——བསྟན་འཛིན།
ངོ་སྤྲོད།
ཨ་རིའི་ནང་ལ་ད་ལྟ་མི་ཚང་མ་སྲིད་འཛིན་འདེམས་སྒོའི་ཐོག་ལ་བྲེལ་བ་བྱེད་བཞིན་པའི་སྐབས་ལ། ཨ་རི་གཅིག་པུ་མིན་པར། རྒྱལ་སྤྱི་དང་། ཡུལ་གྲུ་མི་འདྲ་བའི་མི་མང་ཚོས་ཀྱང་དེར་དོ་སྣང་བྱེད་མཁན་མང་། ལྷག་པར་དུ་བོད་ནང་གི་མི་མང་རྣམས་ཀྱིས་ཀྱང་དེའི་སྐོར་ལ་དོ་སྣང་བྱེད་པ་སྐད་འཕྲིན་སོགས་ནས་རག་ཙམ་ཤེས་ཐུབ། དབྱིན་ཡིག་དང་རྒྱ་ཡིག་མ་ཤེས་མཁན་གྱི་བོད་སྐད་གཅིག་པུ་བཀོལ་མཁན་རྣམས་ལ་མཚོན་ན། འདེམས་སྒོའི་ཤེས་བྱ་བཏོན་པའི་རྩོམ་ཡིག་ཉུང་། དེར་བརྟེན། རང་རིགས་ཀྱི་སྤུན་ཟླ་རྣམས་དང་། གུས་པའི་སྤུན་མཆེད་དང་། གྲོགས་པོ། ཕ་ཡུལ་གཅིག་པ་རྣམས་ལ་དམིགས་ཏེ་གཤམ་གྱི་ངོ་སྤྲོད་སྟབས་བདེ་གོ་སླ་བར་བྱས་པ་འདི་བྲིས། གལ་ཏེ་རྩོམ་འདི་ཁྱེད་ཀྱི་སྤུན་མཆེད་དང་ཕ་ཡུལ་གཅིག་པ་ཚོར་ཕན་ཐོགས་ཡོད་ན་འགྲེལ་སྤེལ་གནང་རོགས།
འདེམས་སྒོ།
ཨ་རིའི་སྲིད་འཛིན་ནི་ཐད་ཀར་ཨ་རིའི་མི་དམངས་ཀྱིས་འདེམས་ཀྱི་ཡོད། སྲིད་འཛིན་གྱི་དུས་ཡུན་ལོ་བཞི་དང་། ལོ་བཞིའི་རྗེས་ལ་ཡང་བསྐྱར་འདེམས་སྒོ་སྤེལ་དགོས། སྲིད་འཛིན་གཅིག་གིས་དུས་ཡུན་གཉིས་ཏེ་ལོ་བརྒྱད་ལས་བརྒལ་མི་ཆོག སྲིད་འཛིན་བྱེད་པའི་ཆ་རྐྱེན་གཙོ་བོ་ནི། ཨ་རིའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཡིན་པ་དང་། མི་རིགས་དཀར་ནག་སེར་གསུམ་ལ་ཁྱད་པར་མེད། ཕོ་མོའི་ཁྱད་པར་མེད། ལོ་ན་སུམ་བཅུ་སོ་ལྔ་ཟིན་པ། ཁྲིམས་ཀྱི་ཉེས་ཆད་ཕོག་མེད་པ། བཅའ་ཁྲལ་དུས་ཐོག་ལ་སྤྲོད་མཁན་གྱི་མི་ཞིག་ཡིན་དགོས། འདེམས་ཤོག་འཕེན་མཁན་ཨ་རིའི་སྤྱི་དམངས་ཀྱི་ལག་ཁྱེར་ཡོད་པ། རང་ལོ་ཅོ་བརྒྱད་ལ་བསླེབས་པ་ཡིན་དགོས།
འོས་མི།
སྲིད་འཛིན་གྱི་འདེམས་སྒོར་བཞུགས་ནས་འདེམས་ཤོག་བརྩོད་མཁན་དེར་སྲིད་འཛིན་གྱི་འོས་མི་ཟེར། སྲིད་འཛིན་གྱི་འོས་མིར་ལངས་མཁན་ལ་གཙོ་བོ་རིགས་གཉིས་ཡོད། ༡༽སྒེར་པའི་འོས་མི་དང་། ༢༽ཆབ་སྲིད་ཚོགས་པའི་འོས་མི་རེད།
