་རེད། ཁྱོད་ཚོས་ཞོགས་པ་ནས་དགོང་མོ་བར་དུ་ཞབས་འདེགས་ཞུ་ཡུལ་ཡང་ཁོང་ཚོ་རེད། དེ་གཏན་ནས་མ་བརྗེད་ལ། བོད་ཕྱི་ནང་གི་བོད་མིའི་རེ་བའང་མ་བརླགས་རོགས། མ་མཐར་ཡང་གནས་ལུགས་རྒྱུ་མཚན་ཡོད་པའི་འགྲེལ་བརྗོད་ཡག་པོ་ཞིག་དགོས་རྒྱུ་རེད་དྲན་གི
རེད་རེད། བོད་ལྭ་མ་གྱོན་ན་མ་འགྲིག་པ་རེད། བོད་ལྭ་གྱོན་དགོས་རེད། མ་ཟད་བོད་ཀྱི་ཐོུང་མིན་པའི་སྐྲ་རིང་པོ་ཡང་བཞག་དགོས་རེད། ད་དུང་སོ་སོའི་ལུང་པའི་ཞྭ་ཡང་གྱོན་དགོས་རེད། དེ་འདྲ་ཅིག་མ་བྱུང་བར་དུ། ཁྱེད་རང་ཚོས་བོད་དོན་དང་འབྲེལ་བའི་གསར་སྒྱུར་ཡག་པོ་ག་ཚོད་ཤེས་ནའང་བལྟ་ཉན་མི་བྱེད། གང་ལྟར་བོད་ལྭ། བོད་སྐྲ། བོད་ཞྭ་གསུམ་པོ་བྱུང་ན་གཞན་གང་ཡང་མི་དགོས། མ་རེད་པས་ལགས།
ཐབས་སྐྱོ་བ་ལ་ཨང་། མདོ་འཛིན་པ་ཚོས་དུས་ཚོད་གཉན་འཕྲང་ཅན་དེ་འདྲ་ཞིག་ལ་ལས་དོན་གལ་ཆེན་དེ་འདྲ་ཞིག་བསྒྲུབ་ཀྱིན་པར་བསྔགས་བརྗོད་ཞུ་རྒྱུའི་ཚབ་ཏུ་ད་དུང་འདི་མ་བྱེད་འདི་བྱེད་ཟེར་ལབ་ནས་གནས་དོན་ཆུང་ཙག་ལ་ཀར་ཀོར་བྱས་ནས་ཅི་ཕན། གང་ལྟར་བོད་ཆས་གྱོན་མཁན་ཞིག་ཡོད་པ་ལས་བོད་དོན་བསྒྲགས་མཁན་ཞིག་ཡོད་པ་གལ་ཆེ་བས་དེ་དོན་ཡིད་འཇག་གི་ཕྱིན་ཆད་ཀུན་གླེང་ཁ་པར་ལེན་སྐབས། དོན་མེད་གཏམ་འདྲིས་གལ་ཆེའི་དུས་ཚོད་འཕྲོ་ལྷག་མི་གཏོང་བར་ཞུ།
མ་ཟད་མཚོ་སྔོན་རླུང་འཕྲིན་བོད་ནས་གཏོང་ཅིང་བོད་པས་བདག་གཉེར་བྱེད་བཞིན་པ་དང་ཨ་རི་རླུང་འཕྲིན་ཁང་སུས་བདག་གཉེར་བྱེད་མིན་ནི་མིང་ལས་ཀྱང་ཤེས་ནུས་པས་སྦྱིན་བདག་གི་ངོ་ཡང་བསྲུང་དགོས་པ་བརྗེ་མི་ཉན། བུད་མེད་ཁྲོད་ནས་བོད་ཆས་གྱོན་བཞིན་ཡོད་རུང་དེེ་ལ་ཡ་མཚན་སྐྱེ་གཞི་གང་ཡང་མེད་པ་ནི། ལས་ཁུངས་སུ་བསྐྱོད་སྐབས་ FORMAL (ལུགས་མཐུན) གྱོན་ཆས་ལས་ CASUAL (རང་དགར)ཆས་གོས་རིགས་ གྱོན་མི་རུང་ལ་ཕྱི་རྒྱལ་གྱི་ FORMAL མང་ཆེ་བ་རང་རིགས་ཚོའི་གཟུགས་པོར་ལེན་པོ་མེད་པའམ་སྤྱི་ཚོགས་དང་མཚམས་པོ་མེད་པས་ (དཔེར་ན། སྟོད་ཐུང་འོག་སྨད་གཡོག་ཕྱེད་བཅད་མ་གྱོན་པ) བོད་ཆས་རང་གྱོན་བཞག་པ་ཞིག་རེད།
མཚོ་སྔོན་བརྙན་འཕྲིན་གཉིས་པོ་འདིས་སོག་ཆས་སྤྲས་འདུག ཡང་ན་རྒྱ་ཆས་རེད།
མ་ཟད་ཨ་རི་རླུང་འཕྲིན་ཁང་གི་དཔར་དེ་ནི་ཁོང་ཚོ་PARTY ཐུགས་སྤྲོ་བཏང་བཞིན་པའི་སྐབས་ཤིག་རེད་འདུག་པར་བརྟེན་མདོ་འཛིན་བྱེད་པའི་སྐབས་མིན་པས་དཔར་དེ་གཉིས་མཚུངས་བསྡུར་བྱས་པ་ནི། མ་ཤེས་པར་བྱས་ན་ལྐུགས་རྟགས་དང་ཤེས་ནས་བྱས་ན་ཕྲག་དོགས་སམ་དགའ་མིན་དགའ་མདོག་བྱས་པ་གདོན་མི་ཟའོ།
བསྟན་འཛིན་སྟོབས་ལྡན་ནས་བཤད་པ་བདེན་པ་རེད། སྐྱོན་བརྗོད་བྱས་སྟངས་དེ་ལ་བལྟས་ན་རྒྱལ་ཞེན་ཆེ་ནས་རེད་མི་འདུག ཁོ་རང་སྒེར་གྱི་བྲོད་ཁོག་མ་རྒྱགས་པའམ་ཕྲག་དོགས་ཀྱིས་ཡིན་པ་མངོན་གསལ་རེད། དོན་གནད་ཆེན་པོ་མེད་པས་བཀྲུག་ཤིང་ཁོ་ན་རེད།
སྐད་ཆ་འདི་སུས་རླུང་རླབས་དང་ཁ་སྡུགས་རེད། འདི་ནི་གྲྭ་བ་དང་གྲྭ་ལོག་ཚོས་བོད་ཀྱི་སྤྱི་ཚོགས་སུ་འཁྱེར་ནས་ཡོང་བའི་སྐད་ཆ་རེད། སྐད་ཆ་འདིར་ལྷག་བསམ་གྱི་ཆ་ཞིག་ཡོད་པར་ཆེ་ཡང་།མི་སྡེ་སྤྱི་ཚོགས་ཀྱི་འཕེལ་རིམ་ངོས་ནས་བཤད་བརྩི་རིན་ཞིག་མེད་འདོད། འཛམ་གླིང་ན་ནམ་མཁའི་སྐར་ཚོགས་ལྟ་བུའི་གཟིགས་མཐོང་བརྙན་འཕྲིན་མང་བོ་ཡོད།དེ་དག་སྤུས་ཚད་དང་འཕེལ་རིམ།ཤེལ་ངོས་ལ་ལྟོས་དང་མི་རིགས་རེ་ཡིས་རང་གི་ཆས་གོས་གོན་པའི་གཤིས་ཀ་ཕལ་ཆེར་ཡོད་པ་མ་རེད། བོད་ནང་དུ་མཚོ་སྔོན་དང་བོད་ལྗོངས་སོགས་ཀྱི་བོད་ཆས་གྱོན་གི་ཡོད་པའི་དཔེ་འདིར་ལྟོས་ནས་ཨ་རིའི་རླུང་འཕྲིན་ཁང་ལ་ཁ་གཡར་ས་ཞིག་འཚོལ་བ་སྟེ་དྲང་མོ་མིན། བོད་ནང་དུ་རྒྱ་དམར་གྱིས་ཆེད་དུ་མི་རིགས་གྲངས་ཉུང་གི་ཡུལ་སྲོལ་གོམས་གོམས་གཤིས་སོགས་ལ་ཆེ་མཐོང་ཡོད་ཀི་ཡོད་མདོག་གི་ཕྱི་ཚུལ་ཙམ་ཡིན་པ་ལས། དེ་ནི་རླབས་ཆེན་ཞིག་དང་གོ་རྟོགས་སད་སོང་བ་ཞིག་མ་རེད། ཁོ་ཚོའི་མགྲིན་པ་ཡོད་ཚད་ཏང་ཟེར་བའི་དེས་ཇུས་འགོད་འོག་ན་ཡོད་རེད།དེའི་མཚུངས་སུ་ཨ་འཇམ་དང་ཨ་རིག་སོགས་བོད་ཀྱི་རིག་གཞུང་ལ་ཞེན་པ་དཀར་བའི་མདང་རེ་ཡོད་ན།རང་ཚོད་ཀྱིས་མི་ཡུལ་ལ་བརྩམས་ཆོས་ཡག་པོ་རེ་ཨེ་འཁྱོངས་ལ་འབད་རྒྱུ་ལས།་སྤྱི་ཚོགས་ནང་དུ་འདི་དང་འདི་བཤད་ཀིན་འདུག་ལབ་ནས་གནས་ཚུལ་འདི་འདྲ་བ་ཁྱབ་བསྒྲགས་ལ་རེ་བ་སྟེ་རང་ཉིད་གྲྭ་ལོག་དང་དེའི་སྤྱི་ཚོགས་ཀྱིས་བསྐྱེད་པའི་བག་ཆགས་ཙམ་གྱིས་ཕོངས་ཡོད་པས་གོར་མ་ཆག་གོ
སྤྱིར་སྒྱུ་རྩལ་ཆ་ནས་བོད་མའི་དགེ་སྐྱོན་གང་རུང་གླེང་ཆོག་ལ། དེ་ཡང་ཡར་རྒྱས་ཀྱི་ཆ་ལ་བལྟས་ནས་མོས་བ་བསྐྱེད་ཕྱོགས་འདི་ཤིན་ཏུ་འོས། འོན་ཀྱང་སྒྱུ་རྩལ་གྱི་མཚོན་དོན་དགའ་སྐྱོ་ཆགས་སྡངས་ཅི་ཞིག་དང་འབྲེལ་རུང་སྒྱུ་རྩལ་རང་ངོས་ན་བརྡར་ཤ་གཅོད་པའི་ནུས་རྩལ་རེ་ཡོད་སྟབས། ཅི་་་གང་་་མཛེས་་་་སྙན་་་་དགའ་་་་སྐྱོ་་་་རང་སོར་འཇོག་རོགས།
