ཡིག་གཏག་པ། རྔ་བ་དུག་ཚེར།
བྱེས་ཀྱི་གདན་ས་དགའ་ལྡན་རྣམ་པར་རྒྱལ་པའི་གླིང་དུ། དྲུག་བརྒྱའི་དུས་དྲན་དང་བསྟུན་རྗེ་རིན་པོ་ཆེའི་མཛད་འཕྲིན་དང་འབྲེལ་བའི་སྐོར་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་ཞུ་བཞིན་པའི་ཐད། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐུའི་གསུང་སྒྱུར་པ་དགེ་བཤེས་ཐུབ་བསྟན་སྤྱིན་པ་ལགས་སུ་ཨ་རིའི་རླུང་འཕྲིན་ཁང་ནས་ཡུལ་དེ་གར་བཅར་འདྲི་བྱས་པ་ཞིག་བརྙན་བརྒྱུད་ནས་མཐོང་བས། གལ་ཆེར་བརྩིས་དེ་མ་ཐག་ཡིག་ཐོག་ཏུ་གནད་བསྡུས་ཀྱིས་ཕབ།
གསལ་བཤད།
རྣམ་རྒྱལ་གྱིས། རྗེ་ཙོང་ཁ་པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་མཛད་སྒོ་དང་འབྲེལ་བའི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་གི་སྐོར་ལ་བཅར་འདྲིའི་ཆེད་དགེ་བཤེས་ཐུབ་བསྟན་སྤྱིན་པ་ལགས་གདན་འདྲེན་ཞུས་ཡོད། དགེ་བཤེས་ཐུབ་བསྟན་སྤྱིན་པ་ལགས་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རེད།
རྣམ་རྒྱལ། དགེ་བཤེས་ལགས་སླར་ཡང་ང་ཚོའི་ཀུན་གླེང་ཐོག་ཕེབས་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དགེ་བཤེས་ཐུབ་བསྟན་སྤྱིན་པ། ཐུགས་རྗེ་གནང་། རྣལ་རྒྱལ་ལགས།
དྲི་བ། དགེ་བཤེས་ལགས། ད་ལན་རྒྱལ་སྤྱིའི་རང་བཞིན་ཅན་གྱི་བགྲོ་གླེང་ཚོགས་འདུ་ཞིག་དགའ་ལྡན་དུ་དབུ་འབྱེད་གནང་བ་རེད། དེ་འདྲའི་བགྲོ་གླེང་ཚོགས་འདུ་ཞིག་བཀོད་སྒྲིག་གནང་རྒྱུ་དེ་ཐོག་མར་དགོངས་པ་ལ་ག་འདྲ་བྱས་ནས་འཁོར་བ་རེད།
དྲིས་ལན། ད་ལོར་རྗེ་རིན་པོ་ཆེ་དགོངས་པ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་འཁོར་ཡོང་གི་ཡོད་པ་དེ་ཚང་མས་ཤེས་ཀྱི་རེད། དེ་འདྲ་ཡིན་དུས་བོད་དང་། རྒྱ་བལ་འབྲུག་གསུམ་གྱིས་མཚོན་བཙན་བྱོལ་སྤྱི་ཚོགས་དང་། ནུབ་ཕྱོགས་ལུང་པ་འདྲ་མིན་དུ་ཡོད་པའི་བོད་པའི་སྤྱི་ཚོགས་ཡོད་ས་འདྲ་མིན་དུ་དུས་དྲན་དེ་སྲུང་བརྩིའི་ལས་འགུལ་མང་པོ་སྤེལ་བཞིན་ཡོད།
ལྷག་པར་དུ་བྱེས་ཀྱི་གདན་ས་དགའ་ལྡན་རང་དུ་རྒྱལ་སྤྱིའི་རྣམ་པ་ལྡན་པའི་མཛད་སྒོ་ཆེན་པོ་ཞིག་ཚོགས་རྒྱུ་དང་། ༸སྐྱབས་མགོན་རིན་པོ་ས་ཐག་རིང་པོ་གལ་ཆེན་པོ་བརྩིས་ནས་ཆིབས་བསྒྱུར་གནང་རྒྱུ་སོགས་ཐུགས་གཏན་ཁེལ་རྗེས། གོ་སྒྲིག་ཚོགས་ཆུང་བཙུགས་པ་རེད། ཚོགས་ཆུང་ངོས་ནས་དགའ་ལྡན་ལྔ་མཆོད་ཙམ་མིན་པར། ལས་འགུལ་གཞན་པ་ག་འདྲ་ཞིག་སྤེལ་དགོས་མིན་གྲོས་བསྡུར་བྱས་པ་རེད།
སྐབས་དེར་ངས་ང་ཚོས་ཁུངས་འཁྱོལ་གྱི་ཡོད་ན། རྗེ་རིན་པོ་ཆེ་བོད་ཀྱི་མཁས་པ་ཙམ་མ་རེད། འཛམ་གླིང་གི་ལོ་རྒྱུས་ཐོག་ནས་མཁས་པ་ཆེན་པོར་བརྩིས་པ་ཡིན་སྟབས། རྗེ་རིན་པོ་ཆེའི་ཆེ་བསྟོད་ཡོད་ན་མེད་ན་དེ། རྗེ་རིན་པོ་ཆེའི་དགོངས་བཞེད་དང་། གསུང་རབ་དག་འབུར་ཐོན་སྒྲོན་མེ་ནང་བཞིན་སྤར་ནས་སྟོན་ཐུབ་པ་ཡིན་ན། དེ་ཡག་པོ་ཡོད་པ་ཞུས་པ་ཡིན།
