རྫ་ཚེ་རིང་བཀྲ་ཤིས།
བཅར་འདྲི་བྱེད་མཁན། ཨ་རིའི་རླུང་འཕྲིན་གྱི་ཀུན་གླེང་ལེ་ཚན་གཙོ་སྐྱོང་བ་གྲགས་ཅན། རྡོ་རྗེ་ཚེ་བརྟན།
བཅར་འདྲི་བྱེད་ཡུལ། སྟེགས་མདོ་བོད་ཡིག་ཏུ་བསྒྱུར་མཁན། རྫ་ཚེ་རིང་བཀྲ་ཤིས།
དུས་ཚོད། 2019/1/16
ཐོག་མའི་མཚམས་སྦྱོར་དང་དྲི་བ། ༽ ད་ཐེངས་ཉེ་ཆར་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་པའི་རབས་དྲུག་སྟེགས་བུའི་མདོའི་བརྗོད་བྱ་སོགས་ཀྱི་ཐད་བགྲོ་གླེང་ཞུ་རྒྱུ་ཡིན། དེ་རིང་གི་བརྗོད་གཞིའི་འདིའི་ཐོག་ལ་བཀའ་མོལ་གནང་མཁན་རབས་དྲུག་སྟེགས་བུའི་མདོ་བོད་བསྒྱུར་ལོ་ཙཱ་བ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་་ལགས་མཉམ་ཞུགས་གནང་གི་ཡོད། མཁན་པོ་དེ་རིང་ང་ཚོའི་བགྲོ་གླེང་ལ་ཕེབས་པར་བཀའ་དྲིན་ཆེ་ཞུ་བ་དང་ཆབས་གཅིག ད་ཐེངས་ཁྱེད་རང་གིས་སྐུ་ལས་སྐྱོན་ནས་རྒྱ་ཡིག་གི་ཐོག་ཏུ་ཡོད་པའི་རབས་དྲུག་སྟེགས་བུའི་མདོ་ཞེས་པ་དེ་བོད་ཡིག་ཏུ་བསྒྱུར་ཡོད་རེད། དེབ་དེ་ཡང་དཔར་སྐྲུན་བྱས་སོང་། དེ་འདྲ་ཡིན་དུས། དང་པོ་དེ་ལ་མདོ་འདིའི་བརྗོད་བྱ་གཙོ་བ་དེ་གང་དང་གང་ཡིན་མདོར་བསྡུས་དང་གོ་བདེ་བ་ཞིག་ང་ཚོའི་བརྙན་འཕྲིན་ལྟ་མཁན་རྣམས་ལ་གསུངས་རོགས།
ལན། ༽ ལགས་སོ། །གསན་མཁན་ཚང་མ་བཀྲ་ཤིས་བདེ་ལེགས། ངས་ཉེ་ཆར་བསྒྱུར་བའི་དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོ་འདིའི་བརྗོད་བྱ་ཡིན་ན། གཙོ་བོ་དེ་དབུ་མའི་ལྟ་གྲུབ་ཟེར་ན་འདྲ། དབུ་མའི་བསྒོམ་རིམ་ཞིག་རེད། དེ་ཡང་རྒྱ་ནག་རང་གི་བསམ་གཏན་ཆོས་བརྒྱུད་ཟེར་བའི་གྲུབ་མཐའ་ཆེན་པོ་ཞིག་ཡོད་པ་ཁོང་ཚོའི་ལམ་ཉམས་ལེན་སྟོན་པའི་གཞུང་ལུགས་ཤིག་ཡིན་པ་དང་། གཙོ་བོ་ལེའུ་དང་པོ་དེ་སློབ་དཔོན་ཧུའི་ནིང་ཞུ་བ་ཁོང་གི་རང་རྣམ་དང་། ལེའུ་གཉིས་པ་དེ་ལ་ཤེས་རབ་ལེའུ་ཟེར་ཞིང་། ཤེས་རབ་ལེའུའི་བརྗོད་བྱ་གཙོ་བོ་དེ་ཁོང་གི་ལྟ་གྲུབ། ལེའུ་གསུམ་པ་དེ་དྲི་བ་དྲིས་ལན། དེ་ནང་བཞིན་ཞི་གནས་དང་ལྷག་མཐོང་། བསམ་གཏན་སོགས་དང་། ལེའུ་བདུན་པ་ལྟ་བུ་ཞིག་ཡིན་ན། གཙོ་བོ་སློབ་མ་དག་དང་མཉམ་དུ་ཆོས་ཀྱི་དཀའ་གནད་ལ་བགྲོ་གླེང་གནང་བ། ལེའུ་བརྒྱད་པ་ལྟ་བུ་ཞིག་ཡིན་ན། ཅིག་ཅར་བ་དང་རིམ་གྱིས་པ་སྟེ། བསམ་གཏན་ཆོས་བརྒྱུད་ཀྱི་གྲུབ་མཐའ་ཆེན་པོ་གཉིས་ཀྱི་ལྟ་གྲུབ་ཀྱི་ཁྱད་པར། ལེའུ་དགུ་པ་ཡིན་ན་རྒྱ་ནག་གོང་མ་དང་སློབ་དཔོན་ཧུའི་ནིང་གི་བར་གྱི་འབྲེལ་བའི་སྐོར། བཅུ་པ་དེ་གདམས་པ་གཏད་ནས་སྐུ་མྱ་ངན་ལས་འདས་པའི་སྐོར་ཏེ། ཁྱོན་ལེའུ་བཅུ་ཐམ་པ་ཡོད་རེད། བརྗོད་བྱ་གཙོ་བོ་དེ་གོང་དུ་ཞུས་པ་ལྟར། བསམ་གཏན་ཆོས་བརྒྱུད་ཀྱི་བསྒོམ་གྱི་མཐར་ཐུག་གི་ཉམས་ལེན། བོད་བརྒྱུད་ཀྱི་དབང་དུ་བྱས་ན་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་སོགས་དང་ཏོག་ཙམ་ཆ་འདྲ་བ་སྟེ་དེ་འདྲ་བའི་ཉམ་ལེན་ཞིག་གསུང་གིན་ཡོད་རེད་ལགས།