མ་གཞི་ནས་རྗེས་འདེད་པ་དང་དཔྱད་རྩོམ་པ་སུ་གང་ཡིན་རུང་བོད་སྤྱི་ཚོགས་ཀྱི་དགེ་སྐྱོན་ཆ་ནས་གཅིག་མཚུངས་ཀྱི་ངོས་འཛིན་བྱེད་སྟངས་ཞིག་མེད་པ་ནང་ལྟར། རང་རང་སོ་སོའི་གང་འདོད་པ་དེ་ཚུལ་ཅི་བཞིན་གསུངས་རྒྱུ་ལས་སྒྱུ་རྩལ་ཆེ་གེ་མོ་དང་། སྐྱེས་བུ་ཆེན་པོ་གང་རུང་ཞིག་གི་བསམ་ཚུལ་ཁྲོད་་རང་ཉིད་ཀྱི་འདོད་ཕྱོགས་སྤྱར་ནས་ཆེ་མཐོང་སྤྲོད་པའམ། དེ་ལས་ཀྱང་ཐབས་སྐྱོ་བའི་གནས་སྟངས་ལ་རེ་ནི། རང་ཉིད་ཀྱི་ཁ་ཕྱོགས་རྦད་དེ་སྒྱུ་རྩལ་པ་ཆེ་གོས་མོས་བརྩམས་ཆོས་ཁྲོད་བཏུམ་རྗེས། རང་ཉིད་གནས་བཅའ་སའི་རི་ར་བ་ཁང་ཁྱིམ་དང་ཡུལ་དེའི་ཡུལ་སྲོལ་གོམས་གཤིས། དགའ་མོས་བྱེད་ས། མཛེས་དཔྱོད་ཀྱི་ཆ་གང་ཡང་སྣང་མེད་དུ་གཏོང་རྒྱུར་འཛེམས་པ་ཅི་ཡང་མེད་རུང་།། ལ་ལུང་གང་ལ་བསྙེགས་ཀྱང་བོད་མི་རིགས་ཀྱི་རྩམ་སྣོད་ཡན་ནས་བདག་པོ་རྒྱག་དགོས་བའི་མཁྲེགས་འཛིན་བྱེད་ཕྱོགས་ནང་ལྟར། བོད་མི་རིགས་འདིས་གོམ་པ་ག་ཚོད་ཅིག་འཛམ་གླིང་ཟླུམ་པོ་འདིའི་སྒང་ལ་སྤོ་ཐུབ་སམ། རྩ་འཛུགས་དང་སྒྲིག་གཞི་ལ་གུས་བརྩི་དགོས་ས་ནས་ཁ་ཆེའི་བུད་མེད་ཚོའི་མགོ་དཀྲིས་ཡན་ནས་མར་ལེན་དགོས་ཀྱིན་ཡོད་བ་རེད།
གང་ལྟར་མདོ་དོན་ཁ་པར་བརྒྱུད་གླེང་མོལ་བྱེད་ཡུལ་ནས་དོན་མེད་ཀྱི་ཉོག་གཏམ་མ་བཤད་ལབ་རྒྱུ་རང་ཡིན། ཅ་རིའི་རླུང་འཕྲིན་ཁང་ལ་ཡང་རྒྱུ་མཚན་རེ་ཡོད་རྒྱུ་རེད།
ཨ་རིག་འགྱུར་མེད་ཀྱིས་ཡག་པོ་བྲིས་འདུག །བསྟན་འཛིན་གྱིས་བཤད་པ་འོས་འཚམས་རེད།
དེ་ན་མ་འགྲིག་ས་མང་གི་ཡ།
དངོས་གནས་བྱས་ན། སུས་ཀྱང་བོད་གོས་གྱོན་འདོད་མེད། སུས་ཀྱང་བོད་སྐད་བཤད་འདོད་མེད། སུས་ཀྱང་བོད་ཡིག་འབྲི་འདོད་མེད། དེ་དག་དོན་མཐུན་ཀྱང་རེད། དེ་དག་ལག་ལེན་ལ་བསྟར། དེ་ལ་རྒྱབ་སྐྱོར་ཀྱང་བྱས། རྗེས་སུ་ཡི་རངས་ཀྱང་བསྒོམས་ན། ང་ཚོའི་རིག་གཞུང་སྲུང་སྐྱོབ་འདི་སུས་བྱེད། སུས་ཁུར། སུས་བསྒྲུབ། ཡང་ན་ང་ཚོ་ལ་དེང་དུས་ཀྱི་ཤེས་བྱ་དང་། དེང་དུས་ཀྱི་གྱོན་གོས། དེང་དུས་ཀྱི་སྐད་ཡིག་དགོས་པ་ལས་ང་ཚོའི་ཚེ་སྲོག་དང་། ང་ཚོའི་རིག་གཞུང་། ང་ཚོའི་གོམས་སྲོལ་སོགས་རྩད་ནས་འདོར་དགོས། ཁྱེད་རྣམས་ཀྱིས་བཤད་སྟངས་ལྟར་ན་བོད་གོས་མ་གྱོན་ན་མཛེས། བོད་སྐད་མ་བཤད་ན་ཡག བོད་ཡིག་མ་བྲིས་ན་བཟང་ཟེར་བ་ལྟ་བུ་ཞིག་ཆགས་ཡོང་གི་འདུག དེ་ལ་གནས་ལུགས་འཚོལ་མཁན་དང་། རྒྱུ་མཚན་ཤེས་མཁན་ཞིག་གི་ངོས་ནས་བལྟས་ན་ངོས་ལན་བརྒྱ་ཆ་བརྒྱ་ནས་ཡོད་རྒྱུ་མེ་རེད། རྒྱུ་མཚན་གཙོ་བོ་ནི་རིག་གཞུང་དར་སྤེལ་དང་སྲུང་སྐྱོབ་བྱེད་དགོས་ན་དབུ་ཁྲིད་དང་། མགོ་འདྲེན་པ། ལས་བྱེད་པ་སོགས་ཀྱིས་གཙོ་གཉེར་མ་བྱས་ན། དམངས་ཀྱི་སྣ་གང་འདྲ་བྱས་ནས་ཁྲིད་དགོས་པ་རེད། དེ་ཡང་ཉིན་གཅིག་གཉིས་ཤིག་གིས་སྐྱོན་ཡོན་དབྱེ་འབྱེད་མི་ཤེས་མོད། ལོ་ངོ་ལྔ་བཅུ་དྲུག་ཅུ་སོང་ན་དེ་དུས་ཕལ་ཆེར་ད་ལྟའི་གནས་བབས་འདིའི་རྟགས་མཚན་གསལ་པོ་ཞིག་ཤར་ཡོང་གི་རེད།
ཚེ་རིང་སྐྱིད་ཀྱི་ལག་པར་ཡོད་པའི་ཤེལ་ཕོར་གཟུགས་རིང་མ་ཤིང་ཏོག་གིས་བརྒྱན་པ་COCKTAILདེར་བལྟས་ན་ཐུགས་སྤྲོ་ཞིག་ལ་ཡོད་པ་གསལ་ཐག་ཆོད་རེད།
གངས་སེང་དཀར་མོས་བཤད་པ་དེ་རེད། ལས་འགན་ཟེར་བ་སྒང་ལ་བསྡད་མཁན་ཁ་ཤས་གཅིག་ལ་ཁག་ཡོད་པས་ཁོང་ཚོས་ཡག་པོ་བྱས་ན་ང་ཚོས་མ་བྱེད་ནའང་འགྲིག་པས་ང་ཚོར་ཡང་གུ་ཡང་ཐོབ་ངེས། གང་ལྟར་ཁོང་ཚོས་འཕྱུག་མི་ཉན། ང་ཚོ་སྐབས་བསྟུན་གྱི་རང་འདོད་ལྟར་བྱས་ནའང་འགྲིག
མཚོ་སྔོན་ཚང་གིས་བོད་ལྭ་གྱོན་པ་ནི་སྲིད་གཞུང་གཏན་འབེབས་ཀྱིས་གྱོན་པ་རེད། ཁོ་རང་ཚོས་དང་བླང་གིས་གྱོན་པ་མ་རེད། མཚོ་བརྙན་ཚང་གིས་ཆབ་སྲིད་ཀྱི་ཅིག་ཅིག་མིག་མིག་ཟེར་བ་དེའང་སྲིད་གཞུང་གིས་བསྒྲགས་སུ་བཅུགས་པ་རེད། རང་མོས་ཀྱིས་བཤད་པ་རེད། རྡོག་རྡོག་བཤད་ན་དེ་རེད།
བོད་ལྭ་སོགས་ནི་རིག་གཞུང་ཁྱབ་ཁོངས་ལས་མ་འདས་པའི་ཆས་གོས་ཙམ་ལས་རིག་གཞུང་ཇུ་ལྟར་ཡིན། དེ་ལ་རིག་པའི་གཞུང་ལུགས་ཀྱིས་གཏན་ལ་ཕབས་ཚུལ་ཇི་ལྟར་ཡིན།
ངས་དཔེ་མཚོན་ཙམ་ཞུས་ན། གལ་སྲིད་ང་ཚོ་ཨཧྥ་རི་ཀའི་མི་བརྒྱུད་ཞིག་ཡིན་ན། གསར་འགྱུར་བཤད་སྐབས་གཅེར་བུ་གོས་བྲལ་ཐོག་མ་བཤད་ན་རིག་གཞུང་གཏོར་བརླག་གཏོང་བར་བརྩི་ཉན་ཆེ།
རང་མོས་ཀྱིས་བཤད་པ་མ་རེད། ཅེས་བཅོས་དགོས།