དེའི་ཆ་རྐྱེན་ལ་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྡུ་ཐུབ་པ་གནང་དགོས་པ་དང་། བཙན་བྱོལ་དུ་སླེབས་པའི་དགེ་བཤེས་བགྲེས་པ་དང་། མཁས་པ་དེ་འདྲ་མང་པོ་ཡོད་པ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་རིན་པོ་ཆེའི་ཞབས་ལ་གཏུགས་ནས་ཡོད་པའི་ཕྱི་རྒྱལ་གྱི་སློབ་དཔོན་མང་པོ་འདིར་ཕེབས་བསྡད་ཡོད། ཁོང་རང་ཚོ་༸གོང་ས་མཆོག་གི་ཞབས་ལ་གཏུགས་ནས་ལོ་བཞི་བཅུ་བརྒལ་འགྲོ་ཡི་ཡོད། དེ་དག་མཉམ་འཛོམས་ཀྱིས་བགྲོ་གླེང་ཞིག་ཚུགས་ཐུབ་པ་ཡིན་ན། ང་ཚོ་དགེ་ལྡན་པའི་དགོན་པ་ཁག་གི་ཐོག་ནས་ཁོང་ཚོའི་བྱས་རྗེས་ལ་ཡིད་སྨོན་སྐྱེ་བའི་གོ་སྐབས་ཤིག་དང་། ཁོང་ཚོ་ཡིན་ན་ཡང་སོ་སོའི་མི་ཚེ་དེ་ལས་དོན་དེ་འདྲའི་ཐོག་ལ་བསྐྱེལ་བ་དེ་དོན་གོ་ཆོད་འདུག་བསམས་ནས་དགའ་བ་སྒོམ་རྒྱུ་ཞིག་ཡོང་གི་རེད། ཁོང་ཚོའི་རྩ་བའི་བླ་མ་༸སྐྱབས་མགོན་རིན་པོ་ཆེ་རེད། ༸སྐྱབས་མགོན་རིན་པོ་ཆེའི་ཐུགས་ལ་ཡིན་ནའང་སྤྲོ་བོ་ཡོང་གི་རེད། དེ་འདྲར་བསམས་ནས་གོ་སྒྲིག་བྱས་པ་ཞིག་རེད།
དྲི་བ། དགེ་བཤེས་ལགས་ནས་གོང་དུ་གསུངས་པ་བཞིན། རྗེ་རིན་པོ་ཆེའི་མཛད་རྣམ་དང་འབྲེལ་བའི་སྐོར་ལ་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དེའི་ཐོག་ལ་ལོ་བཞི་བཅུ་ཞེ་གྲངས་རིང་བོད་བརྒྱུད་ནང་བསྟན་ལ་ཐུགས་སྣང་གནང་མཁན་དང་། རྩོམ་པ་པོ། སྒྱུར་མཁན་སོགས་མང་པོ་ཞེ་དྲག་ཅིག་གདན་འདྲེན་ཞུས་འདུག བོད་བརྒྱུད་ནང་བསྟན་དང་དེ་དང་འབྲེལ་བའི་ལོ་རྒྱུས་དེ་འདྲའི་ཐོག་ལ་མཁས་པ་མང་པོ་ཡོད། བགྲོ་གླེང་འདིའི་ཚོགས་ཞུགས་པ་ཚོ་འདེམས་སྒྲུག་གནང་སྟངས་དེ་ཚོ་ག་འདྲ་ཡིན་ན།
དྲིས་ལན། ང་རང་ནུབ་ཕྱོགས་སུ་སྡོད་ཀྱི་ཡོད་དུས། འདིར་ཕེབས་པ་ཁོང་ཚོ་ཚང་མ་ངས་ངོ་ཤེས་ཀྱི་ཡོད། ལྷག་པར་དུ་འགྱུར་གྱི་ཐོག་ནས་ངས་༼བོད་ཀྱི་གཙུག་ལག་གཅེས་བཏུས་༽ཀྱི་དཔེ་ཕྲེེང་སྒྲིག་གི་ཡོད་དུས། ཁོང་ཚོ་མང་པོ་ཞིག་ལ་རྒྱུས་ཡོད། རྒྱལ་སྤྱིའི་མཁས་པ་ཚོ་སྐད་གཏང་རྒྱུའི་སྐོར་ངས་འགན་བླང་གི་ཡིན་ཞུས་པ་ཡིན། ཡང་རྒྱལ་སྤྱིའི་མཁས་པ་རྐྱང་རྐྱང་འཛོམས་ན་ཡག་པོ་མེད། གང་ཡིན་ཞེ་ན། བགྲོ་གླེང་ཚོགས་ས་དགའ་ལྡན་རེད། གདན་ས་ཆེན་པོ་རེད། ང་ཚོར་དགེ་བཤེས་ལྷ་རམས་པ་མཁས་པ་བསམ་གྱིས་མི་ཁྱབ་པ་ཡོད། དེ་འདྲ་ཡིན་དུས་བོད་ཀྱི་སྲོལ་རྒྱུན་གྱི་རབ་བྱུང་མཁས་པ་དགེ་བཤེས་ཚོ་དང་། ནུབ་ཕྱོགས་པའི་མཁས་པ་ཚོ་ཟུང་འབྲེལ་ཐོག སྡིངས་ཆ་གཅིག་གི་སྒང་ལ་གོ་སྒྲིག་བྱས་ན་ཡག་པོ་ཡོད་པ་ཞུས་པ་བཞིན་གོ་སྒྲིག་བྱས་པ་རེད།
གདན་འདྲེན་ཞུས་པའི་ནུབ་ཕྱོགས་པའི་མཁས་པ་འགའ་ཤས་ཤིག་ཕེབས་ཐུབ་མ་སོང་། ཕྱོགས་གཅིག་ནས་ས་ཐག་རིང་པོ་དང་། ལྷག་པར་དུ་རྒྱ་གར་ནང་ལ་ཕྱི་རྒྱལ་པ་ཚོ་འགྲོ་སྐྱོད་ཡང་སྟབས་བདེ་མེད། གང་ལྟར་ད་ལན་འདིར་ཕེབས་མཁན་ཚང་མ་གནད་ཡོད་རྐྱང་རྐྱང་རེད། དཔེར་ཆ་བཞག་ན། རྗེའི་ལམ་རིམ་ཆེན་མོ་དབྱིན་སྐད་ཐོག་སྒྱུར་མཁན་གྱི་ཚོགས་ཆུང་ཞིག་ཡོད། དེའི་ཚོགས་མི་གནད་ཡོད་དེ་ཚོ་དང་། སྔགས་རིམ་ཆེན་མོ་སྟོད་ཆ་དབྱིན་སྐད་ཐོག་བསྒྱུར་ཚར་ཡོད། དེ་སྒྱུར་མཁན་དང་། རྩ་ཤེའི་ཊཱིཀ་ཆེན་ (རྩ་ཤེསའི་རྣམ་བཤད་རིགས་པའི་རྒྱ་མཚོ།) དབྱིན་སྐད་ཐོག་སྒྱུར་མཁན་དང་། དབུ་མ་དགོངས་པ་རབ་གསལ་ (འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ།) ངས་དབྱིན་སྐད་ཐོག་བསྒྱུར་བ་རེད། དྲང་ངེས་ལེགས་བཤད་སྙིང་པོར་དབྱིན་སྐད་ཐོག་འགྱུར་མི་འདྲ་བ་གཉིས་ཡོད། དེ་གཉིས་སྒྱུར་མཁན་དང་།