དྲི་བ།༽ ད་ལྟ་ཁྱེད་ཀྱིས་བསམ་གཏན་ཆོས་བརྒྱུད་བསམ་གཏན་ཆོས་བརྒྱུད་ཅེས་གསུང་གིན་འདུག དབྱིན་ཇིའི་སྐད་ལ་ཟེན་ནང་བསྟན་( Zen Buddhism )ཞེས་བརྗོད་བཞིན་པ་ཞིག་ཡོད་པ་དེ་དང་དེ་གཉིས་གཅིག་པ་ཨེ་རེད།
ལན།༽ རེད་ལགས། ཟེན་ཟེར་བ་དེ་སྤྱིར་བཏང་གི་ཡོང་ཁུངས་དེ་དེང་གི་རྒྱ་ནག་གི་སྐད་ཡིག་ཕུའུ་ཐོང་ཧྭ་(普通话)ཟེར་བ་དེའི་སྒྲ་གདངས་ལྟར་བྱས་ན་ཁྲན་(禅)ཞེས་པའི་ཡི་གེ་དེ་ག་རང་རེད། འཇར་པན་གྱི་སྐད་དུ་སྒྲ་གདངས་ཟེན་ལབ་ཀྱི་ཡོད་རེད། ཡིན་ན་ཡང་། ཡི་གེ་གཅིག་པ་རེད། ནུབ་ཕྱོགས་པས་ཟེན་ཞེས་བེད་སྤྱོད་བཏང་བ་ལས་དོན་གྱིས་ཁྲན་ཙོང་(禅宗)ཟེར་བ་དེ་རེད།
དེང་སང་སྤྱིར་བཏང་རྒྱ་ནག་གི་ནང་པར་ནང་གསེས་ཆོས་བརྒྱུད་གལ་ཆེ་བ་ཁག་ཅིག་ཡོད་པའི་ནང་ནས་གཙོ་བོ་དག་ཞིང་པ་དང་བསམ་གཏན་པ་གཉིས་ཆགས་ཀྱི་ཡོད་རེད། དེ་གཉིས་ཀྱི་ནང་གི་བསམ་གཏན་པ་དེ་ལ་ཟེན་ནམ་ཁྲན་ལབ་ཀྱི་ཡོད་རེད་ལགས། (ཟེན་དེ་ཡང་ཐོག་མར་ལེགས་སྦྱར་གྱི་བསམ་གཏན་གྱི་ཏིང་ངེ་འཛིན་གྱི་སྐད་དོད་ས་མ་ཏི་ཞེས་པའི་མིང་ཚིག་སྒྲ་བསྒྱུར་ལས་བྱུང་བ་ཞིག་རེད།)
དྲི་བ། ད་ལྟ་མཁན་པོས་ས་བཅད་དང་ལེའུ་མར་བཀྲམ་ཡོང་དུས། རྩོམ་པ་པོ་ཁོང་གི་མཛད་པ་དེ་ཡང་འདྲ་མི་འདྲ་དང་ཧ་ལས་པ་དེ་འདྲ་འདུག དཀར་ཆག་ལ་མར་བལྟས་ཡོང་ན་རྔོན་པ་དེ་འདྲའི་གྲལ་དུ་འཚོ་བ་བསྐྱལ་བསྡད་པ་དེ་འདྲ་ཡང་འདུག རྒྱ་ནག་གོང་མ་དང་འབྲེལ་བ་ཡོད་བསྡད་པའི་སྐོར་ཡང་མང་པོ་ཞིག་འདུག རྦད་དེ་མཐོ་ས་དམའ་ས་ཚང་མ་ལ་འབྲེལ་བ་ཡོད་པ་དེ་འདྲ་ཞིག་རེད་འདུག རྩོམ་པ་པོ་ཁོང་གི་མི་ཚེ་དེ་སྣ་ཚོགས་པ་ཤིག་ཡིན་ས་རེད། རྩོམ་པ་པོ་ཁོང་གི་ལོ་རྒྱུས་དངོས་དེ་གང་འདྲ་ཞིག་རེད། ཁོང་དུས་རབས་ག་དུས་ཤིག་ལ་འཚོ་བཞུགས་གནང་བ་ཞིག་རེད། དེའི་སྐོར་དེ་མདོར་བསྡུས་ཤིག་གསུངས་རོགས།