འདི་ནི་ལེའུ་གསར་པ་གང་ཡང་མ་ཡིན། ལྷག་པར་དུ་ཀུན་གླེང་ཐེངས་གཅིག་རེས་གཟའ་ལྷག་པ་འཁེལ་བས། བོད་ཕྱི་ནང་གཉིས་སུ་བོད་མི་མང་པོ་ཞིག་གི་སེམས་ནང་ཕོག་ཐུག་དང་མ་སྐྱིད་པ་བཟོ་བ་ཤེས་བཞིན་དུ་སྣང་མེད་བཏང་བ་ནི་ཧང་གསང་གི་ནོར་འཕྲུལ་ཚབ་ཆེན་ཞིག་ཆགས་པ་རེད། དུས་ཡུན་རིང་པོའི་གོང་དུ་ཀུན་གླེང་སྐབས་ཁ་པར་བརྒྱུད་ནས་བོད་ཆས་གྱོན་རོགས་ཞེས་རེ་འདུན་ལན་མང་བྱས་རྗེས་ད་རིང་གཞི་ནས་དངོས་སུ་སྐྱོན་བརྗོད་འདི་དྲ་ངོས་སུ་བསླེབས་པ་རེད། གཞི་རྩའི་རང་དབང་ལུང་པར་ཡོད་རུང་སྐྱབས་བཅོལ་ཡིན་སྟབས་གཞན་དབང་སྟབས་བསྟུན་བྱ་དགོས་ལ་སོང་ཨ་རིའི་གཞུང་ནས་བོད་ཆས་གྱོན་པར་བཀའ་འགོག་འདྲ་ཡོད་ཚེ་དྲང་པོར་མང་ཚོགས་ལ་གསལ་བཤད་གནང་གནང་ཆོག་པ་དང་གལ་སྲིད་གཞན་གྱི་ཤུགས་རྐྱེན་མེད་ན་འདི་འདྲའི་བདག་འཛིན་དང་ཨུ་ཚུགས་མ་གནང་བར་མང་ཚོགས་ཀྱི་རེ་འདུན་ལ་དགོངས་བཞེས་གནང་ཡོད་ཚེ། ད་ལྟའི་སྐྱོན་བརྗོད་དང་རླུང་འཕྲིན་ཁང་ལ་མཚན་ཤས་འདི་ཡོང་དོན་མེད། རྩ་བའི་གནད་དོན་འདི་ཆུང་ཆུང་ཡིན་རུང་བོད་མིའི་རིག་གཞུང་གི་ཆ་ཤས་དང་ངོ་བོ་དོན་དག་བཅས་ལ་འབྲེལ་བ་ཤུགས་ཆེ་ཡོད་པ་དང་ཀུན་གླེང་ལས་རིམ་འདི་བོད་མིར་དམིགས་པ་ཞིག་ཡིན་སྟབས་ནོར་འཕྲུལ་ཚབས་ཆེན་ཞིག་ཆགས་པ་རེད། གཞི་རྩའི་ཨ་རིའི་ཀུན་གླེང་ལས་རིམ་ནི་བོད་མི་ཙམ་དུ་མ་ཟད་ཧི་མ་ལ་ཡིའི་རི་བརྒྱུད་བོད་སྐད་ཤེས་མཁན་ཡོངས་ལ་བོད་ཀྱི་གནས་སྟངས་དང་བོད་པའི་ཆོས་དང་རིག་གཞུང་དར་སྤེལ།་འཛིམ་གླིང་གནས་ཚུལ་ཤེས་རྟོགས་ཡོང་བར་རླབས་ཆེན་ཞབས་འདེགས་སྒྲུབ་མཁན་ཞིག་ཡིན་པ་དང་ལས་རིམ་བཀོད་ཕྱོགས་སོགས་སྙིང་དབུས་ནས་བསྔགས་བརྗོད་དང་རྗེས་སུ་ཡིད་རངས་ཞུ་རྒྱུ།་
སྔར་ནས་བཤད་ཟིན་བོད་སྐད་དག་མའི་ཐོག་གསར་འགྱུར་ཡག་པོ་ཤོད། ཕྱུ་པ་གྱོན་སྟབས་བདེ་ན་གྱོན། དྲི་བ་དྲིས་དུས་དྲི་བ་གནད་དུ་ཁེལ་བ་དང་དྲི་བ་ཐུང་ཐུང་དྲིས། དེང་དུས་དྲི་བ་དྲིས་སྟངས་ནི་ཕར་ཆེར་འབྲེལ་བཤད་རྒྱབ་པའི་བཟོ་འདྲ་པོ་འདུག
ཁྱེད་རྣམས་བློ་བདེའི་ངང་ལས་ཀ་ལས་རོགས།
གྲོགས་པོ་ཨ་རིག་ལོ་ལོ། ཁྱོད་ཀྱི་ལག་དེ་ཙམ་བདེ་རྒྱུ་མེད་ཀྱང་ཀླད་པ་མི་བདེ་རྒྱུ་མེད་དུས། ད་ལན་འདིར་ཟུར་ཟའི་རི་མོ་འབྲི་མ་ཤེས་ཀྱང་ཟུར་སྦྱོར་གྱི་བརྙན་འདི་གཉིས་སྣང་བར་འགྲོ་བོ་བྱུང་སོང་། རྗེས་མ་དེ་འདྲ་འབྲི་དགོས་ན་ཀླུ་བསམ་བློ་བ་སྐད་གཏོང་རྒྱུ་མ་བརྗེད་གོ
བོད་ཡིག་ཏོག་ཙམ་ཤེས་པ་དང་ལམ་སེང་གང་བྱུང་བྲིས།
འཆར་སྣང་ཚང་མ་འདི་ག་རང་དུ་བྲིས།
ཨ་རིའི་རླུང་འཕྲིན་ཁང་རྒྱལ་ལོ།
ཀླད་མེད་མཆན་འབྲི་བ་ཕམ་པ་ཤོག
དོན་ངོ་མ་ཞུ་རྒྱུ་ཞིག་ལ་རླུང་འཕྲིན་ལས་རིམ་གྱི་ནང་དུ་ལས་ཚན་ཆུང་ཙག་སྤེལ་མཁན་ཚོས་ནང་ཁུལ་ལ་ཕྲག་དོག་དང་བསམ་ནག་གི་བྱ་སྤྱོད་སྤེལ་མི་ཉན། རླུང་འཕྲིན་གྱི་ལས་དོན་བྱ་ཕྱོགས་ལ་ཕྱི་ཕྱོགས་སུ་བསྐུལ་སློང་བྱེད་ནས་འདི་འདྲ་ཞིག་ཕྲིས་དང་ཡང་ན་རང་གི་མིང་རྫུན་སྤྱད་དེ་ནང་ཁུལ་སྐྱོན་བརྗོད་མ་བྱེད་རོག
གཡག་གིས་ཆུ་འཐུང་འདོད་མེད་ན་གཉའ་ནས་མ་ནོན་ཟེར་པའི་སྐད་ཆ་དེ་ང་ཆུང་དུས་ནས་གོ་མྱོང་ཡོད་པའི་སྐད་ཆ་ཞིག་རེད། སྐད་ཆ་དེ་གོ་མྱོང་ཡོད་པའི་མི་ཁ་ཤས་ཀྱིས་ཡང་དང་ཡང་དུ་སྐད་ཆ་དེའི་ནང་དོན་ལ་གོ་བ་ལོན་ཐུབ་ཀྱིན་མི་འདུག ད་དུང་ཨུ་ཚུགས་དང་བཙན་དབང་གིས་གཞན་གྱི་རང་དབང་ལ་ཇུས་མེད་ཇུས་གཏོགས་མང་དྲག་གི་འདུག་བསམ།
ལས་རིགས་གང་དང་གང་ཡིན་ན་ཡང་དེ་ལ་གཙོ་བོ་དང་ཕལ་བ་གི་དབྱེ་བ་ཡོད་པ་རེད། མི་སུ་དང་སུ་ཡིན་ན་ཡང་གཙོ་བོ་མིག་གིས་མ་མཐོང་ཁུལ་བྱས་ནས་གཙོ་བོ་མ་ཡིན་པའི་དོན་དག་ཆུང་ཆུང་གི་ཕྱོགས་ལ་ཉེས་སྐྱོན་ཁག་འཛུགས་བྱས་ན་ལས་འབྲས་དང་མི་མཐུན་པ་མ་ཟད་མཇུག་འབྲས་ཡང་ཐོན་དཀའ་བ་ཡིན།
ལ་ལ་ཞིག་གི་སེམས་ལ་བོད་ལྭ་ལ་དགའ་ཞེན་ཧ་ཅང་ཆེ་དྲག་ནས་གཞན་གྱི་གྱོན་པར་རེ་བ་དང་་བཙན་བསྐུལ་བྱེད་ཀྱི་ཡོད་ན་ཡང་། སོ་སོ་རང་ཉིད་ཀྱི་སེམས་ལ་བོད་ལྭ་གྱོན་རྒྱུའི་གྲ་སྒྲིག་ཡོད་པ་མ་རེད། དེ་ཡང་རྒྱུ་འབྲས་དང་མི་མཐུན་པའི་ཆ་གཅིག་རེད། རྒྱུ་འབྲས་དང་མི་མཐུན་ཟེར་པ་ནི་དོན་དངོས་དང་མཐུན་པོ་མི་འདུག་ཟེར་གི་ཡོད།
ང་ཚོས་དེང་དུས་ཀྱི་ཤེས་ཡོན་ཟེར་བ་དང་། འཛམ་གླིང་གི་འཕེལ་ཕྱོགས་ཟེར་བ། འཛམ་གླིང་སྤྱི་སྐད་ཟེར་བ་་སོགས་གླེང་དེ། དེའི་ཁ་ཕྱོགས་ལ་བསྟུན་དགོས་པའི་འདོད་ཕྱོགས་འཛིན་གྱིན་འདུག རེད་དེ། འཛམ་གླིང་གི་གོམ་སྲོལ་དེ་འདྲ་སོགས་ཅི་ལྟར་འཛམ་གླིང་ཅན་དུ་གྱུར་སོང་བ་རེད། དེ་ཡང་མིའི་མདུན་སྐྱོད་ཀྱི་མྱུར་བུད་དབང་གིས་རེད། ཁོ་ཚོས་རང་གི་སྐད་ཡིག་འཛམ་གླིང་ཅན་དུ་བསྒྱུར་བར་མ་ཟད། གོམ་སྲོལ་ལམ་དགའ་ཕྱོགས། རང་གིས་ཅི་ཞིག་གསར་གཏོད་བྱས་པ་ཚུན་ཆད་ཀྱང་འཛམ་གླིང་སྤྱིའི་དཔལ་འབྱོར་འཁོར་རྒྱུག་ནང་གོ་གནས་གལ་ཆེན་བཟུང་ཡོད་པས་ང་ཚོ་དེའི་རྗེས་སུ་མ་འབྲང་རང་དབང་མེད་སོང་བ་རེད། དེ་རང་ང་ཚོས་ཀྱང་ནུབ་ཕྱོགས་རྗེས་སུ་འབྲང་དགོས་པའི་རྩོད་པ་འདི་རྒྱག་དགོས་བྱུང་འདུག་པ་འདིས་ཅི་ཞིག་མཚོན་གི་འདུག འོ་རེད། ང་ཚོས་རང་གི་རིག་གཞུང་དེ་འཛམ་གླིང་སྤྱིའི་ཁོར་ཡུག་ནང་སྤེལ་མ་ཐུབ་པ་འདིས་ད་ནི་རང་བཞིན་གྱིས་འདོར་འདོད་བྱུང་བ་མ་ཡིན་ནམ། ད་ནི་ང་ཚོའི་བསམ་ཕྱོགས་འདིའི་མཇུག་འབྲས་གང་ཡིན་ཡང་མ་དྲིས་ཀྱང་ཤེས་ངེས་རེད།