དེ་བཞིན་སྔགས་ཀྱི་གཞུང་ལ་ཆ་བཞག་ན། རྫོགས་རིམ་རིམ་ལྔ་གསལ་སྒྲོན་ (རིམ་ལྔ་གསལ་བའི་སྒྲོན་མེ།) ལ་དབྱིན་སྐད་ཐོག་འགྱུར་མི་འདྲ་བ་གཉིས་ཡོད། དེ་གཉིས་སྒྱུར་མཁན་དང་། སྔགས་ཀྱི་གཞུང་ལ་ཆ་བཞག་ན། བདེ་མཆོག་སྦས་དོན་ཀུན་གསལ། གསུང་རབ་མཁྲེགས་པོ་ཞེ་དྲག་བརྩིས་ཀྱི་ཡོད། དེ་སྒྱུར་མཁན་ཡང་ལོ་གཞོན་གཞོན་རེད། བོད་ཡིག་ཐོག་པོ་ཏི་གཅིག་འགྱུར་ལ་པོ་ཏི་གཉིས་བཟོས་ནས་འགྱུར་ཡོད། ཁོང་དང་། ལྕང་སྐྱའི་གྲུབ་མཐའ་དབྱིན་ཡིག་ཐོག་སྒྱུར་མཁན་(དེའི་པར་ཕུད་སྐུ་མདུན་ཕུལ་སོང་།)ཁོང་དང་། མཁས་གྲུབ་རྗེའི་སྟོང་ཐུན་ཆེན་མོ་དབྱིན་སྒྱུར་པ་སོགས་ཕེབས། བོད་ཀྱི་གཞུང་ལུགས་སྤྱི་དང་། ལྷག་པར་དུ་ལྟ་གྲུབ་དང་འབྲེལ་བ་ཡོད་པའི་ཐོག་ཕྱག་ལས་གནང་མཁན་གྱི་མཁས་པ་མང་པོ་ཕེབས་ཡོད།
དྲི་བ། དབུ་འབྱེད་མཛད་སྒོའི་སྐབས་ལ། དགེ་བཤེས་ལགས་ཀྱིས་བགྲོ་གླེང་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་ནང་ལ། བགྲོ་གླེང་ཚོགས་འདུ་དེར་དམིགས་བསལ་གྱི་ཁྱད་ཆོས་འགའ་ཤས་ཤིག་ཡོད་གསུངས་སོང་། ཁྱད་ཆོས་དེ་ཚོ་བསྐྱར་དུ་ངོ་སྤྲོད་ཅིག་གནང་ན།
དྲིས་ལན། མཁས་པའི་བགྲོ་གླེང་ཚོགས་འདུ་དེ། གདན་ས་དགའ་ལྡན་རང་ལ་ཚོགས་ཀྱི་ཡོད། དགའ་ལྡན་དེ་རྗེ་རིན་པོ་རང་གིས་ཕྱག་བཏབ་པའི་དགེ་ལུགས་པའི་མ་དགོན་ཆགས་ཀྱི་ཡོད། དེ་གཅིག་རེད། གཉིས་ཐད་ནས་ཚོགས་འདུ་འདིའི་དབུ་འབྱེད་དང་གསུང་བཤད་གཙོ་བོ་དེ་ཡང་༸སྐྱབས་མགོན་རིན་པོ་ཆེས་གནང་བ་རེད། ༸སྐྱབས་མགོན་རིན་པོ་ཆེ་ལ་ང་རང་སྒེར་གྱིས་དེང་རབས་ཀྱི་རྗེ་ཙོང་ཁ་པ་ཞུ་བཞིན་ཡོད། རྗེ་རིན་པོ་ཆེའི་བསྟན་པར་༸སྐྱབས་མགོན་རིན་པོ་ཆེ་ནང་བཞིན་མཛད་རྗེས་ཅན་སུ་གཅིག་ཀྱང་མེད། མཛད་རྗེས་འགྲན་གྱི་དོ་ཟླ་མེད་པ་རེད། ༸སྐྱབས་མགོན་རིན་པོ་ཆེས་དགོངས་པ་བཞེས་སྟངས་དང་། ཕྱག་དཔེའི་ཐོག་དཔྱད་པ་གནང་སྟངས། རིགས་པ་རྩལ་འདོན་གནང་སྟངས། ལྷག་པར་དུ་དེང་སང་གི་ཚན་རིག་དང་ལྟ་གྲུབ་དག་བོད་ཀྱི་རིགས་པ་རྩལ་འདོན་གྱི་ལམ་ལུགས་དང་འབྲེལ་བ་ཆགས་པ་བཟོ་སྟངས་སོགས་ཀྱི་ཐད་མཛད་རྗེས་ཆེན་པོ་རེད།
རྗེ་རིན་པོ་ཆེ་ད་སྐབས་བཞུགས་ཡོད་ན། ༸སྐྱབས་མགོན་རིན་པོ་ཆེས་ཚན་རིག་པ་དང་བགྲོ་གླེང་གནང་རྒྱུ་དང་། ཆོས་དད་ཡོད་མེད་ལ་མ་ལྟོས་པའི་བླང་དོར་གྱི་གཞི་གདིང་རྒྱུ་དང་། ཡ་རབས་སྤྱོད་བཟང་སྤེལ་རྒྱུ་དང་། ལྷག་པར་དུ་སེམས་སྦྱོང་གི་ཐབས་ཤེས་དེ་དག་ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཚང་མས་བེད་སྤྱོད་བྱེད་དགོས་པ། མཐར་གཏུགས་ཡོང་དུས་མྱོང་བ་ཚད་མ་དང་། མི་གཅིག་གྱུར་གྱི་ཉམས་མྱོང་དང་། རིགས་པ་ལ་བསྟུན་དགོས་པ་སོགས་ཡང་ཡང་བཀའ་གནང་གི་ཡོད་པ་ལས་ལྷག་པ་ཞིག་གནང་རྒྱུ་མེད།