ལན། ༽ལགས་སོ། །རྩོམ་པ་པོ་ཟེར་ན། ཁོང་ལ་རྩོམ་པོ་ཞུས་ན་འགྲིག་གི་ཡོད་མེད་ཤེས་ཀྱི་མི་འདུག གང་རེད་ཟེར་ན། ཁོང་གིས་ཡི་གེ་ཤེས་ཀྱི་ཡོད་མ་རེད་ལགས། ཁོང་གིས་མདོ་འདི་གསུངས་ནས་དེ་ནས་ཁོང་ལ་སློབ་མ་མང་པོ་ཡོད་པའི་ནང་ནས་སློབ་མ་ཆོས་ཀྱི་རྒྱ་མཚོ་ཞུ་བ་ཞིག་གིས་ཡི་གེར་བཀོད་བཞག་པ་དེ་འདྲ་ཞིག་རེད། མ་གཞི་ཁོང་གི་སྐུ་ཚེའི་ལོ་རྒྱུས་དེ་ཡང་ང་ཚོ་བོད་པའི་བླ་མ་ཞིག་གི་རྣམ་ཐར་གྱི་དབང་དུ་བཏང་ན། རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དང་ཏོག་ཙམ་ཆ་འདྲ་བ་ཞིག་ཡོད་རེད། ཁོང་སྤྱི་ལོའི་དུས་རབས་བདུན་པའི་ནང་འཁྲུངས་པ་ཞིག་དང་། སྐུ་ཚེ་ཡང་བརྒྱད་ཅུ་ཡས་མས་ལ་བཞུགས་པ་དེ་འདྲ་ཞིག་རེད། སྤྱིར་བཏང་ཁོང་སྐུ་དྲག་དེ་འདྲ་ཞིག་གི་བུ་རེད་འདུག ཡིན་ན་ཡང་། ཁོང་ཆུང་ཆུང་གི་སྐབས་ནས་ཁོང་གི་ཡབ་ལ་རྒྱལ་པོའི་བཀའ་ཆད་ཕོག་ནས་རྒྱང་ཕུད་བཏང་བཞག དེ་ནས་དེ་གྲོངས་རྗེས་ཁོང་མ་རྒན་དང་མཉམ་དུ་ལྷག དེ་ནས་འབུད་ཤིང་བཙོངས་ནས་འཚོ་བ་སྐྱེལ་ཐབས་བྱས་འདུག ཉི་མ་གཅིག་ལ་འབུད་ཤིང་ཞིག་བཙོངས་ནས་མགྲོན་ཁང་ནང་སྐྱེལ་དུ་འགྲོ་སའི་ལམ་ཁ་ནས་འཕགས་པ་རྡོ་རྗེ་གཅོད་པའི་མདོ་ཀློག་བཞིན་ཡོད་པ་གསན་པ་ལས་རིགས་སད། དེ་ནས་ཁོང་གིས་མི་དེར་མདོ་དེའི་མིང་གང་ཡིན་དང་གང་ནས་ཐོས་པ་ཡིན་དྲིས་དུས། མི་དེས་ཁོང་གི་རྩ་བའི་བླ་མ་བཟོད་པ་རྒྱ་ཆེན་ནམ་རྒྱ་ནག་གི་སྐད་དུ་ཧོང་རེན་ཞུ་བ་དེ་འཁོར་སྟོང་ཕྲག་གཅིག་དང་མཉམ་དུ་ཧྭང་མེ་ཟེར་བའི་དགོན་པ་ཞིག་གི་ནང་ན་བཞུགས་པ་དེ་ལས་ཞུས་པ་ཡིན་ཞེས་མི་གཞན་པ་དེས་ལབ་དུས། རྗེ་བཙུན་མི་ལས་མར་པའི་མཚན་ཐོས་པའི་སྐབས་སུ་ངེས་པར་དུ་ང་དེར་ཁོང་མཇལ་དུ་འགྲོ་ཐུབ་པ་ཞིག་བྱ་དགོས་སྙམ་པའི་འདུན་པ་འཁྲུངས་པ་ནང་བཞིན། ཧུའི་ནིང་གིས་ཁོང་ལ་ཡང་དེ་འདྲའི་འདུན་པ་ཞིག་སྐྱེས། དེ་ནས་མ་རྒན་གྱི་འཚོ་བ་དེ་ཚོ་གོ་སྒྲིག་གནང་ནས་ལམ་སང་ཕེབས་བཞག་འདུག ཕེབས་ནས་གདམས་པ་ཞུ་བའི་སྐབས་སུ་ཡང་ས། ཁོང་གིས་དང་པོའི་ཆར་དུས་ཡུན་གྱི་ཆ་ནས་རིང་པོ་རང་མ་རེད་དེ། ཧ་ཅང་སེམས་འགུལ་ཐེབས་པའི་དཀའ་སྤྱད་དེ་འདྲ་མཛད་འདུག དེ་ནས་སློབ་དཔོན་གྱིས་གསང་ཐབས་སུ་ཁོང་ལ་རྡོ་རྗེ་གཅོད་པའི་མན་ངག་ལ་བརྟེན་ནས་གདམས་ངག་དེ་གནང་། དེ་དང་མཉམ་དུ་འོད་སྲུངས་ཆེན་པོ་ནས་བརྒྱུད་པའི་ཆོས་གོས་དང་སྙན་བརྒྱུད་ཀྱི་གདམས་ངག་ཚང་མ་གནང་། དེ་ནས་ཁོང་ཡང་གསང་སྟབས་སུ་ཕེབས་འདུག
དེ་ནས་སློབ་དཔོན་ཧུའི་ནིང་ཁོང་རྔོན་པ་དང་མཉམ་དུ་ལོ་བཅུ་དྲུག་གི་བར་དུ་འཚོ་བ་བསྐྱལ། ཐ་མ་དེར་འགྲོ་དོན་དུས་ལ་བབས་པ་དང་ཚངས་ཆེན་དགོན་པ་ཟེར་བ་ལ་སོགས་པའི་ས་ཆ་གཞན་ལ་བླ་མའི་ལུང་བསྟན་ནང་བཞིན་ཕེབས་ནས་ཆོས་འཁོར་རྒྱ་ཆེན་པོ་བསྐོར་ནས་དེ་ལྟར་འགྲོ་བ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་ཞིག་མཛད་པ་རེད། དེ་ལྟར་མཛད་པའི་ཚུལ་དེ་ཡང་དཔེ་ཆགས་བཞག་པ་ཡིན་ན། ཁོང་གིས་སྟེགས་མདོའི་ལེའུ་བཅུ་པའི་མཇུག་ཏུའང་། ཁོང་ལ་ཡོངས་སུ་གྲགས་པ་དང་མ་གྲགས་པའི་གྲོལ་བ་ཐོབ་པའི་སྐྱེ་བོ་ཤིན་ཏུ་མང་པོ་སློབ་མར་བྱུང་བའི་ཚུལ་འཁོད་ཡོད་པ་དེ་འདྲ་རེད།