མི་དམངས་ཀྱིས་རེ་བ་ག་ཚད་བཤད་ན་ཡང་གུས་ཙམ་ཡང་མི་འདུག
ཨ་རིག་འགྱུར་མེད་ལགས་ཁྱེད་ཀྱི་ལྷག་བསམ་གྱི་བོད་ཀྱི་རིག་གཞུང་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ གོང་གི་དྲ་འབུ་ཁ་ཤས་ལ་ཞུ་རྒྱུ་ང་རང་བོད་མི་ཚོའི་ཐོག་མ་བོད་ཆས་བརླག་ཏུ་བཅུག བར་དུ་བོད་སྐད་བརླག་ཏུ་བཅུག མཐའ་མ་བོད་ཡིག་བརླག་ཏུ་བཅུག དེ་་གསུམ་ག་བརླག་ཚར་དུས་བོད་མི་རྣམས་ལ་སྐྱིད་ཉི་མ་ཞིག་ཤར་ཡོང་གི་རེད་ལོ།
དྲ་གྲོགས་ཚོར། རླུང་འཕྲིན་པར་བོད་ལྭ་གྱོན་དགོས་པའི་རེ་བསྐུལ་ནམ་དུ་ཡང་མ་བྱེད། བོད་པའི་སྤྱི་ཚོགས་ནས་ཐར་ཚར་བ་རེད། པཎ་ཆེན་བླ་མས། བོད་ལྭ་མ་གྱོན་ན་ཆོག་ལ། བོད་སྐད་མ་བཤད་ན་ཡང་ཆོག། ཡིན་ན་ཡང་ཤ་དང་རུས་པ་ཇི་ལྟར་བྱེད་རྒྱུ་ཡིན་ཅེས་པའི་དྲང་གཏམ་དེ་ད་གནད་ལ་ཁེལ་དུས་རེད། ཞབས་འདྲེན་ཞུ་མཁན་ཨ་རི་རླུང་འཕྲིན་པ་དེ་ཚོར་བོད་མིའི་གྲལ་ནས་བུད་ཚར་རེད། དེ་ཚོར་ལབ་མ་ལབ་ཡོད་མ་རེད། མི་ཁ་ཤས་གི་རང་དབང་ཡིན་དུས་བྱུས་གཏོག་མ་བྱེད་ཟེར་གི་འདུག། ཞབས་འདྲེན་གི་སྐད་ཆ་དེ་ཚོ་གོ་ཡོང་དུས་ཁོང་ཁྲོའི་མེ་ལྕེ་འབར་ཡང་དུ་བ་ནང་ནས་ཕྱུར་བ་ལས་གཞན་ཅི། ད་ནས་ཨ་རི་རླུང་འཕྲིན་པར་ཡོད་པའི་བརྩེ་དུང་ཟེར་ན་འདྲ། གུས་བཀུར་ཟེར་ན་འདྲ་དེ་ཚོ་ཚང་མ་དེ་རིང་ནས་འགོ་འཛུག་སྟེ་མི་བྱེད་ཐག་ཆོད་ཡིན། དེ་རིང་ནས་ཁྱི་རྒན་ཅེས་པའི་མིང་དེ་རླུང་འཕྲིན་པར་ངའི་ངོས་ནས་བཏགས་གྱི་ཡིན།
ཁ་སང་རང་རེད། བོད་ནང་ལོགས་ནས་འབྲེལ་ཡོད་འགས་་་་་་་་རང་དབང་ལུང་བའི་ནང་གི་མི་ཚོས་བོད་ཆས་ཙམ་གྱོན་འདོད་མི་གནང་བ་ངོ་མ་བསམ་ཡུལ་ལས་འདས་བའི་གནའ་དོན་ཞིག་རེད། ཅིག་ཅེས་ན་རྒྱ་ནག་གི་གནོད་ཤུགས་མིན་འགྲོ་ཟེར་ནས་སེམས་འཁྲལ་གནང་སོང་བས་་་་ངས་ཀྱང་ལན་གསལ་པོ་ཞིག་སྤྲད་ཐུབ་མ་སོང་།
བོད་ཆས་གྱོན་མི་གྱོན་ནི་གལ་ཆེན་པོ་གང་ཡང་མ་རེད། གཙོ་བོ་ནི་གསར་འགྱུར་གྱི་ལས་གཞིའི་ཐོག་ལ་ལྷག་བསམ་དང་དྲང་བདེན་དེ་ལྡན་དགོས་པ་ཡིན། འདི་དག་ནི་ཨོའུ་ཙམ་རེད་འདུག་ག། ད་གས་འགྲིག་འདུག །སྐྱོན་བརྗོད་བྱེད་མཁན་འདི་ཚོའི་བསམ་འཆར་ལ་བལྟ་ནས་སྡད་ན་ལྷུར་འགྲིག་རྒྱུ་ཡོང་སྲིད་ཡས་མེད། གལ་སྲིད་བོད་ཆས་ཞིག་གྱོན་ན། ཡང་མི་འདི་ཚོས་ཆོལ་ཁ་དང་ལུང་ཚན་ཁ་ལ་འཁྱེར་ནས་རྩོམ་འཆལ་རིགས་འདྲ་མིན་སྤེལ་གྱིན་རེད། སྤྱིར་བཏང་འགྲོ་བ་མི་ཞིག་གི་བསམ་འཆར་ལ་དོ་སྣང་སྤྲད་དགོས་པ་རེད་མོད། ཡིན་ན་ཡང་བདག་སྤྲོད་བྱེད་དགོས་པའི་ངེས་པ་མེད།
ཨ་རིག་འགྱུར་མེད་ལགས་ཐུགས་རྗེ་ཆེ། ཁོ་པ་ཚོས་གཟའ་འཁོར་གཅིག་ནང་ཆུ་ཚོད་གཅིག་ཙམ་ཡང་བོད་ཆས་གྱོན་འདོད་མེད་པ་དེས་ཁོ་པ་ཚོར་བོད་ཞེན་རྩ་ནས་མེད་པ་མཚོན་པ་རེད། ད་དུང་དེས་ག་ལ་ཚད་ཟས་གོས་ཁོ་ནའི་ཆེད་བོད་བཤད་པ་མ་གཏོགས་བོད་སྐད་ཡང་བཤད་འདོད་མེད་པ་རེད། རྒྱུ་མཚན་ནི་རླུང་འཕྲིན་བཤད་སྐབས་མང་ཆེ་བ་ནོར་བ་བཤད་པ་ལས་མ་ནོར་བ་ཧ་ལམ་ཤོས་མི་ཐུབ་དེ་གསལ་པོ་ཤེས་ཐུབ་པས་སོ།།
བོད་སྐད་ལ་བཅོས་རོགས།
མ་གཞི་ངས་དེ་སྔོན་ཁོ་བ་ཚོའི་བོད་ཆས་མི་གྱོན་པའི་ལྟས་ངན་ལ་སྦ་གསང་མེད་པར་བྱུར་ལ་ངོམས་སོའི་གསལ་བསྒྲགས་དེ་མཐོང་བ་ནས་གསར་འགྱུར་དེར་ལྟ་ཉན་བྱ་རྒྱུ་མཚམས་བཞག་པ་ཡིན། གང་ལགས་ཞེས་ན་ང་ང་རའི་རིག་གཞུང་དང་ཆས་གོས་་ལ་དགའ་་བོ་ཡོད་པས་ཡིན། ཁོ ཚོས་ཨ་རིའི་རྒྱལ་སར་བསྡད་དེ་བོད་པའི་ངོ་ཚབ་མཚོན་པའི་ལས་ཀ་བྱ་མ་ཐུབ་པར་བློ་ཕམ་ཡོད།
བོད་ཀྱི་རིགས་གཞུང་རྩ་མེད་བཟོ་མཁན་ཨ་རི་བོད་སྐད་གློག་འཕྲིན་ཁང་རེད།
ར་མ་ལུག་དེ་ཚོ་བརྗེ་བོ་རྒྱབ་ན་དགའ་གི་རེད
གསར་འབྱོར་གྱི་ནང་དོན་ལྟ་བར་དགའ་པོ་ཡོད་།
༧གོང་ས་མཆོག་གི་བརྟག་པར་བོད་ཀྱི་རིགས་བཞུང་དོན་ལ་སྐུ་ངལ་རྒྱག་གི་ཡོད་རེད། ཁོང་ཚོ་་རྒྱལ་བས་་བཀའ་ལས་་འགལ་བའི་དམ་ཉམས་རེད
བོད་ལྭ་གྱོན་དགོས་རེད་ཟེར་བ་ཡང་མིན།
མ་གྱོན་ཟེར་བ་ཡང་མིན།
གང་ལྟར་གྱོན་པ་ཡིན་ན་ཕོ་གསར་རྫིགས་མདོག་འདྲ་བོ་མཐོང་སོང་།
མ་གྱོན་པ་ཡིན་ན་མདོག་ཅིག་བཙོག་གི་ར་ལྟ་ཚུལ་ཞིག་མི་འདུག
ཨ་རིག་འགྱུར་མེད་ལགས་ཀྱིས་དངོས་གནས་མཐའ་གཉིས་སུ་མ་ལྷུང་བར་ཡག་པོ་བྲིས་འདུག་ཀྱང་། བོད་ཡིག་དག་ལ་མ་དག་འབྲི་མཁན་དྲ་འབུ་ཁག་གཅིག་གིས་དེ་ལ་ཕྲག་དོག་གི་སྒོ་ནས་སྐྱོན་བརྗོད་དང་ཟུར་ཟ་བཤད་འདུག་པས་དེ་དག་ནི་རང་དོན་ཁོ་ན་ལས་བོད་མི་རིགས་སྤྱི་དོན་དང་ལ་རྒྱ་ཏིལ་འབྲུ་ཙམ་མེད་པར་མཐོང་གིན་འདུག་་་་་་་མདོར་ན་ཨ་འཇམ་ལགས་དང་ཨ་རིག་འགྱུར་མེད་རྣམ་གཉིས་ཀྱིས་ཨ་རིའི་བོད་སྐད་ཀུན་གླེང་མདོ་འཛིན་པ་ཚོས་བརྙན་འཕྲིན་པར་ལེན་སྐབས་སུ་བོད་ཆས་གྱོན་ན་དགེ་མཚན་ཆེ་ཚུལ་སྐོར་ཞིབ་གསལ་གསུངས་པ་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་ཡི་རངས་ཡོད། ཐུགས་རྗེ་ཆེ།