གསུམ་ཐད་ནས་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་གི་གཏམ་བཤད་གནང་མཁན་གྲས་སུ་དགེ་བཤེས་མ་གཉིས་ཕེབས་ཡོད། དགེ་བཤེས་མ་དེ་བོད་ཀྱི་ལོ་རྒྱུས་ཐོག་ལ་གལ་ཆེན་པོ་ཞེ་དྲག་རེད། གང་ཡིན་ཞེ་ན། བཙུན་དགོན་ནང་ལ་དེ་སྔོན་གཞུང་ཆེན་མོར་སྦྱང་རྒྱུའི་གོ་སྐབས་མེད། ༸སྐྱབས་མགོན་རིན་པོ་ཆེས་སྐུ་ལས་བསྐྱོན་ནས་བཙན་བྱོལ་སྤྱི་ཚོགས་ནང་ལ་བཙུན་དགོན་ཚོས་གཞུང་ཆེན་སློབ་གཉེར་བྱེད་དགོས་པའི་བཀའ་གནང་བས། ད་ལན་འདིར་དགེ་བཤེས་མ་གཏང་རྒྱུ་ཡོད་པ་དེ། ༸སྐྱབས་མགོན་རིན་པོ་ཆེས་གསར་བཏོད་མཛད་རྗེས་རེད། རྗེ་ཙོང་ཁ་པ་ཆེན་པོའི་དྲུག་བརྒྱའི་དུས་དྲན་གྱི་བགྲོ་གླེང་ཐོག་དགེ་བཤེས་མ་ཚོ་ཕེབས་ཐུབ་པ་དེ། ཁོ་རང་ཚོ་ཡིན་ནའང་སྤོབས་པ་སྐྱེ་དགོས་པ་ཞིག་དང་། དགེ་བཤེས་ལྷ་རམས་པ་དང་། དགེ་བཤེས་མ་དེ་དག་སྡིངས་ཆ་གཅིག་གི་སྟེང་མཁས་པ་གཅིག་གྱུར་གྱི་སྤོབས་པ་སླེབས་ཐུབ་པ་དེ། རྗེ་རིན་པོ་ཆེའི་བསྟན་པ་བཙུགས་ནས་ལོ་དྲུག་བརྒྱ་ལྷག་ཅིག་འགྲོ་གི་ཡོད། དེའི་གཟི་བརྗིད་ཅིག་ཡིན་པ་མཐོང་གི་ཡོད། དུས་དང་བསྟུན་ནས་གསར་བརྗེའི་ལམ་ལ་ཕེབས་ཐུབ་པ་ཞིག་རེད། ཕྱོགས་གང་ནས་བལྟས་པ་ཡིན་ན། ད་ལན་གྱི་བགྲོ་གླེང་དེ་དངོས་གནས་དྲང་གནས་དབྱིན་སྐད་ཐོག Historical ལོ་རྒྱུས་ཀྱི་རང་བཞིན་ཅན་ཞིག་ཆགས་བསྡད་ཡོད།
དྲི་བ། བགྲོ་གླེང་གི་མཛད་འཆར་འགྲེམས་སྤེལ་གཞིར་བཟུང་བྱས་ན། ཚོགས་དུས་བདུན་ལ་ཆ་བགོས་གནང་འདུག ཚོགས་དུས་བདུན་ལ་ཆ་བགོས་གནང་བ་དེ་དག་གི་གྲོས་གཞི་དེ་ཚོ་ཆ་བགོས་གནང་སྟངས་གང་ཡིན་ན།
དྲིས་ལན། ཆོས་ཐུན་དང་པོ་དང་གཉིས་པ་གཉིས་དེ་རྗེ་རིན་པོ་ཆེའི་མཛད་པ་དང་། བཞེད་པ་སྟེ་མཛད་རྗེས་སྤྱིའི་སྐོར་ཡིན། ཆོས་ཐུན་གསུམ་པ་དེ་ཟབ་མོ་དབུ་མའི་ལྟ་བའི་སྐོར་ནས་ཡིན། དེའི་ཐོག་རྗེ་རིན་པོ་ཆེར་མཛད་རྗེས་བསམ་གྱིས་མི་ཁྱབ་པ་ཡོད། ཆོས་ཐུན་བཞི་པའི་ཐོག་དྲང་ངེས་ལེགས་བཤད་སྙིང་པོ་དང་ཕར་ཕྱིན་གྱི་སྐོར་ཡིན། རྗེ་རིན་པོ་ཆེས་དྲང་ངེས་ལེགས་བཤད་སྙིང་པོ་བརྩམས་ཏེ། དྲང་ངེས་སློབ་གཉེར་བྱེད་སའི་གཞི་ལོགས་སུ་ཡོད་པ་བཟོས་པ་རེད། ཆོས་ཐུན་ལྔ་པ་དེ་སྒོམ་གྱི་ཉམས་སྒྲུབ་སྐོར་དང་། ཆོས་ཐུན་དྲུག་པ་དེ་བྱམས་སྙིང་རྗེ་བྱང་ཆུབ་སེམས་སྦྱོང་དང་། ལམ་རིམ་བློ་སྦྱོང་གི་སྐོར་དང་། ཆོས་ཐུན་བདུན་པ་ཐ་མ་དེ་རེད། དེར་གསང་སྔགས་སྤྱི་དང་། ལྷག་པར་དུ་རྣལ་འབྱོར་བླ་མེད་ཀྱི་ལུགས་ལ་རྗེ་རིན་པོ་ཆེེར་ཐུན་མོང་མ་ཡིན་པའི་མཛད་གང་དང་གང་ཡོད་པ་སོགས་ཀྱི་སྐོར་ཡིན། དེའི་གཞུག་གི་ཆུ་ཚོད་གཅིག་དང་ཕྱེད་རིང་དགེ་འདུན་པ་སློབ་གཉེར་པ་སྤྱི་ཡོངས་ལ་སྡིངས་ཆ་ཕུལ་ནས། རྒྱལ་སྤྱིའི་མཁས་པ་ཚོ་དང་། དྲི་བ་དྲིས་ལན་གནང་རྒྱུ་བཅས་རེད།
དྲི་བ། ད་རེས་བགྲོ་གླེང་ལ་ནུབ་ཕྱོགས་པའི་མཁས་པ་མང་པོ་ཞེ་དྲག་ཅིག་ཕེབས་ཡོད་ནའང་། དམིགས་བསལ་གྱིས་ཚོགས་འདུ་སོ་སོའི་གཙོ་སྐྱོང་པ་ཚང་མ་སེར་མོ་པ་ཤ་སྟག་གོ་སྒྲིག་གནང་འདུག དེ་ལ་དམིགས་བསལ་དགོངས་པ་ག་རེ་བཞེས་ཡོད་ན།
