རྩོམ་པ་པོ། ཁ་བ་རི། (བོད་འབྱོར།)
བསྐུར་བའི་འཕྲིན་ཆུང་རབ་གསལ་ཉི་མ།
གནམ་རུ་སྔོན་པོ་འདི་ཡི་མཐའ་རོལ་ན།
ནུབ་རིའི་ས་གནམ་གཉིས་ཀྱི་ཁ་མཚམས་ན།
འབྱོར་ཕྱུག་སྟོབས་ཀྱིས་བཙན་པོའི་རྒྱལ་ཁབ་ན།
རང་དབང་དང་དྲང་བདེན་སྐྱོང་བའི།
མི་རིགས་དང་ལ་རྒྱ་གླེང་བའི།
འཚོ་བ་དང་གོམས་སྲོལ་སྐྱོར་བའི།
བོད་པའི་བུ་མོ་ལྕགས་མོ་མཚོ། འཚོ་བཞུགས་གནང་རོགས།
སེམས་པ་ནི་ལུས་དང་མི་བྲལ་བའི་འཇིག་རྟེན་འདི་ནས།
གངས་ལྗོངས་ནི་སྨོན་ཚིག་དང་རྨི་ལམ་གྱིས་མི་འགྲུབ་ཡང་།
ཕ་ཡུལ་དང་མིང་སྲིང་ཚོས་གདོང་རུས་དྲན་བཞིན།
ཉག་ཁ་དང་དར་ལྕོག་གི་འབོད་པ་ཐོས་བཞིན།
སྤྲིན་པ་དཀར་པོའི་ཕོ་ཉ་དེ།
ལན་ཅིག་ཕ་ཡུལ་དུ་གཏོང་འདོད་ཡོད་ཟེར།
ཕྱིར་ཤོག་མི་བརྗོད་པའི་གཉེན་མི་ཚོའི་དྲན་འདུན།
མནའ་མ་ཕར་སོང་ཞིག་གི་ན་ཟུག་སྒོམ་གྱིན།
སང་ལོ་དང་གནངས་ལོར་བརྩེགས་ཏེ།
འོ་ཇ་མངར་མོ་ཞིག་གི་དུས་མཐའི་རེ་སྒུག་ལ།
ཉིད་ཀྱང་ཐོན་མི་ཐུབ་པའི་དུས་བགགས་དེར་གཟོད་བསྲན་བྲལ།
སའི་གོ་ལའི་ས་ཁྲའི་ངོས་ན།
ཕ་ཡུལ་ནི་འབུ་གྲོག་སྦུར་ཤིག་གི་གཅིན་ཐིག་ལ་མི་དོ་མོད།
སེམས་པའི་རྒྱང་མཐོང་དེ་བཀར་ན།
བྱིས་དུས་ཀྱི་དྲན་པ་དེ་གསོས་ན།
སྤང་ཐང་གི་རྩེད་གཞུང་དེ་ན་ནོར་ལུག་རྣམས་ལྷོད་ཀྱིས་རྒྱུ་ངེས།
ད་ལྟ་ཕ་ཡུལ་ན་རིག་གསར་གྱི་རླུང་བུ་འཇགས་ཀྱང་།
དཔལ་འབྱོར་འགྲན་རྩོད་ཀྱི་འཚུབ་རླུང་ཉིན་ལྟར་ལྡིང་བས།
བོད་པའི་ངོ་གདོང་ས་རྡུལ་གྱིས་ཁེབས་ཀྱིན།
རྐང་འོག་གི་གཏེར་སྦས་གཞན་བསྟུན་གྱི་འཚོ་བར་གྱུར་ཏེ།
ཁ་ཕོ་ལྟོ་རྒྱབ་ཚང་མ་ཕྱུགས་ཀྱི་འཕེལ་ཁར་བསྟུན་ཡོད།
རྒྱལ་ཁབ་ཀྱིས་ཁོ་ཚོར་གླ་འཁོར་འཚོང་ཅིང་།
བག་གཡལ་བའི་ཁང་མིག་དྲོད་པོ་རེ་བསྐྲུན་ཚེ།
ཡུལ་མི་ཚོས་སེམས་པའང་སྦྲང་རྩིས་མངར་བཞིན།
སྦྲ་རོག་སྨུག་པོའི་ཁྱིམ་གཞིས་དོར་ནས།
རྩག་ལྷུག་བོད་པའི་ཕྱི་ཆས་རང་དོར་ནས།
ལ་ལུང་དང་སྲང་གི་བཞི་མདོ་ན་ཉུག་ཉུག་རྒྱུགས།
དུས་ནི་མི་འགྱུར་མི་ནི་འགྱུར་བའི་རང་བཞིན་ཏེ།
ཡབ་མི་ཚོའི་བརྟན་བརླིང་དེ་ཕྱི་རབས་བའི་ག་སོར་བསྒྱུར་ནས།
དགྱ་ལ་གྱོན་པའི་བོད་མི་དེ་ཚོར།
སྤང་རི་སྔོན་མའི་ཕྱུགས་ཐང་མི་དགོས་ལ།
རྟ་ནོར་ལུག་གི་འཚོ་རྟེན་བོར་ནས།
ར་མ་ལུག་གི་སྐད་རིགས་སྦྱོར་མ་ལ་བལྟས་ན།
ཕ་ཡུལ་གྱི་ངོ་གདོང་དེ་གཞི་ནས་འགྱུར་འདུག་པར་མཐོང་།
དོགས་དགོས་པ་ནི། གཞན་གྱི་བཙུར་བ་མིན་པའི་རང་སྟེང་གི་འགྱུར་བ།