བོད་ཆས་མ་གྱོན་ན་འགྲིག འདི་ན་ལྷག་བསམ་ཆེ་མདོག་གིས་བོད་ཆས་གྱོན་དགོས་ཟེར་མཁན་ཁོ་རང་ཚོ་བོད་ཆས་གང་འདྲ་གྱོན་གི་ཡོད་མེད་གཞི་ནས་ལྟ་རྒྱུ་རེད། ལར་ནས་ལང་ཤོར་འདི་ཚོ་སྨྲ་བརྗོད་རང་དབང་དང་ང་གདོང་བསྟན་མི་དགོས་པ། ཨ་རིའི་ལས་བྱེད་པའི་ལས་ཀར་མིག་ཚ་ནས་ཅིག་ཅིག་མུག་མུག་བཤད་ནས་འདུག་གི་རེད། དེ་མ་གཏོགས་ལས་ཀ་ཅང་ཡོད་མ་རེད།
ལས་བྱེད་ཚོ་མུ་མཐུད་གསར་འགྱུར་ཡག་པོ་སྤེལ། ཡག་པོ་འདུག ཕྱུ་པ་གྱོན་སྟབས་བདེ་ན་གྱོན། ཡག་ཤོས་རེད། བདེ་པོ་མེད་ན་ཁྱི་འདི་ཚོས་འབར་གི་འདུག་དྲན་ནས་འགྱུར་བ་གཏོང་མི་ཉན་ཡ།
ང་ཚོས་སྐྱོན་བརྗོད་བྱ་རྒྱུ་ལས་སླ་པོ་རེད། འོན་ཀྱང་དོན་ད྄ངོས་གནས་ཚུལ་མང་པོ་ང་ཚོས་ཤེས་ཀྱི་མེད། ཨ་རིའི་རླུང་འཕྲིན་གྱི་གསར་འགྱུར་ཤོད་མཁན་རྣམས་ལ་མཚོན་ན་ཁོ་ཚོར་ང་ཚོས་མ་མཐོང་བའི་དཀའ་ངལ་ཞིག་ཡོད་སྲིད་པ་རེད། གང་ཡིན་ཟེར་ན་ཨ་རིའི་རླུང་འཕྲིན་ཁང་དེ་སྒེར་པ་ཞིག་གིས་བཙུགས་པ་མ་རེད། དེ་གཞུང་གི་སྟངས་འཛིན་འོག་ཡོད་པ་རེད། དེ་ནོར་བུ་རང་ལ་ཡོད་དུས་གཅེས་སྤྲས་བྱེད་དགོས་རེད། ག་དུས་ཡིན་ཀྱང་སྐྱོན་བརྗོད་ཁོ་ན་བྱས་ནས་ཅི་ཡང་ཕན་གྱི་མ་རེད། ཨ་རོགས་ཚོ། དེ་བས་སོ་སོས་འཇོན་པའི་ལས་ཀ་དེ་བྱོས་ཤིག
བོད་ཀྱི་རིག་གཞུང་གོམས་གཤིས་མི་ཉམ་རྒྱུད་འཛིན་བྱེད་རྒྱུ་ཨ་རིའི་རླུང་འཕྲིན་ཁང་གི་སྲི་ཞུ་བ་གཅིག་བུ་མིན་པར། བོད་
མི་སྤྱི་བོ་གནམ་བསྟན་ཡོངས་ལ་འཁྲི་བའི་ལས་འགན་ཞིག་ཡིན་པར་སེམས། ༡༩༥༩ གོང་དུ་བོད་གཞུང་གི་བཀའ་བློན་
དང་། དྲུང་ཆེ། དྲུང་ཡིག་སོགས་ལས་བྱེད་ཙམ་མ་ཡིན་པར་བོད་མི་ཚང་མས་ལྭ་བ་གྱོན་ཡོད་པ་ཀུན་ཀྱི་མཁྱེན་གསར་
ལྟར་རེད། དེ་འདྲ་སོང་ཙང་ད་ལྟ་བོད་་མིའི་སྤྱི་ཚོགས་ནང་རྒྱུན་དུ་བོད་ལྭ་གྱོན་མཁན་ག་ཚོད་ཅིག་ཡོད་དམ།
བོད་ཀྱི་རིག་གཞུང་གོམས་གཤིས་ལ་ལྷག་བསམ་རབ་ཏུ་དཀར་བའི་བསམ་ཚུལ་འདོན་མཁན་གྱི་མི་བུ་ཁྱེད་རྣམ་པས་སྔ་
སྲོལ་ལྟར་རྒྱུན་དུ་བོད་ལྭ་གྱོན་ཡོད་དམ།
ད་དུང་ཨ་རིའི་རླུང་འཕྲིན་ཁང་གི་ལས་བྱེད་དེ་ཚོའི་རྟ་རེ་ཞོན་ནི་ལས་ཁུངས་ལ་འགྲོ་རོགས། རླུང་འཁོར་ནང་འགྲོ་རྒྱུ་ཡང་སྲོལ་རྒྱུན་དང་འགལ་ལོ།།
ཨ་རིག་གིས་གསུངས་པ་ལ་མངོན་པར་བསྟོད་དོ། ཁྱེད་ཚོས་གཏན་ནས་བོད་ལྭ་གོན་དགོས་པ་བརྗོད་མེད་ཅིང་དུས་ཡུན་གཅིག་ཙམ་གྱི་རིང་བོད་གོས་གྱོན་ན་མིག་ལ་མཛེས་པ་མི་གཞན་པའི་བལྟས་ཀྱང་བོད་ཀྱི་གསར་ཁོངས་ཡིན་པ་རྟོགས་ཐུབ། མ་ཟད་གཞིས་ཀྱི་བོད་མི་དག་དང་ལྷག་པར་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་མངོན་འདོད་ཡིན། ངོ་ཚ་དང་ཁྲེལ་མེད་ན་ནམ་ཞིག་བོད་ལྭ་མ་ཟད་བོད་ཀྱི་སྐད་དང་ཡི་གེ་གཉིས་ཀྱང་རང་ཉེས་གཞན་གཡོགས་བྱས་པ་ནང་བཞིན་བཤད་མི་སྲིད་པ་མིན། རྒྱལ་ཁབ་གཞན་ལ་བལྟ་བར་འདོད་ན་བླང་དོར་ལ་མཁས་ཤིང་བློས་དཔྱད་དྲང་གཏམ་སྨྲ་དགོས། ངན་པའི་ངན་རྒྱབ་རིང་དུ་དོར་ཏེ་བདེན་པའི་བདེན་རྒྱབ་ལ་རྟག་ཏུ་བརྩོན་བསྐྱེད་བྱས་ན་བདེ་ལེགས་ཐམས་ཅད་འབྱུང་རྒྱུ་གདོན་མི་ཟའོ།
འདས་པོ་ཚོའི་ཞལ་ཆེམས་དེ་ཚོ་བལྟོས་དང་གསལ་ངེས། བོད་ལྭ་གྱོན་རོགས། བོད་སྐད་བཤད་རོགས། མཐུན་སྒྲིལ་བྱེད་རོགས། ཅེས་པའི་རླབས་ཆེན་གྱི་མེ་མཆོད་བོད་མིའི་དམིགས་ཡུལ་ངོ་མ་དེ་ཆུད་ཟོས་གཏོང་ན་མ་འགྲིགས་པ་རེད། མེཏོག་དཀར་པོ་ལགས། ང་གཉིས་སྒེར་ངོས་ནས་འཁོན་འགྲས་མེད་དུས་ང་ཁྱེད་ཀྱི་མདུན་དུ་གདོང་སྟོན་དགོས་པའི་རྒྱུ་མཚན་མི་འདུག། མ་ཚད་ང་གཉིས་མི་གཉིས་ཡིན་ཙམ་བསམ་བློ་ལ་ཡང་ཁྱད་ཡོད་པ་མཐོང་ཆོས་སུ་གྲུབ་ཡོད། ཁྱེད་ཀྱི་ངའི་བློར་མ་བབས་པའི་མཆན་བུ་བྲིས་ན་ངས་དེར་དཔག་པའི་སྐྱོན་བརྗོད་བྱེད་ཀྱང་ཡིན་པས་དགོངས་འགལ་མེད་པ་ཞིག། དགག་བཞག་སྤོང་གསུམ་བྱེད་རྒྱུ་དེ་ང་ཚོའི་ལས་འགན་རེད། སྤྱི་ཚོགས་སུ་ལེགས་ཆ་སྤེལ་ཐུབ་ན་མཆན་འགོད་པར་གྲུབ་འབྲས་ཐོན་པ་རེད། གྲོགས་པོ་ལགས།
འདིར་ཁ་ཤས་ཞིག་ནས་བོད་ཆས་གྱོན་པ་ལས་གསར་སྒྱུར་གཏོང་བ་གལ་ཆེ་ཚུལ་བཤད་ནས་དུས་ནམ་ཡིན་ལ་བོད་ལྭ་གྱོན་པའི་བསམ་ཚུལ་ལ་ངོ་རྒོལ་གནང་བཞིན་འདུག དེ་ནི་ངེས་པར་ཁོང་གསར་སྒྱུར་བ་ཚོ་དང་འབྲེལ་བ་དམ་ཟབ་ཡོད་པར་ཡིད་ཆེས་ཡོད། འདི་ནི་ཕྱོགས་ཞེན་རེད། བོད་དོན་མ་རེད། བོད་ཆས་གྱོན་པའི་བསམ་ཚུལ་གསུང་མཁན་ཚོས་གསར་སྒྱུར་གལ་ཆེན་པོ་མ་རེད་དུས་ནམ་ཡང་གསུང་མི་སྲིད། རང་དབང་ལུང་པར་མི་ཞིག་གིས་ཕྱོགས་གཉིས་ཀ་གནང་ཐུབ་པ་དང་། དེ་ཡང་དཀའ་ངལ་མེད་པ་ཞིག་ཡིན་པ་ཡིན་དུས་དེ་དོན་གནང་རོགས་ཞེས་འབོད་བསྐུལ་ཞུས་པ་རེད། དེ་ཚོས་བོད་ཆས་མ་གྱོན་ན་གསར་སྒྱུར་ལས་རིགས་དེ་རང་གི་ཨམ་ཕྲག་ལ་ཐུག་པ་ལས་བོད་དོན་མ་ཡིན་པ་གསལ་པོ་རེད་འདུག སྐར་མ་ཁ་ཤས་རིང་གྱོན་ཆས་བརྗེ་ལེན་གནང་བར་དེ་ཙམ་དཀའ་མངལ་དང་། ཞུ་བ་དེ་ཙམ་མང་པོ་ཞུ་དགོས་ན་བོད་ཕྱི་ནང་གཉིས་སུ་རང་གི་བཅེས་སྲོག་ཕུལ་མཁན་ཚོ་ལ་བཀྲིན་རྗེས་དྲན་ཇི་ལྟར་ཞུ་དམ། རང་གི་འགན་འཁུར་རང་གིས་ཇི་ལྟར་བརྣམ་མམ། ཁྱེད་ཚོ་བོད་དོན་ལ་འགན་ལེན་ཡོད་དམ་མེད། གསར་སྒྱུར་བཤད་པ་འདི་བརྒྱ་ཆ་བརྒྱ་ཐམ་པ་བོད་དོན་ཡིན་པ་ཁྱེད་ནས་ཁས་ལེན་ཐུབ་བམ།