དྲི་བ། ༽ཁྱེད་རང་གིས་ད་ལྟ། རྩོམ་པ་པོ་ཟེར་ན་འགྲིག་གི་ཡོད་མེད་མི་ཤེས། ཡི་གེ་ཤེས་ཀྱི་ཡོད་མ་རེད། གསུངས་སོང་། དེ་འདྲ་ཡིན་ན་ཡང་། གསུང་བ་པོ་ཞུས་ན་འགྲིག་གི་ཡོད་རྒྱུ་རེད་བསམ་གི ཁོང་སྐུ་དྲག་གི་ཁྱིམ་ཚང་ཞིག་ཏུ་སྐྱེས་ན་ཡང་རྐྱེན་ངན་དང་བར་ཆད་ཀྱི་དབང་གིས་དེ་འདྲ་ཞིག་བྱུང་བ་རེད། ད་འོ་ན་ཁོང་རང་གསུང་བ་པོ་ཡིན་ན་ཁོང་རང་གི་ཉམས་རྟོགས་དེ་ཚོ་ཇི་མ་ཇི་བཞིན་དུ་གཞན་པ་ཞིག་ལ་གསུངས་ནས་དེའི་ཡི་གེར་བཀོད་པ་དེ་འདྲ་ལོས་ཡིན། དེ་འདྲ་ཡིན་པ་ཡིན་ན་ཡང་། གལ་ཏེ་གསུང་བ་པོ་དང་ཡི་གེར་འགོད་མཁན་གཉིས་ཆར་གྱི་བསམ་བློ་དེ་ཆ་མཉམ་ཞིག་མེད་པ་ཡིན་ན་གསུང་བ་པོའི་ནང་གི་རྟོགས་པ་ཇི་མ་ཇི་བཞིན་ཡིག་ཐོག་ལ་འགོད་ཐུབ་རྒྱུ་མ་རེད། དེ་འདྲ་འཁོད་ཐུབ་པ་ཞིག་མེད་པ་ཡིན་ན་མདོ་འདི་ཡང་ག་འདྲ་ཞིག་ཡོད་ན་བསམས་ནས་དོགས་པ་སློང་དགོས་པ་ཞིག་མི་འདུག་གམ།
ལན། ༽ དེ་ལ་རྩ་བའི་ཆ་ནས་ང་ཚོས་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། སྟོན་པ་ཐུགས་རྗེ་ཅན་ཡིན་ནའང་འདྲ། དེ་མིན་ན་ཡང་འཛམ་བུ་གླིང་གི་མཚན་ཉིད་རིག་པ་བ་དང་། ལྟ་གྲུབ་སྨྲ་བ་ཆེ་ཤོས་དེ་ཚོའི་གསུང་མང་ཆེ་བ་དེའང་ཁོང་ཚོ་རང་གིས་བྲིས་བཞག་པ་ཞིག་ཆགས་ཀྱི་ཡོད་མ་རེད། རྗེས་འཇུག་པ་རྣམས་ཀྱིས་ཡི་གེར་བཀོད་བཞག་པ་དེ་འདྲ་ཞིག་ཆགས་ཀྱི་འདུག དེ་ཡང་ང་ཚོས་བསམ་བློ་གཏོང་དགོས་ས་ཞིག་རེད་བཞག སློབ་དཔོན་ཧུའི་ནིང་ལ་མཚོན་ན་ཡང་། ཁོང་གི་གསུང་དེ་ཁོང་ཉིད་ཞལ་བཞུགས་དུས་ཡི་གེར་བཀོད་ཟིན་པ་ཞིག་ཡིན་པ་དེ་ལེའུ་བཅུ་པའི་ནང་ལ་དངོས་སུ་གསལ་པོར་འཁོད་ནས་ཁོང་གིས་ཁོང་མི་བཞུགས་པའི་དུས་སུ་ཁོང་གི་རྒྱལ་ཚབ་ལྟ་བུ་དེ་དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོ་འདི་ཡིན་ཞེས་གསུངས་འདུག དེ་ཡིན་དུས། མདོ་འདིའི་ནང་དུ་འཁོད་པའི་བཀའ་སློབ་བརྒྱ་ཆ་དགུ་བཅུ་ལྷག་ཅིག་ཁོང་ཞལ་བཞུགས་པའི་སྐབས་སུ་དངོས་སུ་ཡི་གེར་བཀོད་ཟིན་པ་ཞིག་ཡིན་པ་དེ་ང་ཚོས་ཕལ་ཆེར་ཡིད་ཆེས་དང་ཆ་འཇོག་བྱེད་ཐུབ་པ་ཞིག་རེད་བསམ་གི་འདུག ཡང་ཁོང་སྐུ་གཤེགས་པ་དང་འདས་རྗེས་ཀྱི་སྐོར་ལ་སོགས་པ་འགའ་ཞིག་སློབ་པ་དག་གིས་ཡར་བསྣན་བཞག་པའང་ཡོད་ས་རེད།