སྐྲག་དགོས་པ་ནི། རང་དབང་རང་བདག་མིན་པའི་གཞན་གཅུན་གྱི་དགུ་བསྒྲིལ།
འཛེམ་དགོས་པ་ནི། འཐོམ་སྦྲིད་བློ་ལ་སྒྱུ་ཡིས་བསླུས་པའི་གཞན་བསྟུན་གྱི་ཕག་རོ།
གསང་དགོས་པ་ནི། རང་མཚང་གི་བཀག་སྡོམ་ཤོར་བའི་གཞན་རིགས་ཀྱི་འཕྱ་སྨོད།
ཕ་ཡུལ་གྱི་རི་འདབས་ནས། ཕ་ཡུལ་དེས་རྒས་ཚུལ་མཐོང་དུས།
ཨ་རིའི་བུ་མོ་ཁྱོད་ལ་འཕྲིན་ཡིག་ཞིག་བསྐུར་འདོད།
ཕ་ཡུལ་གྱི་གཞིས་ཁྱིམ་ནས། བྱི་རིའི་རྒྱན་འཕྲེང་དེ་མཐོང་དུས།
བུ་མོ་ཁྱོད་ཀྱི་མིང་ནས་ལན་གསུམ་རང་འབོད་འདོད།
ཕྱིར་ཕེབས་རྒྱུ་རེ་བྱུང་ན།
ཕ་ས་མ་འགྱུར་སྤང་རི་མཐིང་མདོག་ཅིག་གི་གཞི་ན།
ཕ་བྲག་མ་འགྱུར་ཐེམ་བརྩེགས་དགུ་སྒྲིག་ཅིག་གི་གོང་ན།
ཕ་ཆུ་མ་འགྱུར་ཤང་ཤང་འཁྱུག་འགྲོས་ཀྱི་ཁུག་ན།
ཕ་གཞི་མ་འགྱུར་མགོ་སྦྲ་སྨུག་པོ་ཡི་ནང་ནས།
ཕ་སྐད་མ་ཉམས་བོད་སྐད་གཙང་མ་ཞིག་གིས།
གཞིས་བྱེས་བུ་མོ་ཁྱོད་ལ་བསུ་བ་གང་ལེགས་ཅིག་བགྱིད་ངེས།
རྩོམ་ཡིག་འདི་ལས། བདག་གི་སྙིང་གཅེས་མཛའ་མོ་མིན་ཀྱང་།རང་དང་ཕ་ཡུལ་གཅིག་ཡིན་པའི་འབྲོག་རིའི་བུ་མོ་གཅེས་མ་ཞིག་གི་འདང་ཚོད་སྙིང་དུ་བཅངས་ནས་ཡུན་རིང་འགོར་ལ། ཕ་ཡུལ་བསྐྱུར་ནས་ས་མཐར་རྡེག་པའི་གོམ་ཆུང་གི་ཁ་ལོ་བསྒྱུར་ནས་ལོ་མང་པོ་འགོར་ཀྱང་། ཕ་ཡུལ་གྱིས་ཁོ་མོའི་འཛུམ་པའི་ཞལ་རིས་དང་ལང་ཚོ་དུས་ཀྱི་རྩག་སློག་གོན་པའི་ཉམས་འགྱུར་སྙིང་རྗེ་བོ་དེ་ལས་ད་ལྟ་ཁོ་མོ་འདུ་འཛོམས་གཞི་བྱེས་ཀྱི་བསྐལ་བ་མ་ལྡན་པའི་ཕྱིར་ན། ཉེ་བོ་དང་ཡུལ་མི་ཚོས་ཁོ་མོ་གླེང་དུས་མིག་མཐའ་མཆི་མས་བསྐོལ་བའི་གནས་བབས་དེ་བདག་གིས་དངོས་སུ་མཐོང་མྱོངས་ལ། མ་ཤི་གསོན་བྲལ་གྱིི་སྡུག་བསྔལ་ནི་སུས་ཀྱང་ཡིན་ཀྱིི་མི་གཟོད་པའི་རྐྱེན་བྱས། བདག་གིས་ཀྱང་སྙན་ངག་མཁན་ནག་མོ་ཁོལ་ལྟར་ཁོ་མོའི་གནས་བབས་སྐྱིད་སྡུག་ཅི་འདྲ་ཡིན་སྙམ་བསམ་བློས་བསླངས་ཏེ་ད་སྐབས་ཀྱི་འགྱུར་ལྡོག་དང་ཡུལ་མིའི་སྐབས་བབ་ལ་དམིགས་རྐྱེན་བྱས་གསལ་བརྗོད་བྱས་པ་ལས། ཁ་གཏད་དང་སྒེར་ལོག་གི་བསམ་བློ་ཅི་ཡང་མེད་ལ། ཁྲིམས་འགལ་སློང་དཀྲུགས་ཀྱི་བསམ་བློ་དེ་བས་མེད། དེ་ཕྱིར་ལོ་མང་པོར་སེམས་སུ་བགྱིས་པའི་ན་ཟུག་དང་། ཕྱིར་སྡོད་ཡུལ་མི་དག་གིས་ཕ་ཡུལ་དང་གཉེན་མི་ལ་ཁ་ཐག་གྱེས་པའི་སེམས་ཀྱི་སྡུག་བསྔལ་ནི་ང་ཚོས་དྲན་བཞིན་པའི་སེམས་འདུན་དང་། ཁྱེད་ཅག་འོས་འགན་ཀྱང་གངས་ལྗོངས་ཁ་བའི་གཟི་མདངས་དང་ལ་རྒྱ།མི་རིགས་ཀྱི་བདེན་དོན་དང་རིག་གནས་འཛིན་སྐྱོངས་ཐད་ལ་བྱས་རྗེས་མི་དམན་འཇོག་རྒྱུ་དེ་ལས་མ་འདས་སོ།