བོད་ཆས་སྤྲས་པ་དེ་བརྒྱ་ཆ་བརྒྱ་བོད་དོན་རེད་ཟེར་ཁྱེད་ཀྱིས་བཤད་ཐུབ་བམ།
༡ ཕྱུ་པའམ་བོད་ཆས་སྤྲས་ནས་གསར་འགྱུར་ཤོད་པ་ལ་དགག་བྱ་ལྟ་ཕར་ཞོག་དགའ་བསུ་ཡོད།
༢ ཡིན་ནའང་བོད་ཆས་མ་གྱོན་པ་ཙམ་ལ་ཆ་ལུགས་ཡ་མ་ཟུང་། བོད་ཞེན་མིན་འདུག་ཟེར་མཁན་འདི་ཚོ་ལས་ཁོང་ཁྲོ་ཟ་བ་ཞིག་ག་ན་ཡོད།
༣ བོད་ཆས་གྱོན་ན་ལེགས་པའི་བསམ་འཆར་ནི་བཤད་ལོས་ཆོག དེ་ལྟར་གནང་རོགས།
ལྭ་བ་གྱོན་མཁན་ཚོ་ལ་སྐྱོན་འཛུགས་བྱེད་པ་ལས། ལོ་ན་བཅུ་བདུན་ཉི་ཤུའི་མཚམས་དང་ལང་ཚོའི་དཔལ་འབར་བའི་བོད་ཀྱི་གཞོན་ནུ་མ་ཁ་ཤས་ལོ་རྟགས་པར་རྡ་སའི་མང་ཚོགས་མདུན་སར་དམར་རྗེན་དུ་འགྲོ་འདུག་གནང་གིན་ཡོད་པ་བྱེད་སྟངས་དེའི་རིགས་ནི་དངོས་པའི་གནས་ཚུལ་ལ། བོད་མི་རིགས་ཀྱི་གོམས་གཤིས་བཟང་པོ་དང་མི་མཐུན་པ། ནང་ཆོས་དང་འགལ་བ་བོད་མི་རིགས་ལ་ཁེ་ལས་གྱོང་ཆེ་བ་དེའི་རིགས་ལ་དགོངས་པ་རེ་བཞེས་ན་སྙམ།
ཞི་བ་དགའ་འདི། བླ་རྒན་མཇེ་ལངས་རྒྱུ་མེད་པ་ཞིག སྙིང་པོ་ཡོད་མ་རེད་སྙིང་པོ་ཡོད་མ་རེད་ཟེར་ནས་མི་ཚེ་སྐྱེལ་མཁན་ཞིག རྙིང་པ་ཐམས་ཅད་ལྷའི་སྲོལ་དུ་བསྒོམ་མཁན་ཞིག མི་ཚེ་ཐལ་ཐལ་དང་ཕྱིར་ཕྱིར་ཟེར་ན་བསྐྱལ་ནའང་རིག་གཞུང་ཟེར་བ་དུས་ཀྱིས་འགྱུར་བ་བསྟུན་ནས་འགྲོ་བ་ཡིན་པ་མ་ཤེས་མཁན་ཞིག རིག་གནས་གསར་པ་བདུད་ཀྱི་ཆོ་འཕྲུལ་དུ་རྩིས་ནས་བོད་ཀྱི་རིག་གཞུང་སྣ་འཛོམས་རང་བཞིན་ཅན་དུ་བསྒྱུར་བ་ལ་བློ་ཁོག་མེད་མཁན་ཞིག་རེད་འདུག མ་ཎི་བགྲང་ནས་སྡོད་རོགས།
བརྒྱ་ཆ་བརྒྱ་ཆར་བོད་ཆས་སྤྲས་ན་བོད་དོན་ཡིན་པས་ཁྱབ། བོད་ཆས་དེས་ག་རེ་མཚོན་གི་ཡོད་རེད་ཟེར་ན། རང་དབང་ལུང་པར་འཚོ་གནས་བྱེད་པའི་བོད་མི་ཡོད་པར་སྟོན་པ་དང། མི་རབས་རྗེས་མ་ཚོར་མིག་དཔེ་བལྟ་སར་ཕན་ཐོག་ཡོད། མ་ཚད་མི་རབས་རྗེས་མ་ཚོར་ཡ་རབས་བཟང་སྤྱོད་སློབ་མཁན་དེ་མི་རབས་རྒན་པ་ཡིན་པ་ལས་རྗེས་མས་མིན། དཔེར་ན་འཁྲབ་སྟོན་པ་ཞིག་གི་སོ་སོའི་ལུང་ཆས་སྤྲས་ནས་ཡོང་ན་དེས་བསྐོར་མཐོང་བ་དང་ཡུལ་དེས་མི་ཙམ་མ་ཚད་ཡུལ་ལུང་གཞན་པའི་མི་ཀྱང་དགའ་བའི་རྣམ་འགྱུར་སྟོན་པ་མཐོང་ཐོས་ཡོད་ངེས་རེད། དེས་ནང་ནས་ང་ཚོ་སྟེ་བོད་པའི་ཡུལ་མི་ཚོའི་དུས་ཆེན་དང་དམིགས་གསལ་ཚེས་གྲངས་སྐབས་སུ་བོད་ཆས་སྤྲས་པ་དེ་ཡང་མཐོང་ཐུབ། ལྷག་པར་དུ་བོད་གཞིས་བྱེས་གཉིས་ནས་ཆེས་དོ་སྣང་བྱེད་སའི་VOAལྟར་བུའི་རླུང་འཕྲིན་པས་བོད་ཆས་བསྐྱུར་ནས་རྒྱ་སྤྱིའི་ཆས་གུས་ལ་གུས་བཀུར་ཡིན་ཟེར་བ་དེ་བོད་ལ་མཐོང་ཆུང་བྱས་པ་ལས་གཞན་མིན། ད་དེས་བསྐོར་མང་པོ་མི་བཤད་བོང་བུའི་རྣ་བར་གསེར་བླུག་པ་དང་ཆ་རེད།
པཎ་ཆེན་རིན་པོ་ཆེའི་སྲས་མོས་བོད་སྐད་མི་མཁྱེན་པའི་སྐད་ཆ་ཞིག་འདུག དེའི་སྐོར་ལ་བསམ་ཚུལ་ག་རེ་ཡོད། མཚོ་ནག་ལགས།
མཚོ་ནག་པོ་འདི་བློ་མྱུར་བས་དེ་མ་ཐག་ལན་ལྡོན་འདུག གོང་དུ་བློ་བཟང་ཟེར་བས་སྤྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༩ གི་ཆུ་ཚོད་ ༢༣ སྐར་མ་ ༥ ཐོག་གསར་སྒྱུར་བཤད་པ་འདི་བརྒྱ་ཆ་བརྒྱ་ཐམ་པ་བོད་དོན་ཡིན་པ་ཁྱེད་ནས་ཁས་ལེན་ཐུབ་བམ། ཞེས་དྲི་བ་བཏང་པར་ངས་ཕར་ལ་དྲི་བ་ཞིག་དྲིས་པ་ཡིན།
ལགས་སོ། དགོངས་འགལ་མེད་པར་ཞུ
མཆན་ ༤༧ ནང་མཚོ་ནག་ཁྱེད་ལ་དྲི་བ་ཞིག་ཡོད་པས་ལན་ཞིག་བཀའ་དྲིན་བསྐྱང་བར་ཞུའོ།།
བོད་ཆས་གྱོན་མ་གྱོནའདོད་པ་རེད། བསམ་ཚུལ་ག་རེ་བཤད་ཀྱང་ཆོག
རེད་རེད། ངོ་མ་རེད། ཡག་པོ་གསུངས་འདུག ཐུགས་རྗེ་ཆེ་ཞུ་བ་ཡིན།
དེང་སྐབས་འཛམ་གླིང་གི་གསར་འགྱུར་བཤད་མཁན་སུ་ཡིན་ཀྱང་སོ་སོའི་གདོན་མའི་མི་རིགས་ཀྱི་ཆས་གོས་གྱོན་མཁན་མཐོང་དཀོན་པོ་མ་ཡིན་ནམ། ང་ཚོས་ཀྱང་སྤྱི་ཚོགས་ཀྱི་འགྲོས་དང་མཐུན་པར་བྱས་ན་ཕན་ལས་གནོད་ཆེ་ཨེ་ཡོད་ན། མདོར་བསྡུས་ན་གསར་འགྱུར་བཤད་མཁན་ཚོས་མིག་ལ་མཛེས་པའི་གྱོན་གོས་དང་རང་སྐད་དག་མའི་ཐོག་གསར་འགྱུར་བཤད་ན་མི་འཐུས་པ་གང་ཡང་མི་འདུག་གོ།།
དེང་སྐབས་འཛམ་གླིང་གི་གསར་འགྱུར་བཤད་མཁན་སུ་ཡིན་ཀྱང་སོ་སོའི་གདོན་མའི་མི་རིགས་ཀྱི་ཆས་གོས་གྱོན་མཁན་མཐོང་དཀོན་པོ་མ་ཡིན་ནམ། ང་ཚོས་ཀྱང་སྤྱི་ཚོགས་ཀྱི་འགྲོས་དང་མཐུན་པར་བྱས་ན་ཕན་ལས་གནོད་ཆེ་ཨེ་ཡོད་ན། མདོར་བསྡུས་ན་གསར་འགྱུར་བཤད་མཁན་ཚོས་མིག་ལ་མཛེས་པའི་གྱོན་གོས་དང་རང་སྐད་དག་མའི་ཐོག་གསར་འགྱུར་བཤད་ན་མི་འཐུས་པ་གང་ཡང་མི་འདུག་གོ།