ཡང་ཕྱིས་ཀྱི་ཞིབ་འཇུག་པ་འགའ་ཞིག་གིས་ལྷོ་བརྒྱུད་དང་བྱང་བརྒྱུད་ཅེས་པའི་གྲུབ་མཐའ་གཉིས་ཀྱི་བར་ལ་ཏོག་ཙམ་མི་འདྲ་བ་ཡོང་གི་ཡོད་དུས། སོ་སོའི་གྲུབ་མཐའི་ཞེ་འདོད་སྒྲུབ་པའི་ཆེད་དུ་ཏོག་ཙམ་ཏོག་ཙམ་རེ་བསླད་པ་དེ་འདྲ་ཡོད་སྲིད་པ་རེད་ཟེར་མཁན་དེ་འདྲའང་བྱུང་བཞག ཡིན་ན་ཡང་། རྩ་བའི་ཆ་ནས་ད་ལྟ་ངས་བོད་ཡིག་ལ་བསྒྱུར་ཡོད་པའི་མ་དཔེ་འདི་ལ་མཚོན་ན། ད་ལྟ་ཡོངས་གྲགས་སུ་བརྒྱ་ཆ་དགུ་བཅུ་གོ་དགུས་སློབ་དཔོན་ཧུའི་ནིང་རང་གི་གསུང་ཡིན་པར་ཆ་འཇོག་གནང་བཞིན་པ་དེ་འདྲ་ཞིག་རེད།
དྲི་བ། ༽རྒྱ་ནག་ལ་མཚོན་ན། བོད་ལ་ནང་ཆོས་མ་དར་གོང་ནས་རྦད་དེ་སངས་རྒྱས་ཀྱི་བསྟན་པ་དར་ནས་ལོ་བརྒྱ་ཕྲག་མང་པོ་སོང་ཟིན་པ་ཞིག་རེད། ཡིན་ན་ཡང་། མདོ་འདི་དབྱིན་ཇིའི་ནང་ལ་ཡང་ངས་དེ་ཀ་ཙམ་ཁྱུགས་ཙམ་ཞིག་བཙལ་བ་ཡིན་ཏེ། རྒྱ་ཡིག་ཙམ་མ་ཟད་རྒྱལ་སྤྱིའི་ཐོག་ཏུ་ཡིན་ནའང་མདོ་འདི་ཧ་ལས་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ས་རེད། རྒྱ་སྐད་དུ་བཀའ་དང་བསྟན་བཅོས་མང་པོ་ཞིག་བཞུགས་ཡོད་པའི་ནང་ནས་མདོ་འདིས་དམིགས་བསལ་ཤུགས་རྐྱེན་ཐེབས་དགོས་པ་དེར་ནུས་པ་དམིགས་བསལ་ཞིག་ག་རེ་ཡོད་རེད།
ལན། ༽དེའི་སྐོར་དེ་ངས་དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོ་འདི་བོད་པ་རྣམས་ལ་ཆེས་ཐོག་མར་མཚམས་སྦྱོར་ཞུ་བའི་སྐབས་འདིར་རྫོགས་ཆེན་དང་ཕྱག་ཆེན་ལ་སོགས་པའི་ལྟ་གྲུབ་དང་ཕན་ཚུན་འཁྲུགས་མི་ཐེབས་པ་དང་། དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ཤེས་པའི་ཆེད་དུ། ང་རང་གི་གོ་ཚུལ་གཞིར་བཟུང་བྱས་ནས་དམ་ཆོས་རིན་པོ་ཆེ་སྟེགས་བུའི་མདོའི་སྟོང་ཐུན་ཉི་ཟླའི་འོད་ཟེར་ཟེར་བ་ཞིག་བྲིས་ནས་དེབ་ཀྱི་མཇུག་ཏུ་བཀོད་ཡོད། སྟོང་ཐུན་དེ་ལའང་ཕལ་ཆེར་ལེ་ཚན་ཆེ་ཆུང་མ་འདྲ་བ་ལྔ་བཅུར་ཉེ་བ་ཞིག་ཡོད། ང་རང་གི་ངོས་ནས་དཀའ་ལས་ཆེན་པོ་བརྒྱབ་བཞག་པ་ཞིག་དང་། ཧ་ཅང་རྩ་ཆེན་པོ་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། དེས་ན་རྩོམ་ཡིག་དེའི་ནང་ལའང་མདོ་འདིའི་ཤུགས་རྐྱེན་སོགས་ཀྱི་སྐོར་མང་ཆེ་བ་ཞིག་བྲིས་ཡོད། མ་གཞི་སྟེགས་མདོ་འདི་མདོ་མ་རེད། ཡིན་ན་ཡང་། འདི་ལ་མདོ་ཞེས་སྨོས་པ་དེ་ཁོང་ཚོས་ཟེར་ན་འདི་ཉིད་སངས་རྒྱས་ཀྱི་བཀའ་དང་གཉིས་སུ་མེད་པའི་རྩ་ཆེན་པོ་ཞིག་ཡིན་པའི་རྒྱུ་མཚན་གྱིས་མདོ་ཞེས་སྨོས་པ་ཡིན་ཞེས་གསུངས་ཀྱིན་འདུག