དྲིས་ལན། དེ་ངས་གལ་ཆེན་པོ་ཞེ་དྲག་མཐོང་གི་ཡོད། དེ་སྔ་ཡིན་ན། ང་ཚོའི་རབ་བྱུང་གི་སྡེའི་ནང་ལ་དབྱིན་སྐད་བསྐྱོན་མཁན་ཞེ་དྲག་མེད། ང་ཚོ་བཙན་བྱོལ་ལ་སླེབས་ནས་ལོ་དྲུག་ཅུ་བརྒལ་འགྲོ་བསྡད་ཡོད། གནས་ཚུལ་མང་པོ་ཞིག་ལ་འགྱུར་བ་ཕྱིན་ཡོད། ཤེས་ཡོན་གྱི་ཆ་ནས་ཆ་བཞག་ན། དེང་རབས་ཀྱི་ཤེས་ཡོན་ཅན་མང་པོ་སླེབས་བསྡད་ཡོད། གདན་ས་ཁག་ལ་ཆ་བཞག་ན། མང་ཆེ་བར་ཚན་རིག་སློབ་ཀྱི་ཡོད་དུས། དེའི་རྣམ་འགྱུར་སྟོན་ཐུབ་པ་གཅིག་ཡིན།
ལྷག་པར་དུ་ང་རང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་མང་པོ་ཞིག་གིས་ཕྱི་ཕྱོགས་ཀྱི་མི་ཚོར་དགའ་བ་འདྲ་བོ་ཞིག་དང་། རྩ་ཆེ་བ་འདྲ་བོ་ཞིག་དང་། དྲག་པ་འདྲ་བོ་ཞིག་བརྩིས་བསྡད་ཡོད། སྔོན་མར་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཀྱང་སྐད་ཤོར་འདུག སོ་སོའི་ནང་གི་ནོར་བུ་ལ་བདག་པོ་མ་བརྒྱབ་པ་ལྟ་བུའི་ཉེན་ཁ་ཡོད་ཙང་། ད་ལན་སྡིངས་ཆ་དེར་ཕྱི་ཕྱོགས་ནས་ལྟ་མཁན་མང་པོ་ཡོད། གང་ལྟར་སྡིངས་ཆ་དེ་མཐའ་གཅིག་ལ་ལྷུང་ནས་མགོ་སེར་པོ་ཅན་རྐྱང་རྐྱང་ཞིག་ཡིན་ན། ཆོ་དེ་འདྲ་མཐོང་གི་མི་འདུག གང་ཡིན་ཞེ་ན། བགྲོ་གླེང་ཚོགས་ས་དེ་གདན་ས་དགའ་ལྡན་རེད། དེར་ང་རང་ཚོ་བོད་རང་གི་མཁས་པ་ནི་ཡོད།
ལྷག་པར་དུ་དེང་སང་དགེ་བཤེས་ལྷ་རམས་པ་མང་པོ་ཞིག་གིས་ནི་དབྱིན་སྐད་མཁྱེན་གྱི་ཡོད། དེ་འདྲ་ཡིན་ཙང་གཙོ་སྐྱོང་པ་ཚོའི་གྲས་ལ་མཁན་པོ་དང་མཁན་ཟུར་གང་ལ་གང་འཚམ་ཞིག་ཕེབས་ཡོད། ཁོ་རང་ཚོ་ཚང་མས་དབྱིན་ཇི་མཁྱེན་གྱི་ཡོད། རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་ང་རང་ཚོ་གདན་ས་གྲྭ་ཚང་གི་སེར་མོ་པ་མཁས་པ་ཚོ་དཔུང་པ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་ཀྱི་ཡོད་པའི་རྣམ་འགྱུར་སྟོན་ཐུབ་ན་ཡག་པོ་འདུག མ་ཟད་ཕར་ལྟ་སྟངས་ཀྱི་ཆ་ནས་ཀྱང་གནད་འགག་འདུག སློབ་གཉེར་པ་གཞོན་པ་ཚོ་ཡིན་ནའང་དེ་འདྲ་དང་འབྲེལ་བ་ཡོད་པ་ཞིག་བཟོ་ཐུབ་ན་བསམས་བྱུང་།
དྲི་བ། བགྲོ་གླེང་དབུ་འབྱེད་མཛད་སྒོའི་ཐོག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ནང་ལ། རྗེ་རིན་པོ་ཆེའི་སྐུ་ཚེའི་མཛད་པ་འཕྲིན་ལས་སྤྱི་དང་། ལྷག་པར་དུ་གསུང་རྩོམ་དེ་ཚོའི་སྐོར་ལ་ངོ་སྤྲོད་དང་། ཁོང་གིས་རྗེ་རིན་པོ་ཆེ་ཀླུ་སྒྲུབ་གཉིས་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་གསུངས་སོང་། རྗེ་རིན་པོ་ཆེའི་གསང་བ་གསུམ་གྱི་མཛད་པ་དག་ཞེ་དྲག་ཞིབ་ཚགས་པོ་ཞིག་བཀའ་གནང་སོང་། དེས་ད་ལན་བགྲོ་གླེང་ཚོགས་འདུ་ལ་ཕེབས་ནས་བཀའ་མོལ་གནང་མཁན་ཁོང་ཚོ་ལ་བློ་བསྐྱེད་དང་། ཕན་ཐོགས་ཞེ་དྲག་ཡོང་ཡོད་རྒྱུ་རེད།