སྐུ་ཞབས་མེ་ཏོག་དཀར་པོ་ལགས་ཁྱོད་ནོར་ཐལ། ང་ནི་དུས་འགྱུར་དང་སྟུན་ཏེ་བྱ་བ་དང་གོམས་གཤིས་སོགས་ལ་བཅོས་སྒྱུར་དང་སྤངས་བླང་གནང་དགོས་ཤེས་ཡང་ཡང་བཤད་སྡོད་མཁན་ཞིག་ཡིན། འོན་ཀྱང་ཡོད་ཚད་ལན་མོ་བྱེད་འདོད་མེད། བླུན་པོ་ཆུ་སྙ་གར་ཁྲིད་དེ་འདྲ་མིན། ངས་འཛངས་མ་འགྲན་སྡུར་ལ་དགག་བྱ་གནང་གིན་མེད། གནང་ལུགས་དེ་ལ་བསྒྱུར་བཅོས་རེ་ཡོད་ན་བཟང་སྙམ་དེ་རང་གི་བསམ་ཚུལ་ཙམ་བཤད་པ་ཡིན། ཁྱོད་ཧྲོ་མ་ལང་། འོ་ན་བུ་མོ་ལོ་ཆུང་ཚོ་ཨ་ཞིང་དང་། ཨ་ཡེ། ཨ་ཕ། ཨ་མ། ཕུ་ནུ་སོགས་ཀྱི་མདུན་ལ་དམར་རྗེན་དུ་སོང་བ་དེའི་ང་ཚོ་བོད་ཀྱི་རིག་གཞུང་སྣ་འཛོམས་སུ་གྱུར་བ་ཡིན་ནམ། རིག་གཞུང་སྣ་འཛོམས་སུ་གཏོང་བ་ལ་ཨ་རི་སོགས་ཀྱི་གནང་ཚུལ་ཡོད་ཚུལ་གནང་དགོས་ན། ན་ཚོད་དར་ལ་བབ་བའི་ཕོ་མོ་དང་ར་ལུག་བར་ཕན་ཚུན་གཉེན་སྒྱིག་སོགས་སྟ་གོན་བྱོས།
ཞི་བ་དགའ་ཁྱོད་ཀྱི་མིག་སྐྱོན་ཤོར་ཡོད་ས་རེད། མཛེས་མའི་འགྲན་བསྡུར་སྐབས་ནུ་ཁེབས་དང་འདོམས་ཁེབས་གྱོན་གི་འདུག དམར་ཧྲེང་མ་ག་ནས་ཡིན། ཡིནའང་སྐབས་འདིར་བརྗོད་བྱ་གཞན་ཡིན་སྟབས་གཡུག་ཞོག
བོད་ལྭ་མ་ཀྱོན་བོད་སྐད་བཤད་ན་བོད་པ་རེད། བོད་ལྭ་ཀྱོན་ནས་བོད་སྐད་མི་ཤེས་ན་བོད་པ་ཟེར་ཡོག་གམ། དཔེར་དེ་ནི་དེང་སང་ཕྱི་རྒྱལ་དུ་ཡོད་པའི་གཞོན་སྐྱེས་ཚོ་དང་རྒྱ་ནག་ནང་དུ་ཡོད་པའི་བོད་རིགས་ལས་བྱེད་པའི་བུ་ཕྲུག་ཚོ། དེ་ལས་གཞན་ཨ་མདོ་སྐུ་འབུམ་དགོན་པའི་ཨ་ཁ་ཚོ། དེ་བས་མང་པོ་ཞིག་ད་དུང་་་་་་་་་་་་་་་་་་་
སྐུ་ཞབས་མེ་ཏོག་དཀར་པོ་ལགས་ཁྱེད་ཀྱིས་གོང་དུ་གསུང་བ་དེ་ ༣༽ མེ་ཏོག་དཀར་པོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༩ གི་ཆུ་ཚོད་ ༥ སྐར་མ་ ༡༣
མཚོ་སྔོན་བརྙན་འཕྲིན་གཉིས་པོ་འདིས་སོག་ཆས་སྤྲས་འདུག ཡང་ན་རྒྱ་ཆས་རེད།
མཚོ་སྔོན་བརྙན་འཕྲིན་ཁང་གི་མདོ་འཛིན་པ་རྣམས་ཀྱི་བྱེད་སྟང་ལ་ངས་ག་དུས་ཡིན་ཡང་གུས་བཀུར་ནས་ཆེ་མཐོང་ཡོད།
ཁྱོད་ཀྱིས་རང་ཉིད་ལ་ལྟ་ཙམ་བྱོས་དང་ཟླ་གཅིག་གམ་ཡང་ན་ལོ་གཅིག་གི་ནང་བོད་ཆས་ལ་ལག་པ་ག་ཚོད་འཆང་གི་ཡོད།
ལྷག་ཏུ་མཚོ་སྔོན་བརྙན་འཕྲིན་ཁང་གི་མདོ་འཛིན་པ་རྣམས་ཀྱི་གྱོན་པའི་ལྭ་བ་དེ་བོད་མིའི་དེང་དུས་ཀྱི་བོད་ཆས་གཙང་མ་རེད་
ཡང་ཁྱེད་འདྲའི་ཁ་ནས་མི་རིགས་རྗེས་ལུས་གླེང་གིན་རེད་གྱོན་ཆས་ལ་འགྱུར་བ་སོང་བ་མ་རེད་དུས་ལ་འགྱུར་བ་སོང་ཙང་གནའ་དུས་ཀྱི་གྱོན་ཆས་ལས་མིག་ལ་མཛེས་པ་་དང་ལུས་ལ་བདེ་པའི་ཕྱིར་དུ་བཟོས་པ་ཅིག་མ་ཡིན་ནམ། མིག་རྒྱང་དང་བློ་རྒྱ་ཆུང་པའི་མི་རུལ་ཞིག་རེད།
ང་བོད་ལྭ་གོན་རྒྱུ་ངོ་མ་མི་དགའ། འོན་ཀྱང་ཆུ་བཞི་སྒང་དྲུག་གི་དམག་མིའི་སྣམ་བུ་དཀར་པོའི་དམག་ཆས་དེ་རང་དགའ་གི་ཡོད།
ཧ་ཧ་ཧ་་་་་་་་་་་་་་་་་་ཨ་རིག་འགྱིར་མེ་ཟེར་བ་འདི སྐབས་འཚོལ་བ་རང་རེད་འདུག ཁོ་རང་གི་བྲིས་པའི་གཤམ་དུ་ཁོ་རང་གིས་བསྟོད་སྔགས་ཀྱིས་མཅན་བུ་མང་པོ་བཏབས་སྟངས་དེས། ཁོ་རང་གི་ནང་སྙིང་ཕྱི་རུ་བསྟན་སོང་ང་།
བོད་ལྭ་གྱོན་མ་གྱོན་གནད་དོན་་གེ་མ་རེད། བོད་སྐད་གཙང་མ་དང་དག་མ་བཤད་རོགས་བྱོས་ན་ཡག་པོ་རེད་སྙམ།
བཀུར་འོས་པའི་དྲ་གྲོགས་ཚོ། གོང་ནས་ཁྱེད་རྣམས་ཀྱིས་རང་རང་གི་བསམ་ཚུལ་དམར་དམར་རྗེན་རྗེན་ལ་བཤད་འདུག་པས་དགེ་སྐྱོན་གང་ཡིན་རུང་མི་ཞིག་གི་བསམ་ཚུལ་ཡིན་པའི་ཆ་ནས་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་མིན་འདིར་གསལ་འདེབས་ཙམ་གྱི་ཆེད་དུ་སྐད་ཆ་འགའ་བསྐྱར་ཟློས་མི་བྱེད་ཐབས་མེད་བྱུང་།
གཅིག གོང་གི་འདྲ་པར་དེ་གཉིས་ངས་ངོ་དེབ་སྟེང་ནས་ཁྱེར་ཡོང་བ་ཡིན། ནམ་རྒྱུན་ངོ་དེབ་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ན་དེ་གཉིས་ངོ་དེབ་སྟེང་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་པ་ཤེས་གསལ་རེད།
གཉིས་པ། ང་ནམ་རྒྱུན་ནས་ཨ་རིའི་རླུང་འཕྲིན་ཁང་ལ་ལྟ་ཉན་བྱེད་མཁན་དང་བརྩི་བཀུར་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ངས་ནམ་ཡིན་རུང་རླུང་འཕྲིན་ཁང་དེ་གའི་ལས་མི་རྣམས་ལ་བརྩི་བཀུར་དང་གདེང་འཇོག་བྱེད་ཀྱིན་ཡོད། ཡིན་ནའང་། ལྟ་བ་དང་བསམ་ཚུལ་མི་མཐུན་པ་བྱུང་དུས་དངོས་སུ་གདོང་ལ་བུད་དེ་རང་གི་བསམ་ཚུལ་བཤད་པ་ནི་ངས་རང་དབང་དང་ཐོབ་ཐང་རེད། མ་མཐར་ཡང་རང་གི་མིང་ཙམ་ཡང་བརྗོད་མི་ཐུབ་པར་དྲ་འབུའི་སྐྱེས་པ་ལེན་མཁན་དག་དང་བསྡུར་ན་ཚད་མཐོ་གི་རེད། དེ་ནི་ཕྲག་དོག་བྱས་མ་བྱས་དང་དགའ་མིན་དགའ་མདོག་གི་སྐད་ཆ་མ་རེད། དེ་ལྟ་བུའི་བསམ་ཚུལ་འཛིན་མཁན་ཚོ་ནོར་བ་རེད།
གསུམ། ད་ལྟ་ང་ཚོའི་སྤྱི་ཚོགས་ཁྲོད་བོད་ལྭ་ནི་ཕྱིའི་ཆ་ལུགས་ཙམ་ལས་ནང་གི་ཡོན་ཏན་དང་ཞེན་ཁོག ལ་རྒྱ་གཙོ་བོ་རེད་ཟེར་མཁན་ཡོང་གི་འདུག གཅིག་བྱས་ན་འདི་བདེན་རྒྱུ་རེད། ཡིན་ནའང་། སྐད་ཆ་འདི་བཤད་དུས་ང་དངོས་གནས་དོགས་པ་ལངས་ཀི ངོ་མ་བཤད་ནས།