དེ་བཞིན་རྒྱ་ནག་རང་གི་ནང་དུའང་མདོ་འདི་ལ་དཔེ་མི་འདྲ་བ་དྲུག་ཅུ་ཡོད་ཚུལ་འཇར་པན་གྱི་ཞིབ་འཇུག་པ་དེ་འདྲས་གསུངས་འདུག་ལ། དེང་སང་ཡོངས་གྲགས་ལའང་དཔེ་མི་འདྲ་བ་གལ་ཆེ་བ་བཞི་ཡོད་པ་རེད། དེའི་ནང་ནས་ཀྱང་ཡོན་རྒྱལ་རབས་ཀྱི་དུས་ནས་བཟུང་སྟེ་རྒྱུག་ཆེ་བ་དང་ཡོངས་གྲགས་ཀྱིས་ཁས་ལེན་པའི་ཙོང་པའོ་མ་(宗宝本)ཞུ་བའི་དཔེ་ཞིག་ཡོད་རེད། ངས་ཀྱང་དེ་གཞིར་བཞག་བྱས་ནས་བསྒྱུར་བ་རེད། ད་དུང་ཝེ་ཏི་ནམ། གོ་རི་ཡ། འཇར་པན་ལ་སོགས་པ་བྱང་བརྒྱུད་ཟེར་ན་འདྲ། རྒྱ་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་ཧྲིལ་པོ་ལ་མདོ་འདི་ཤུགས་རྐྱེན་ཧ་ཅང་ཆེན་པོ་རེད། དེ་ཡིན་པའི་ཚུལ་ཡང་སྟོང་ཐུན་དེའི་ནང་དུ་ཆ་ཚང་ཞིག་བཀོད་ཡོད། དེ་བཞིན་དུ་ནུབ་ཕྱོགས་ལ་མཚོན་ན་ཡང་། དཔྱད་གཞིའི་རྒྱུ་ཆ་དེ་ཚོར་ཕར་བལྟས་ཡོང་དུས། དབྱིན་ཇིའི་ཐོག་ལ་ནང་པ་སྤྱི་དང་། ཁྱད་པར་བསམ་བཏན་ཆོས་བརྒྱུད་འདི་དར་ནས་ལོ་བརྒྱ་ཕྲག་ལས་ལྷག་མ་རེད་དེ། དེའི་རིང་འདིར་ཡང་མདོ་འདི་ལ་འགྱུར་མི་འདྲ་བ་བཅུ་བྱུང་འདུག དེ་འདྲ་རྩ་ཆེན་པོ་ཞིག་བོད་སྐད་ཐོག་མེད་པ་དེ་དཔེ་ཕངས་པོ་རེད་སྙམ་པ་རེད། ང་རང་གིས་བོད་ཡིག་ཏུ་བསྒྱུར་དགོས་པའི་དམིགས་ཡུལ་གཅིག་དེ་ཡིན། རྒྱལ་སྤྱིའི་སྟེང་ལ་ཧ་ཅང་སྐད་གྲགས་ཆེན་པོ་རེད།
དྲི་བ།༽ དེ་རིང་བོད་པ་བརྙན་འཕྲིན་ལྟ་མཁན་ཞིག་ཡིན་ན་རེད། ལྷག་པར་དུ་ཆོས་ལུགས་པ་ཞིག་ཡིན་པ་ཡིན་ན་ང་ཚོའི་བོད་སྐད་ཀྱི་ནང་ན་གཞན་ལ་མེད་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཚང་ལ་མ་ཆད་པ་ང་ཚོ་ལ་མེད་པ་ཞིག་མེད། འདི་འདྲ་ཞིག་མེད་ཀྱང་ང་ཚོ་ལ་གྱོང་རག་གི་མ་རེད་ཅེས་བསམ་བློ་འཁོར་མཁན་དེ་འདྲ་ཡང་ཡོང་སྲིད་འདོག་ཁ་པོ་རེད། མཁན་པོ་ཁྱེད་རང་ལ་མཚོན་ན་ཡང་། ཕྱག་ལས་གནང་དགོས་ས་མང་པོ་ཡོད་རེད། ཁྱོད་རང་གིས་ནུས་པ་བཏོན་པ་ཡིན་ན་བཏོན་ཡ་མང་པོ་ཞིག་ཡོད་རེད། ཡིན་ན་ཡང་། སྐུ་ལས་སྐྱོན་ནས་འདི་ཉིད་རྒྱ་ནག་གི་སྐད་ནས་བོད་ཀྱི་སྐད་དུ་བསྒྱུར་བར་ཁྱེད་རང་གིས་དམིགས་བསལ་གྱི་གནད་འགག་ག་རེ་གཟིགས་ནས་སྒྱུར་བ་ཡིན།
ལན།༽ ལགས་སོ་རེད། ངས་འདིའི་གླེང་བརྗོད་ཀྱི་སྐབས་སུའང་གཞུང་འདི་བོད་ཡིག་ལ་བསྒྱུར་དགོས་པའི་རྒྱུ་མཚན་ཕལ་ཆེར་བདུན་ཙམ་ཞིག་སྨོས་ཡོད། སྤྱིར་བཏང་ངས་ཀྱང་ལབ་ཡོད། ང་ཚོ་ལ་ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ། དབུ་མ་ཆེན་པོ་སོགས་པའི་བཀའ་དང་བསྟན་བཅོས་ཧ་ཅང་མང་པོ་ཡོད་རེད། དེ་དག་གི་ནང་ན་མེད་པའི་ཟབ་པ་དང་རྒྱ་ཆེ་བ་ཞིག་འདིའི་ནང་ན་འདུག་གམ་སྙམ་ན། དེ་མེད་པ་དེ་དངོས་ཡོད་གནས་ཚུལ་ལྟ་བུ་ཞིག་རེད། ཡིན་ན་ཡང་། ཕྱོགས་གཞན་ཞིག་ནས། དེང་སང་གི་དུས་འདི་ང་ཚོ་ནང་པ་དེ་ཚོས་གཅིག་གིས་གཅིག་ལ་དངོས་གནས་ཀྱིས་རྒྱུ་མཚན་ཤེས་པའི་དག་སྣང་དང་མཉམ་འབྲེལ་གྱིས་ཕན་ཚུན་ལག་བརྡངས་སྦྲེལ་དགོས་པའི་དུས་ཚོད་ཅིག་རེད།