སྒེར་པའི་འོས་མི་ནི། མི་སྒེར་གྱིས་ཐད་ཀར་སྲིད་འཛིན་གྱི་འོས་ཤོག་ཐོབ་པར་འབད་བརྩོན་བྱེད་མཁན་གྱི་མི་ལ་ཟེར། དེ་ཆབ་སྲིད་ཚོགས་པ་དང་ཚོགས་པ་གཞན་པར་འབྲེལ་བ་མེད། ཆབ་སྲིད་ཚོགས་པའི་འོས་མི་ནི། དང་ཐོག་ཆབ་སྲིད་ཚོགས་པ་གང་རུང་ཞིག་གི་ཚོགས་མི་ཡིན་པ་དང་། ཆབ་སྲིད་ཚོགས་པའི་ཚོགས་མི་མང་ཤོས་ཀྱི་འདེམས་ཤོག་ཐོབ་དགོས།
ཨ་རིའི་ཆབ་སྲིད་ཚོགས་པ།
ཨ་རིར་ཆབ་སྲིད་ཚོགས་པ་འགའ་ཤས་ཡོད་རུང་། ཤུགས་ཆེ་ཤོས་དེ་ ༡༽ སྤྱི་མཐུན་ཚོགས་པ་༼རི་ཕབ་པ་ལི་རྒན་དང་། ༢༽ དམངས་གཙོ་ཚོགས་པ་༼བྲེ་མོང་ཁུར་སི།༽རེད།
སྤྱི་མཐུན་ཚོགས་པ། ༼ཚོགས་པའི་རྟགས་ནི་གླང་ཆེན་ཡིན།༽
སྤྱི་མཐུན་ཚོགས་པ་ནི་སྦུ་ཤིའི་ནང་མི་བཞུགས་ཡོད་པའི་ཚོགས་པ་དེ་རེད། ཚོགས་པ་དེའི་ལྟ་བ་གཙོ་བོ་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་ལྟ་བ་གུ་དོག་པ་སྟེ། ཚོགས་པ་དེའི་ཚོགས་མི་མང་ཤོས་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲང་པ་ཡིན་པར་བརྟེན། ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་གྲུབ་མང་པོ་ཆབ་སྲིད་ཚོགས་པའི་ལྟ་བའི་ནང་ལ་བཅུག་ཡོད། ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་བ། དཔེར་ན། བུད་མེད་ཀྱིས་ཕྲུ་གུ་མི་འཁོར་བའི་སྨན་མི་བཟའ་བ། ཕྲུ་གུ་འཁོར་རྗེས་བཀོག་མི་ཆོག་པ་དང་། ཆང་ས་མ་བརྒྱབ་པར་བཟའ་ཚང་ལུས་འབྲེལ་དང་མཉམ་སྡོད་མི་བྱེད་པ། ཁྱོ་ཤུག་ནི་མཚན་མ་མི་གཅིག་པ་ཁོ་ན་ཡིན་དགོས་པ། ཕྱི་མི་རྒྱལ་ཁབ་ནང་ལ་ཡོང་རྒྱུར་འདོད་པ་མེད་པ། ཚོང་པ་རྒྱུ་ཆེན་དང་ཚོང་གི་ཚོགས་པ་ཆེན་པོ་རྣམས་ལ་དམིགས་བསལ་ལྟ་རྟོག་བྱེད་པ། ཁོང་ཚོར་རྒྱལ་ཁབ་ཀྱི་ཁྲལ་ཆགས་ཡང་གཏོང་བ། ཚོང་གི་སྒྲིག་གཞི་ཡང་བ་བྱེད་པ། དམག་མི་དང་བདེ་འཇགས་མི་སྣར་དམིགས་བསལ་དོ་སྣང་བྱེད་པ། ཚོང་པ་དང་ཚོགས་པར་ཁྲལ་གྱི་འཁུར་པོ་ཡང་བ་ཡོང་ཆེད། རྒྱལ་ཁབ་ཀྱི་འགྲོ་སོང་ཇེ་ཉུང་གཏོང་བའི་དམ་བཅའ་བརྟན་པོ་བཞག་ཡོད་སྟབས། ལས་ཁུངས་དང་ལས་བྱེད་པ་ཇི་ཙམ་ཉུང་ན་དེ་ཙམ་འདོད་པ་ཆེ་བ་བྱེད་པ། མི་རིགས་དཀར་ནག་སེར་གསུམ་ལས་དཀར་པོར་ཉེ་བ་སོགས་རེད། ཚོགས་པ་འདིའི་ཚོགས་མིའི་དཔུང་ཁག་གཙོ་བོ་ནི་མི་རིགས་དཀར་པོ། ཞིང་པ། ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲང་པ། དམག་མི་དང་བདེ་སྲུང་གི་མི་སྣ་རེད། ཞིང་པས་དགའ་མོས་བྱེད་པ་ནི་བཅའ་ཁྲལ་ཡང་བའི་སྲིད་ཇུས་ཀྱིས་རེད། ཚོགས་པ་འདིས་དབང་འཛིན་པ་དང་རྒྱུ་ཆེན་ལ་ལྟ་རྟོག་གཙོ་བོ་བྱེད། ཚོང་དང་དམག་གི་སྐོར་ལ་སྒྲིག་གཞི་ཡང་བ་དང་རང་དབང་ཆེ་བ་དགོས་པའི་ལྟ་བ་འཛིན།
རྒྱུ་མཚན་མང་པོ་བལྟོས་ནས། སྤྱི་མཐུན་ཚོགས་པ་དེ་ལྟ་བ་མཁྲེགས་འཛིན་གྱི་ཚོགས་པར་ངོས་འཛིན་བྱེད་པ་དང་། ཚོགས་པ་དེར་ཨ་རིའི་གསར་འབྱོར་མི་དམངས་ཚོས་དེ་ཙམ་དགའ་མོས་མེད།
དམངས་གཙོ་ཚོགས་པ།༼ཚོགས་པའི་རྟགས་ནི་བོང་བུ་ཡིན།༽
དམངས་གཙོ་ཚོགས་པ་ནི་ཀ་གླིང་ཊོན་གྱི་ཚོགས་པ་དེ་རེད། ཚོགས་པ་དེའི་ནང་ལ་ཞུགས་མཁན་རྣམས་ཤེས་ཡོན་ལེགས་པ། བསམ་བློ་གུ་ཡངས་བ། ཁྱོ་ཤུག་དང་ཆོས་ལུགས་ལ་བཀག་སྒོ་ཅི་ཡང་མེད་པ། རང་མོས་གཙོ་བོར་བྱེད་པ། ཆོས་ལུགས་ལས་དངོས་གཙོར་བློ་ཐག་ཉེ་བ་ལྟ་བུ་ཡོད། དེར་བརྟེན། ཚོགས་པ་འདིར་ཨ་རིའི་གསར་འབྱོར་བ་ཚོས་དགའ་པོ་བྱེད་པ་དང་། དཀར་ནག་སེར་གསུམ་གྱི་ཚོགས་མི་དོ་སྙོམས་པ་ཡོད། ཚོགས་མི་ལ་ནག་པོ་དང་སེར་པོ་མང་བས་རང་བཞིན་གྱི་དེ་ཚོའི་འཚོ་བར་དོ་འཁུར་ཆེ་བ་བྱེད་ཅིང་། རྒྱུ་ཆེན་ལ་ཁྲལ་ལྕི་བ་བཀལ་ནས་མི་དམངས་ལ་རོགས་པ་བྱེད་པའི་ལྟ་བ་བཙུགས་ཡོད། རྒྱུ་མཚན་འདི་དག་ལ་བརྟེན་ནས། ཚོགས་པ་འདིའི་ནང་ལ་ཞུགས་མཁན་མི་རིགས་དཀར་པོ་སློབ་གསོ་ཐོབ་པ་མང་བ། མི་རིགས་ནག་པོ་དང་སེར་པོ། ཆོས་ལུགས་མི་འདྲ་བའི་གསར་འབྱོར་བ་རྣམས་ཀྱིས་ཚོགས་པ་འདིར་དགའ་མོས་ཆེ་བ་བྱེད། ཚོགས་མིའི་ནང་ལ་ཆོས་ལུགས་མི་འདྲ་བ་དང་། མི་རིགས་སྣ་ཚོགས། དེ་བཞིན་གསར་འབྱོར་བ་མང་བས། ཕྱི་མི་ནང་ལ་གཏོང་བའི་སྲིད་ཇུས་ལ་རྒྱབ་སྐྱོར་ཆེ་བ། དབང་འཛིན་པ་དང་མི་དམངས་གཉིས་ལས་མི་དམངས་ཀྱི་ཐོབ་ཐང་ལ་དོ་སྣང་ཆེ་བར་བྱེད། དཔལ་འབྱོར་སྲིད་ཇུས་ཀྱང་། མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཛིན་ནས། ཚོང་པར་སྒྲིག་གཞི་མང་པོ་བཟོས་ནས་ཚོང་པ་རྣམས་ཀྱིས་མི་དམངས་ལ་ཐུབ་ཚོད་གཏོང་མི་ཐུབ་པར་འབད་བརྩོན་གཙོ་བོར་བྱེད། དམག་གི་འགྲོ་སོང་ཇེ་ཉུང་དང་སློབ་གསོ་དང་འཕྲོད་བསྟེན་གྱི་འགྲོ་སོང་ཇེ་མང་གཏོང་བར་འབད་བརྩོན་བྱེད།
འོས་མི་གཙོ་བོ་གཉིས་ངོ་སྤྲོད།
ད་རེས་ཀྱི་སྲིད་འཛིན་འོས་མིར་མི་བཞི་ཙམ་ཡོད་རུང་། ཤུགས་ཆེ་ཤོས་དེ་གོང་གི་ཆབ་སྲིད་ཚོགས་པ་གཉིས་ཀྱི་འོས་མི་རེད། སྤྱི་མཐུན་ཚོགས་པའི་འོས་མི་ནི་༧སྒྲོ་ནོར་ཀྲོམ་རེད། དམངས་གཙོ་ཚོགས་པའི་འོས་མི་༧ཧི་བླ་རི་ཀ་གླིང་ཊོན་རེད། སྒྲོ་ནོར་ཀྲོམ་ནི་གྲོང་ཁྱེར་ནེའུ་ཡོག་གི་ཚོང་པ་རྒྱུ་ཆེན་ཞིག་ཡིན་ཞིང་། བཤད་སྲོལ་ལ་ཁོང་ལ་ཨ་རིའི་སྒོར་མོ་ཐེར་འབུམ་བཅུ་ཙམ་ཡོད་ཟེར། ཁོང་གི་ཚོང་གཙོ་བོ་ནི་ཁང་ཆེན་མང་པོ་བརྩིགས་ནས་གཞན་ལ་གཡར་བ་དང་བཙོང་གི་ཡོད། ཧི་བླ་རི་ནི་ཨ་རིའི་སྲིད་འཛིན་ཟུར་པ་ཀ་གླིང་ཊོན་གྱི་ཆུང་མ་དང་། དེ་རྗེས་གྲོང་ཁྱེར་ནེའུ་ཡོག་གི་གྲོས་ཚོགས་འཐུས་མི། དེ་ནས་ཨོ་སྦར་མའི་ཐེངས་དང་པོའི་སྲིད་འཛིན་གྱི་དབང་སྒྱུར་སྐབས་ལ་ཕྱི་སྲིད་བློན་ཆེན་རེད།
སྒྲོ་ནོར་ཀྲོམ།
སྒྲོ་ནོར་ཀྲོམ་གྱི་ལྟ་བ་ནི། ཕྱི་མི་ནང་ལ་མི་གཏོང་བ། ཕྱི་མི་མང་ཤོས་ཡོང་སའི་ས་མཚམས་ལ་གྱང་བརྩིག་རྒྱུ། ༼ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་མེག་སི་ཀོའི་ས་མཚམས།༽ དེའི་ནང་ནས་དམིགས་བསལ་ཁ་ཆེ་ཚོར་དོགས་གཟོན་ཆེན་པོ་བྱ་རྒྱུ་དང་། འཇིགས་སྐུལ་རིང་ལུགས་པར་གདོང་ལེན་བྱ་རྒྱུ་དང་དེའི་འཆར་གཞི་གསང་བ་དམ་པོ་བྱ་རྒྱུ། ཚོང་པར་ཁྲལ་ཆགས་ཡང་གཏོང་བ། ཨ་རི་དང་རྒྱལ་ཁབ་གཞན་གྱི་ཚོང་འབྲེལ་ཐོག་བཞག་པའི་གན་རྒྱ་རྣམས་རྩིས་མེད་བཏང་ནས་གན་རྒྱ་གསར་པ་བཟོས་ནས་དེའི་ནང་ལ་ཨ་རིའི་ཁེ་ཕན་ཇེ་མཐོར་གཏོང་རྒྱུ། རྒྱ་ནག་དང་ཡང་བསྐྱར་ཚོང་འབྲེལ་གྱི་གྲོས་མོལ་བྱས་ནས། རྒྱ་ནག་ནས་འདྲེན་པའི་ཅ་དངོས་རྣམས་ལ་ཁྲལ་སྤར་རྒྱུ། ཨ་རིའི་བཟོ་གྲྭ་རྣམས་ཕྱི་ལ་སྤོས་ན། དེ་ཚོའི་ཐོན་རྫས་ནང་ལ་གཏོང་སྐབས་ཁྲལ་སྤར་རྒྱུ། དེ་བཞིན་”བྱང་དམག་”ཟེར་བའི་ཨ་རིས་འགོ་ཁྲིད་པའི་ཞི་བདེ་རྒྱ་མཚོའི་བྱང་ཁུལ་གྱི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་མཉམ་འབྲེལ་དམག་དཔུང་ནང་གི་ཚོགས་མི་གཞན་པ་ཚོའི་ཞལ་འདེབས་དང་འགྲོ་སོང་སྤར་རྒྱུ། ཉི་ཧོང་དང་ལྷོ་ཀོ་རི་ཡར་ཨ་རིས་སྲུང་སྐྱོབ་བྱེད་པར་དོ་བདག་རྒྱལ་ཁབ་ཀྱིས་འགྲོ་སོང་གཏོང་དགོས་པ་བཟོ་རྒྱུ། གོང་གི་ལྟ་བ་མང་ཆེ་བ་སྤྱི་མཐུན་ཚོགས་པའི་ལྟ་བ་ཁག་དང་མཐུན་ཡོད།
ཧི་བླ་རི།
ཧི་བླ་རིའི་ལྟ་བ་ནི། ཨ་རིའི་ནང་གི་འབྱོར་འབྲིང་གི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ། རྒྱུ་ཆེན་རྣམས་ལ་ཁྲལ་སྤར་ནས་དེའི་ཡོང་འབབ་དམངས་ཀྱི་དཔལ་འབྱོར་དང་སློབ་གསོ་ཡར་རྒྱས་ཡོང་བ་བྱ་རྒྱུ། ཕྱི་མི་ནང་ལ་གཏོང་བར་དམིགས་བསལ་དམ་བསྒྲགས་མི་བྱེད་པ། མཐུན་ཕྱོགས་ཀྱི་རྒྱལ་ཁབ་རྣམས་དང་འབྲེལ་བ་བརྟན་པོ་བཟོས་ནས་ཁ་གཏད་རྣམས་ལ་གདོང་ལེན་སྔར་བས་ཤུགས་ཆེ་བ་བྱ་རྒྱུ། ཨ་རི་དང་རྒྱལ་ཁབ་གཞན་གྱི་དབར་ལ་སྔར་ལས་ལྷག་པའི་ཚོང་འབྲེལ་ཟབ་ཏུ་བཏང་ནས་ཨ་རིའི་དཔལ་འབྱོར་ཡར་རྒྱས་ཡོང་བ་བྱ་རྒྱུ། བྱང་དམག་གི་རོགས་པ་རྣམས་དང་། ཤར་ཕྱོགས་ཀྱི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ལ་སྔར་བཞིན་འབྲེལ་བ་ཇེ་ཡག་དང་དམིགས་བསལ་འགྲོ་སོང་མི་ལེན་རྒྱུ་སོགས་རེད།
ཐེངས་རྗེས་མ་འོས་ཤོག་རྩི་སྟངས་དང་འོས་མིའི་ད་ལྟའི་གནས་སྟངས་ངོ་སྤྲོད་ཞུ་རྒྱུ།
འདེམས་ཤོག་བརྩོད་མཁན་་་་་་
འདི།
འདེམས་ཤོག་རྩོད་མཁན་
ཡག་བྱུང་ཟེར