རང་གི་མི་རིགས་ཀྱི་སྲོལ་མི་བྱེད། རང་གི་མི་རིགས་ཀྱི་ཆོས་གོས་མི་གྱོན་པར་ལ་རྒྱ་དང་ཞེན་ཁོག་ཡོད་པས་འགྲིག་ཟེར་ན་ངས་ནི་ཡིད་ཆེས་ཀྱི་མི་འདུག
བཞི། བརྙན་འཕྲིན་མདོ་འཛིན་པ་དང་མང་ཚོགས་དཀྱུས་མ་འདྲ་གི་མ་རེད། འདི་གཉིས་ཀ་སྤྱི་ཚོགས་མ་འདྲ་བ་གཉིས་ཀྱི་མི་མིན་རུང་ལས་རིགས་མ་འདྲ་བ་གཉིས་ཀྱི་མི་རེད། བརྙན་འཕྲིན་མདོ་འཛིན་པ་ཚོ་བརྙན་རིས་བརྒྱུད་དེ་མི་ཁྲི་སྟོང་མང་བོའི་མིག་མདུན་དུ་མངོན་ནས་ཡོང་གི་ཡོད་པ་རེད། སྤྱིར་བཏང་གི་མང་ཚོགས་དཀྱུས་མ་རང་གི་གྲོང་བརྡལ་དང་གྲོང་ཁྱེར་གྱི་ནང་དུ་མངོན་པ་ཙམ་རེད། དེར་བརྟེན། ང་ཚོས་བརྙན་འཕྲིན་ལེ་ཚན་མདོ་འཛིན་པར་བོད་ལྭ་གྱོན་རོགས་ཟེར་དུས་ཁྱབ་ཆེ་ཆུང་གི་སྐད་ཆ་ཞིག་བཤད་ཀྱིན་པ་མ་བརྗེད།
ལྔ། ངས་རྩོམ་ཡིག་ཏུའང་གསལ་བ་ལྟར། ཉིན་གཅིག་གི་དུས་ཚོད་ཚང་མར་བོད་ལྭ་གྱོན་རོགས་ཟེར་ན་ངོ་མ་ཐལ་ཆེ་བའི་སྐད་ཆ་རེད། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུའང་འདི་ལྟ་བུའི་སྒྲིག་འཛུགས་ཤིག་བཟོ་རྒྱུར་ཁག་པོ་རེད། ཡིན་ནའང་། དུས་ཡུན་ཆུ་ཚོད་གཅིག་རིང་གི་ལེ་ཚན་གཙོ་སྐྱོང་གནང་སྐབས་བོད་བཟོས་འོག་འཇུག་ཙམ་ཡང་གྱོན་རོགས་ཟེར་བ་ནི་མདོ་དོན་ཡིན། དེ་ལ་ངས་ནམ་ཡིན་རུང་དཀའ་སྣང་ཞིག་མཐོང་གི་མི་འདུག (འདི་ལ་དེ་སྔོན་གྱི་གསལ་བརྡ་ལས་ཁ་གསལ་བའི་དཀའ་ངལ་འགྲེལ་རྒྱུ་ཡོད་ཚེ་ཡིན་དང་ཡིན། ང་ཚོས་བསམ་ཤེས་བྱ་དགོས་པ་རེད།)
ད་དོན་དག་འདི་ལས་འཕྲོས་ཏེ་རང་གི་བསམ་ཚུལ་འགའ་འདི་སྣོན་འཕྲི་བྱེད། དཔེར་ན། ད་ཐེངས་ཀྱི་བགྲོ་གླེང་རིང་མོ་འདི་བརྒྱུད་དེ་ངས་བོད་མི་མང་བོ་ཞིག་ལ་བོད་གོས་མ་གྱོན་རུང་བོད་རང་གི་ཁ་དཔུང་ལ་རྒྱ་དང་ཞེན་ཁོག་ཡོད་ན་འགྲིག་གི་རེད་ཟེར་བའི་ལྟ་ཚུལ་ཞིག་ཡོད་པ་ཤེས་རྟོགས་བྱུང་། ང་འདི་ལ་ཅུང་ཙམ་སྐྲག་སྣང་ཡོང་གི རྒྱུ་མཚན་ཅི་ཡིན་ཟེར་ན་ང་ཚོའི་ཨ་མྱེས་ཡང་མྱེས་ཚོའི་སྐབས་སུ་བོད་ལ་གྱོན་མ་གྱོན་གྱི་སྐད་ཆ་བཤད་མཁན་ཡོད་པ་མ་རེད། བོད་ལ་གྱོན། བོད་ཟས་ཟོས། བོད་སྐད་བཤད་ཀྱིན་ཡོད་པ་རེད། ད་ལྟའི་ང་ཚོའི་སྐབས་སུ་བོད་ལ་གྱོན་མི་གྱོན། བོད་ཟས་ཟ་མི་ཟ། བོད་སྐད་ཤེས་མི་ཤེས་བཅས་འགྱུར་ལྡོག་ཆེན་པོ་དང་གཉན་ཕྲེང་གི་དུས་ཚོད་ཅིག་ཏུ་ཡོད་པ་རེད། ཡིན་ནའང་། ངས་བསམ་པར་ང་ཚོའི་མི་རབས་འདིའི་སྐབས་སུ་འདི་ཙམ་ལས་འགྱུར་ལྡོག་ཆེན་པོ་འབྱུང་གི་མ་རེད་སྙམ།
ད་ང་ཚོས་མི་རབས་རྗེས་མ་ཚོས་བོད་ལྭ་ཟེར་བ་དེར་མིག་གིས་ཀྱང་ལྟ་འདོད་བྱེད་ཀྱི་མ་རེད། དེ་དུས་ད་ལྟ་སྔོན་ཐོན་ཡིན་ཟེར་མཁན་དག་གིས་ཀྱང་གཅིག་བྱས་ན་སྡུག་སྐད་འཆོར་སྲིད་པ་རེད། དེ་བཞིན་དེང་སྐབས་ང་ཚོས་གོ་ལ་གཅིག་གྱུར་དང་འཛམ་གླིང་གི་སྤྱི་སྐད་ཅིག་དགོས་པའི་སྐོར་ཐོས་ཐུབ་ཀྱི་ཡོད་ལ། དེ་དང་མཉམ་དུ་བོད་ལའང་སྤྱི་སྐད་ཅིག་དགོས་ཀྱི་འདུག་ཅེས་སྨྲ་གིན་ཡོད། རེད། བདེན་པ་རེད། ད་ལྟའི་དུས་འདིར་ཕལ་སྐད་ལས་སྤྱི་སྐད་དང་བོད་ཐུན་མོང་ལ་དབང་བའི་སྤྱི་སྐད་ཅིག་ལ་ཤུགས་སྔོན་རྒྱག་གིན་ཡིན་ཟེར་མཁན་མང་དུས་རེད། ང་ལ་དོགས་པ་རྣམ་རྟོག་ཚ་དྲགས་པས་མིན་ཚེ། མ་འོངས་པའི་ང་ཚོའི་མི་རིགས་རྗེས་མ་དག་གིས་བོད་སྐད་ནི་ཕལ་སྐད་རེད། གོ་ལ་གཅིག་གྱུར་དང་འཛམ་གླིང་སྤྱི་སྐད་གལ་ཆེ་གི་ཞེས་བོད་སྐད་མི་བཤད་པའི་དུས་ཤིག་བསླེབ་མི་ཡོང་ངམ་སྙམ་པ་དེ་རེད། ད་ལྟའི་འགྱུར་ལྡོག་ཐམས་ཅད་ལ་མིག་གིས་བལྟས་ནས། རྣ་བས་ཉན་ན། དེ་ནི་ཡོང་མི་སྲིད་པ་ཞིག་གཏན་ནས་མ་རེད། འདི་དག་ནི་ང་ངོ་མའི་བསམ་ཚུལ་དག་མ་བོ་ཡིན། འདི་དག་དགའ་མིན་དགའ་མདོག་དང་ཕྲག་དོག་གི་སྐད་ཆ་མ་རེད། འདི་ལྟར་མུ་རུ་བགྲོ་གླེང་བྱས་ན་ད་གཟོད་མི་ཚང་མར་བསམ་བློའི་ནང་གཅིག་འབབ་རྒྱུ་ཞིག་ཡོད་རྒྱུ་རེད་དྲན་གི མ་རེད་དམ།
སྐབས་སུ་དེ་ཙམ་བྱེད། འགྲོ་ཞོར་དུ་བྲིས་པས་ཡིག་ནོར་གཏགས་ནོར་རིགས་ཡོད་ན་དགོངས་དག
ངས་གོང་གི་མཆན་འདི་བྲིས་ནས་བཏང་མ་ཐག ཁ་བ་འབོད་པས་ངས་བྲིས་པའི་རྩོམ་ཡིག་ལ་ངས་བསྟོད་བསྔགས་བཏང་ལུགས་ཤིག་བཤད་འདུག རང་སེམས་ན་སྡུག་པ་མེད་ན་ཕྱི་ན་འཇིགས་སྐྲག་མེད་པའི་དཔེ་ལྟར། ང་ནི་བསམ་ཕོད་པ་བཤད་ཀྱང་ཕོད་པ་དང་། ཁྱོད་ཚོ་དྲ་འབུ་དག་དང་འདྲ་བར་རང་གི་དངོས་མིང་ཙམ་པོ་ཡང་སྨྲ་མི་ཐུབ་པར་ད་དུང་སྨྲ་བརྗོད་རང་དབང་བེད་སྤྱོད་གཏོང་རྒྱུ་དང་གཞན་ལ་སྡུག་མཆུ་བསྲིངས་རྒྱུ་ཟེར་མཁན་ཞིག་མིན་པས། དེའི་རིགས་ཀྱིས་རང་སེམས་དགའ་བྱེད་དུ་ཅི་ཞིག་བཤད་འདོད་ཀྱང་འདོད་པ་ལྟར་བྱོས་ལ། དེ་དང་དེ་ལྟ་བུས་དུས་ནམ་ཡང་མི་ཞིག་དྲུད་ནས་དོང་དུ་འཕེན་ས་མེད་པས་དེ་བཞིན་གྱིས་ཤིག
ཨ་རིག་གིས།