ང་ཚོའི་ངོས་ནས་ཀྱང་། བོད་པའི་སྤྱི་ཚོགས་ཀྱི་ནང་ལ་གནའ་ནས་ད་བར་བསམ་གཏན་ཆོས་ལུགས་ཟེར་དུས་ཧྭ་ཤང་མ་ཧཱ་ཡན་གྱིས་བོད་ལ་ཆོས་སྤེལ་བའི་སྐབས་ཀྱི་རྙོག་དྲ་དེ་ཚོ་དང་ཕན་ཚུན་གཞི་གཅིག་ཏུ་སྦྲེལ་ནས་བསམ་གཏན་ཆོས་ལུགས་ལ་ངོས་འཛིན་གསལ་པོ་རང་མེད་པའི་མག་མོག་གི་གནས་སྟངས་ཤིག་ཡོད་རེད། དེ་འདྲ་ཡིན་དུས། གཞུང་འདི་གཟིགས་ནས་གཞན་པ་དེ་ཚོ་ལའང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཆད་ཚུལ་ཡག་པོ་དང་། གཞན་གྱི་བླ་མ་དེ་ཚོར་ཡང་སྐྱེས་བུ་དམ་པའི་རྣམ་པར་ཐར་པ་ཡག་པོ་ཡོད་འདུག་སྙམ་པ་དེ་ཚོ་ཧ་གོ་ན་གཞན་ཕྱོགས་ཀྱི་ལེགས་ཆ་མཐོང་བའི་སྒོ་ནས་གཞན་ལ་དག་སྣང་དང་མོས་གུས་ཕྱོགས་མེད་དུ་སྐྱེ་བ་ཞིག་ཡོང་གི་རེད། ཆོས་ཕྱོགས་ནས་བསམ་ནའང་འདི་ཧ་ཅང་གལ་ཆེ་བ་ཞིག་རེད་བསམ་གྱི་འདུག དེང་སང་གི་དུས་འདིར་མཚོན་ན་ཡང་། དོན་གྱིས་ང་ཚོས་ང་ཚོ་རང་ལ་ཁ་སྐོང་བྱས་པ་ཞིག་ཆགས་ཀྱི་འདུག
ཕྱོགས་གཞན་ཞིག་ནས། ང་ཚོའི་གཞུང་ཆེན་སློབ་གཉེར་གནང་མཁན་དང་དཔེ་ཆ་བ་དེ་ཚོར་མཚོན་ན་ཡང་། ཧྭ་ཤང་དང་ཧྭ་ཤང་མ་ཡན་གྱི་ལྟ་གྲུབ། བསམ་གཏན་པ་ཞེས་ལབ་ཐུབ་པ་ཙམ་ཞིག་མ་ཡིན་པར། ཁོང་དག་གི་ལྟ་གྲུབ་ཀྱི་ཕུགས་གཏུགས་སའི་གཞུང་ཆ་ཚང་བ་ཞིག་བོད་ཡིག་གི་ཐོག་ཏུ་ཡོད་པ་ཡིན་ན། ཞིབ་འཇུག་བྱེད་པ་དང་བསམ་བློ་གཏོང་བ་ལ་ཧ་ཅང་ཁྱད་པར་ཆེན་པོ་ཡོད་རེད་བསམ་གྱི་འདུག དཔེར་ན། ངས་ཝ་ར་ན་སིའི་མཁས་པ་དེ་འདྲ་ཞིག་གིས་ཞིབ་འཇུག་བྱས་བཞག་པའི་བསམ་ཡས་རྩོད་པ་ཞེས་པའི་དེབ་ཅིག་བལྟས་ཡིན། དེའི་ནང་ལ་ཡང་བོད་ཡིག་ཐོག་ཡོད་པའི་ཧྭ་ཤང་ལ་སོགས་པའི་སྐོར་གྱི་བཤད་ཚུལ་དེ་ཚོ་ཕལ་ཆེར་ཆ་ཚང་བ་ཞིག་བཀོད་འདུག ཡིན་ན་ཡང་རྒྱ་ཡིག་མ་ཤེས་པ་ཡིན་སྟབས། དབྱིན་ཇི་ལྟ་བུའི་སྐད་ཡིག་གཉིས་པ་ཞིག་བརྒྱུད་ནས་བསམ་གཏན་ཆོས་བརྒྱུད་ཀྱི་སྟེགས་མདོ་ལ་སོགས་པ་ལ་རྒྱུས་ལོན་རགས་རིམ་ཙམ་རེ་བྱས་ཀྱང་། ཆ་ཚང་བ་ཞིག་ཐད་ཀར་རྟོགས་ཐུབ་མི་འདུག དེ་འདྲ་ཡིན་དུས། འདི་རིགས་ཀྱི་ཁུངས་གཏུགས་ས་དེ་རྒྱ་ནག་གི་རྒྱ་ཡིག་རང་རེད། སྟེགས་མདོ་འདི་ལྟ་བུ་ཡིན་ན་ལོ་གཅིག་སྟོང་སུམ་བརྒྱ་རང་གི་སྔོན་ལ་རེད་ལ། ཡི་གེའང་རྒྱ་ཡིག་རང་རེད། དེ་འདྲ་ཡིན་དུས། དེ་ལས་ཐད་ཀར་བསྒྱུར་བ་ཡིན་ན་ཁུངས་བཙུན་པ་དང་གལ་འགང་ཆེ་བ་ཡོང་གི་རེད་བསམས་ནས་བསྒྱུར་པ་རེད། གཞུང་འདི་དཀའ་ལས་བརྒྱབ་ནས་བསྒྱུར་བའི་དམིགས་ཡུལ་དེ་རེད།