དྲིས་ལན། ཡིན་ད་ཡིན། ད་ལན་ཚོགས་འདུའི་དབུ་འབྱེད་དང་། ཚོགས་འདུའི་གསུང་བཤད་གཙོ་བོ་དེ་སྐུ་མདུན་གྱིས་གནང་བ་དེ། མཚོན་དོན་གྱི་ཆ་ནས་ཁྱད་པར་ཞེ་དྲག་ཆགས་ཀྱི་ཡོད། གཉིས་ཐད་ནས་༸སྐྱབས་མགོན་རིན་པོ་ཆེས་ད་ལན་བསྡོམས་བསྐྱོན་སྟངས་དེ། རྗེ་རིན་པོ་ཆེས་དཔྱད་པ་གནང་སྟངས་དང་། ལྷག་པར་དུ་གཞུང་རྩོམ་པའི་སྐབས་ལ་མཁྱེན་པ་ཙམ་གྱིས་མཆོང་ནས་རྩོམ་པ་མི་མཛད་པར། གཞུང་ལ་སྦྱང་བ་གནང་། མྱོང་བ་ལ་གཏུགས། སྒོམ་སྒྲུབ་བསྐྱོན། དེ་ནས་སྒོམ་གྱི་མྱོང་བའི་ཐོག་ནས་ལྟ་བའི་ངེས་པ་རྙེད་རྗེས་གཞི་ནས་གཞུང་དེ་དག་བཀའ་རྩོམ་གནང་བ་དང་། གཞུང་ཆེན་རྩོམ་པའི་སྐབས་དོན་དག་རྩལ་འདོན་གནང་བ་མ་གཏོགས། ཚིག་གི་ཡན་ལག་མང་པོ་སྤྲོས་པ་དང་། ལྷག་པར་དུ་དགག་གཞག་གནང་བའི་སྐབས་ལ་དོན་དག་དང་འབྲེལ་བ་ཡོད་པ་དེ་དགག་གཞག་གནང་དགོས་པ་རེད་ལ། གནང་གི་ཡོད། དགག་གཞག་དེ་དག་ལ་ཚིག་རྩུབ་མེད་པར་དོན་དག་རང་གི་སྒང་ནས་འགྲོ་བ། ཧ་ལམ་མ་སོང་ན་ཚིག་གཅིག་ཡིན་ནའང་གཡུག་མི་ཐུབ་པའི་གནད་འགག་ཡོད་པའི་བཀའ་མང་པོ་གནང་བ་རེད།
མ་ཟད་༸སྐྱབས་མགོན་རིན་པོ་ཆེས་བཀའ་གནང་བའི་ནང་ནས་གནད་འགག་གཅིག་དེ། སྐུ་མདུན་སྐུ་སྒེར་གྱི་ཆ་ནས་ཞུས་པ་ཡིན་ན། རྗེ་རིན་པོ་ཆེ་བཀའ་དྲིན་ཆེན་པོ་ཆགས་ཡོད་གསུངས་སོང་། དེ་ཡང་སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་རྗེ་རིན་པོ་ཆེ་རང་གི་གཞུང་ལ་སྦྱངས་པ་བྱས། བསམ་བློ་བཏང་། སྒོམ་བརྒྱབ་པས་སྟོང་ཉིད་ཀྱི་ལྟ་བའི་དོན་སྤྱིི་ཙམ་གྱི་གོ་བ་རྙེད་བསྡད་ཡོད་ཅེས་བཀའ་གནང་བ་དང་། སྐབས་མང་པོ་ལ་རྗེ་རིན་པོ་ཆེ་ལ་ཀླུ་སྒྲུབ་གཉིས་པ་ཞུ་བསྡད་ཡོད་གསུངས་སོང་།
བྱང་ཆུབ་ཀྱི་སེམས་ཀྱི་སྐོར་ལ་ནི་སྤྱོད་འཇུག་བསམ་གྱིས་མི་ཁྱབ་པ་རེད། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་པོའི་ནང་ལ་ཡོད་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྐོར་སྤྱོད་འཇུག་རྩ་བར་བཞག་ནས་ལུང་མང་པོ་དྲངས་ཡོད།
བོད་སྤྱིའི་ཆེས་མཐོའི་རིག་གནས་ཀྱི་ཐོག་ནས་བཤད་པ་ཡིན་ནའང་། རིགས་པ་རྩལ་འདོན་བྱེད་པའི་ལམ་ལུགས་དེ། རྗེ་རིན་པོ་ཆེས་དམིགས་བསལ་གྱིས་གཞུང་ལམ་རང་བཟོས་གནང་ཡོད། རྗེ་རིན་པོ་ཆེའི་མཛད་རྗེས་ལ་བརྟེན་ནས་བོད་ཀྱི་གདན་ས་ཆེན་པོ་གསུམ་བྱུང་ཡོད། རྒྱ་ནག་གོང་མས་རྗེ་རིན་པོ་ཆེ་ལ་གདན་ཞུའི་ཞུ་ཡིག་ཐེངས་གཉིས་ཕུལ་བ་རེད་དེ། རྒྱ་ནག་གོང་མ་ལ་དེ་ཙམ་རང་བརྩིས་གནང་མེད་པ་དང་། ཕེབས་རྒྱུ་བཞག་ནས་ཐ་མ་ཐ་མ་དེ་བཞེད་ཕྱོགས་དང་སྦྲགས་ནས་རྗེ་རིན་པོ་ཆེས་ཁོ་རང་གི་མ་བྱན་བྱམས་ཆེན་ཆོས་རྗེ་མར་བཏང་གནང་བ་རེད་གསུངས་སོང་། བྱམས་ཆེན་ཆོས་རྗེ་མཁས་པ་བསམ་གྱིས་མི་ཁྱབ་པ་རེད། སློབ་མ་བགྲེས་པའི་གྲས་ཡང་རེད།
གང་ལྟར་རྗེ་རིན་པོ་ཆེའི་དགོངས་པ་བཞེས་སྟངས་དང་། ཉམས་ཞིབ་གནང་སྟངས་དང་། ལྷག་པར་དུ་ད་ལྟའི་བར་དུ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན། དེའི་ནང་ནས་ཀྱང་རྗེ་རིན་པོ་ཆེའི་བསྟན་པ་དེ་ཞེ་དྲག་ཤུགས་ཆེན་པོ་གནས་ཐུབ་པ་དེ། རྗེ་རིན་པོ་ཆེ་ལ་ཐུགས་བསྐྱེད་སྨོན་ལམ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་དང་། ལྷག་པར་དུ་གསུང་འབུམ་པོ་ཏི་བཅོ་བརྒྱད་ཀྱི་ནང་ལ་རྗེ་རིན་པོ་ཆེའི་གསུང་རབ་དེ་དག་ཡོད་པ་དང་། དེའི་སྒང་ལ་དངོས་སློབ་ཚོས་གདན་ས་འབྲས་སྤུངས་དང་། སེ་ར། བཀྲ་ཤིས་ལྷུན་པོ། རྒྱུད་གྲྭ་སྨད་སྟོད་སོགས་ཕྱག་བཏབ་པས། མུ་མཐུད་རྒྱུན་སྐྱོང་མཁན་དང་སྤེལ་མཁན་མང་པོ་ཕེབས་པ་རེད་ཅེས་བཀའ་གནང་གི་འདུག
དེའི་སྒང་ལ་རྗེ་རིན་པོ་ཆེའི་ལམ་རིམ་སྨོན་ལམ་ནང་། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། ། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། ། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་ཐུགས་སྨོན་གནང་བ་ནང་བཞིན། རྗེ་རིན་པོ་ཆེས་མཛད་པ་བསྐྱངས་བཞག་པ་ཚང་མ་སྙིང་རྗེ་ཆེན་པོའི་ཀུན་སློང་གི་ཐོག་ནས་བསྟན་པ་ཡུན་རིང་དུ་གནས་པའི་ཆ་རྐྱེན་བསྐྲུན་བཞག་པ་ཆགས་བསྡད་ཡོད། དེ་ལ་སོགས་པ་སྐུ་མདུན་ནས་བཀའ་སློབ་དཔེ་གཏིང་ཟབ་པོ་གནང་སོང་།
ལྷག་པར་དུ་རྗེ་གསུང་དེ་དག་བོད་ཀྱི་མཁས་པ་གཞན་དག་གི་གསུང་དང་བསྡུར་གནང་སོང་། དེ་ཚོའི་གྲས་དེ་ཆོས་ལུགས་ཀྱི་ཞེན་ཁོག་གི་སྐད་ཆ་མིན་པར་དངོས་ཡོད་རང་ཆགས་བསྡད་ཡོད། ང་ལ་ཆ་བཞག་ནའང་། ངས་ཆོས་བརྒྱུད་གཞན་པའི་མཁས་པའི་གསུང་མང་པོ་ལྗགས་ཀློག་ཞུས་མྱོང་། གང་ཡིན་ཞེ་ན། བོད་ཀྱི་གཙུག་ལག་གཅེས་བཏུས་དེ། དགེ་ལུགས་རྐྱང་རྐྱང་གི་དཔེ་ཆ་མ་རེད། བོད་ཀྱི་གཙུག་ལག་གཅེས་བཏུས་ཕྱོགས་སྒྲིག་བྱེད་པའི་སྐབས། མཁས་པ་མང་པོའི་གསུང་དག་ལ་མཇལ་གྱི་ཡོད།
རྗེ་རིན་པོ་ཆེའི་གསུང་སྤྱི་དང་། ལྷག་པར་དུ་ལྟ་གྲུབ་ཀྱི་ཐོག་ལ་སླེབས་ཡོང་དུས་ཐུན་མོང་མ་ཡིན་པ་ཞིག་ཡོད། བགྲོ་གླེང་གསུང་བཤད་གནང་མཁན་གྱི་ཕྱི་རྒྱལ་པོ་ཚོས་ཀྱང་བགྲོ་གླེང་སྐབས། རྗེ་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ག་རེ་རེད་ཅེ་ན། རྗེ་རིན་པོ་ཆེས་དཔྱད་པ་གནང་དུས་རྣམ་དཔྱོད་ཕྲ་མོའི་ཐོག་ནས་དཔྱད་པ་ཞིབ་མོ་བྱས་ཏེ། གཞུང་ཕན་ཚུན་གུང་བསྒྲིགས་ནས་ཕྱོགས་བསྡོམས་བསྐྱོན་སྟངས་དེ་ཞེ་དྲག་ཅིག་འདུག ཅེས་བཤད་སོང་། དེ་ཏན་ཏན་བདེན་པ་རེད།
དྲི་བ། དྲི་བ་ཐ་མ་དེ། བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་མཁན་ནུབ་ཕྱོགས་པའི་མཁས་པ་མང་པོ་ཡོད། གདན་ས་ཁག་གི་མཁས་པའང་མང་པོ་ཡོད། དེ་འདྲ་ཡིན་དུས་དགེ་བཤེས་ལགས་ནས་ད་ལན་གྱི་བགྲོ་གླེང་དེ་གོ་སྒྲིག་གནང་བ་བརྒྱུུད་ནས་ཐུགས་རེ་ག་རེ་གནང་གི་ཡོད་ན།
དྲིས་ལན། ང་ལ་རེ་བ་མང་པོ་ཡོད། ཡིན་ནའང་ངའི་རེ་བ་ད་རེ་སྟོང་བརྒྱབ་ནས། ངའི་རེ་བ་གཅིག་དེ་བགྲོ་གླེང་འདིར་ཕེབས་པའི་ནུབ་ཕྱོགས་པའི་མཁས་པ་མང་པོ་ཞིག་ལོ་སུམ་ཅུ་བཞི་བཅུའི་རིང་ལ་སོ་སོའི་ཆེད་ལས་ཀྱི་མི་ཚེ་དེ། བོད་བརྒྱུད་དང་འབྲེལ་བའི་ཐོག་ལ་བསྐྱལ་བ་རེད། རྗེ་རིན་པོ་ཆེའི་གསུང་རབ་མང་པོ་དབྱིན་སྐད་ཐོག་བསྒྱུར་ཡོད། དེ་ཚོ་ལས་སླ་བོ་མ་རེད། ལོ་ནས་ལོ་མཐུད་དེ་དཀའ་ལས་བརྒྱབ་ཡོད། ཁོང་ཚོའི་ལས་ཀ་བྱས་པ་ཚང་མ་དབྱིན་ཡིག་ཐོག་ཡོད་དུས། གདན་ས་ཁག་གི་མཁས་པ་དང་། སློབ་གཉེར་པ་ཚོས་ཞེ་དྲག་མཁྱེན་གྱི་མ་རེད། ད་ལན་མཉམ་དུ་འཛོམས་ཡོང་དུས་ཁོ་རང་ཚོའི་ལོ་རྒྱུས་དེ་མཛད་རིམ་གྱི་དེབ་ནང་ལ་ཡོད་སྟབས། དེ་དག་ཀློག་པ་ཡིན་ན། ནུབ་ཕྱོགས་པའི་སྤྱི་ཚོགས་སྤྱི་དང་། ལྷག་པར་དུ་མཐོ་སློབ་གྲྭ་ཁག་གི་ནང་རྗེ་རིན་པོ་ཆེ་དང་འབྲེལ་བའི་བྱས་པ་མང་པོ་བསྐྱངས་འདུག་བསམ་པ་དང་། དེ་དག་ལ་རྗེས་སུ་ཡི་རངས་སྐྱེ་རྒྱུ་ཞིག་དང་། ཁོ་རང་ཚོ་ལ་སྨོན་ལམ་གནང་རྒྱུ་ཞིག་ཏན་ཏན་ཡོང་གི་རེད། མ་ཟད་གདན་ས་ཁག་གི་མཁས་པ་ཚོ་དང་རི་བོ་དགེ་ལྡན་པའི་མཁས་པ་ཚོ་སེམས་ཤུགས་སྐྱེ་ཐུབ་པ་ཞིག དམིགས་ཡུལ་གཅིག་དེ་ཡིན།
གཉིས་ཐད་ནས་རྗེ་རིན་པོ་ཆེ་དང་འབྲེལ་བའི་བགྲོ་གླེང་གི་རྩོམ་ཤོག་དེ་དག་རྗེས་མར་ཕྱོགས་བསྡུས་ཀྱིས་དམིགས་བསལ་དཔྱད་དེབ་ཅིག་པར་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད། དེ་དང་ཆབས་གཅིག་ངས་བརྩམས་པའི་རྗེ་རིན་པོ་ཆེའི་རྣམ་ཐར་གསར་བྲིས་ (TsonGKHAPA A BUDDHA IN THE LAND OF SNOWS. རྗེ་ཙོང་པ་ཆེན་པོ། གངས་ཅན་ལྗོངས་ཀྱི་སངས་རྒྱས།) དབྱིན་སྐད་ནང་ཡོད་པ་དེ་དང་ཟུང་འབྲེལ་གྱི་ཐོག་ནས། རྗེ་ཙོང་ཁ་པ་ཞུས་དུས་སོ་སོ་ནང་པ་ཡིན་མིན་ལ་མ་ལྟོས་པར། གོ་ཐུབ་པ་ཞིག་དང་། གོ་མྱོང་བ་ཞིག དཔེར་ན། དབྱིན་སྐད་མི་ཤེས་མཁན་དེ་ཚོ་ཡིན་ནའང་ Karl Max (Philosopher 1818-1883) ལ་རྒྱུས་ཡོད། གང་ལྟར་ནུབ་ཕྱོགས་པའི་ལྟ་གྲུབ་སྨྲ་བ་མང་པོ་ཞིག་ལ་སོ་སོ་ནུབ་ཕྱོགས་པ་ཡིན་ན་མིན་ན་རྒྱུས་ཡོང་གི་ཡོད། དེ་ནང་བཞིན་རྗེ་ཙོང་ཁ་པ་ལབ་དུས་ནང་པ་ཡིན་མིན་དང་། ནང་པར་དོ་སྣང་ཡོད་མེད་ལ་མ་ལྟོས་པར་ལྟ་གྲུབ་སྨྲ་བའི་མཁས་པ་ཞིག་ཡིན་པའི་འབུར་ཐོན་ཡོང་ཐུབ་པ་བཟོ་རྒྱུ་དེ་ཡིན།
རྣམ་རྒྱལ་གྱིས། ལགས་སོ།། དགེ་བཤེས་ལགས། དེ་རིང་གོ་སྒྲིག་གིས་ཐུགས་བྲེལ་ཞེ་དྲག་དང་། ཚོགས་འདུའི་མཚམས་དེ་ནས་གདན་འདྲེན་ཞུ་དགོས་བྱུང་སོང་། ད་ལན་འདིར་ཕེབས་པ་དེར་བསྐྱར་དུ་བཀའ་དྲིན་ཆེ་དང་། ཐུགས་རྗེ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
དགེ་བཤེས་ཐུབ་བསྟན་སྤྱིན་པ་ལགས། ཐུགས་རྗེ་གནང་།
ཡིག་གཏག་པས། ལོ་གསར་པའི་ནང་འགྲོ་བ་ཡོངས་ལ་ནད་མེད་ཚེ་རིང་དང་། བཀྲ་ཤིས་ལོ་ལེགས་ཡོང་བའི་སྨོན་མདུན་གྲངས་མེད་ཞུ།
་་་་་་་་་་་ དེ་དང་ཆབས་གཅིག་ངས་བརྩམས་པའི་རྗེ་རིན་པོ་ཆེའི་རྣམ་ཐར་གསར་བྲིས་ (TsonGKHAPA A BUDDHA IN THE LAND OF SNOWS. རྗེ་ཙོང་པ་ཆེན་པོ། གངས་ཅན་ལྗོངས་ཀྱི་སངས་རྒྱས།) དབྱིན་སྐད་ནང་ཡོད་པ་དེ་དང་ཟུང་འབྲེལ་གྱི་ཐོག་ནས། རྗེ་ཙོང་ཁ་པ་ཞུས་དུས་སོ་སོ་ནང་པ་ཡིན་མིན་ལ་མ་ལྟོས་པར། གོ་ཐུབ་པ་ཞིག་དང་། གོ་མྱོང་བ་ཞིག དཔེར་ན། དབྱིན་སྐད་མི་ཤེས་མཁན་དེ་ཚོ་ཡིན་ནའང་ Karl Max (Philosopher 1818-1883) ལ་རྒྱུས་ཡོད། ་་་་་་་་་་་ ཟེར།
་
རྗེ་བླ་མ་ཙོང་ཁ་པ་ཁོང་། ཆོས་མེད་ཀླ་ཀློ་ཀལ་མཀ་ས་དང་། འགྲན་དགོས་པ་དེ་ཅང་མི་མཛེས་ཤིང་། ཅང་མི་མི་ལེགས་སོ་སྙམ་ལགས།། །།