དྲི་བ། ༽ ཡང་ཆོས་ལུགས་ཀྱི་དེབ་གཅིག་བསྒྱུར་བ་དང་སྤྱིར་བཏང་གི་དེབ་གཅིག་བསྒྱུར་བ་གཉིས་འདྲ་གི་མ་རེད། ཆོས་ལུགས་ཀྱི་དེབ་ཅིག་ཡིན་དུས་བོད་པའི་སྤྱི་ཚོགས་སུ་གཞན་དང་མི་འདྲ་བའི་ནུས་པ་ཞིག་ཐོན་གི་རེད། ལྷག་པར་རྒྱ་སྐད་ནས་བསྒྱུར་བ་ཡིན་ན་བོད་པ་ཚོ་མང་པོ་ཞིག་ལ་དོགས་པ་ཡོང་གི་རེད། གང་ཡིན་ཟེར་ན། ཁྲི་སྲོང་སྡེ་བཙན་གྱི་སྐབས་ནས་བཟུང་སྟེ། བསམ་ཡས་གཙུག་ལག་ཁང་དུ་ཀ་མ་ལ་ཤི་ལ་དང་ཧྭ་ཤང་མ་ཧཱ་ཡ་ན་གཉིས་རྩོད་པ་བརྒྱབ་ཕྱིན་ཆད། དེ་ནས་བཟུང་བོད་པའི་བསམ་བློའི་ནང་དུ་རྒྱ་ནག་ནས་དར་བའི་བསྟན་བཅོས་ཤིག་རེད་ཟེར་དུས་དེ་ཧྭ་ཤང་གི་ལྟ་བ་རེད་ཟེར་ནས་་ཡང་དག་པ་ཞིག་ཡིན་ནམ་མིན་སྙམ་པའི་པའི་བག་ཆགས་དེ་འདྲ་ཞིག་ཡོད་རེད། བོད་པ་ཚོ་ལ་ཡོད་བསྡད་པའི་བག་ཆགས་དེ་རྒྱུ་མཚན་ཡོད་པ་དང་བག་ཆགས་ཡང་དག་པ་ཞིག་རེད་དམ། ཡང་ན་སྐབས་དེ་དུས་ཀྱི་བག་ཆགས་ཤིག་ཡིན་ཡང་། དུས་ཚོད་ལ་འགྱུར་བ་ཐེབས་པ་དང་མཉམ་དུ་འགྱུར་བ་གཏོང་དགོས་པ་ཞིག་རེད།
ལན། ༽དེའི་སྐོར་དེ་ངས་་སྟེགས་མདོའི་སྟོང་ཐུན་གྱི་ནང་དུ་ཧ་ཅང་ཞིབ་ཅིང་ཕྲ་བའི་སྒོ་ནས་དབྱེ་ཞིབ་བྱས་ནས་བཤད་ཡོད་ལགས། དེ་ཡང་སྤྱིར་བཏང་བསམ་གཏན་ཆོས་བརྒྱུད་ཟེར་བ་དེ་ཧ་ཅང་ཡང་དག་པ་ཞིག་ཡིན་པ་དེ་བརྒྱ་ཆ་བརྒྱ་རེད་བཞག དཔེར་ན། རྒྱ་ནག་ལྟ་བུ་ཞིག་ཡིན་ན་ཡང་། ང་ཚོ་བོད་ཀྱི་སྤྱིར་བཏང་གི་སྣང་ཚུལ་འགའ་རེ་ལ་བསམ་བློ་བཏང་ནས་བླ་མ་དང་བླ་མ་ཅའོ་ཟེར་ནས་་བོད་ཀྱི་བླ་མ་ཞེས་པའི་ཐ་སྙད་ཧྲིལ་པོ་དང་། བོད་ཀྱི་ནང་ཆོས་ཡོངས་ལ་བླ་མ་ཆོས་ལུགས་ཞེས་བོད་བརྒྱུད་ནང་བསྟན་ཧྲིལ་པོ་ལ་ལྟ་སྟངས་ཡང་དག་པ་མ་ཡིན་པ་འཛིན་མཁན་འགའ་རེ་ཡོད་རེད། དེ་ནང་བཞིན་ང་ཚོས་ཀྱང་རྒྱ་བརྒྱུད་ནང་བསྟན་ཧྲིལ་པོ་ལ་ཧྭ་ཤང་ཟེར་ནས་ཕར་བཅད་བཞག་པ་ཡིན་ན་དེ་འགྲིག་གི་ཡོད་མ་རེད། མ་གཞི་ཧྭ་ཤང་ཟེར་བ་དེ་དེང་སང་གི་རྒྱ་ནག་གི་སྐད་དུ་ཧྭི་ཧྲང་ཞེས་ཟེར་གྱི་ཡོད་རེད། ཧྭ་ཤང་མ་ཧཱ་ཡ་ན་དང་དམིགས་བསལ་འབྲེལ་བ་ཡོད་པའི་ཐ་སྙད་ཅིག་གང་ཡང་མ་རེད། བཙུན་པ་དང་རབ་ཏུ་བྱུང་བ་ཞེས་པའི་དོན་རེད། དེ་འདྲ་ཡིན་དུས་ཧྭ་ཤང་ཟེར་ནའང་སྡུག་ཅག་ཅིག་གང་ཡང་མ་རེད། དེ་གཅིག་རེད།
ལར་ནས་བསམ་གཏན་ཆོས་བརྒྱུད་ཟེར་བ་དེ་མ་ཧཱ་ཡན་གྱི་སྔོན་ནས་སྔོན་དུ་བྱུང་བཞག་པ་ཞིག་རེད། སྤྱིར་བཏང་གི་རྒྱའི་ནང་པའི་ཆོས་བརྒྱུད་ཅིག་རེད། མ་ཧཱ་ཡན་ལ་མཚོན་ན་དེའི་ནང་གསེས་ལྷོ་བརྒྱུད་དང་བྱང་བརྒྱུད་གཉིས་ཡོད་པའི་ནང་ནས་བོད་པ་ཚོས་ལྷོ་བརྒྱུད་ཡིན་པ་ལྟར་དུ་གསུང་གིན་འདུག་སྟེ། རྒྱ་ནག་གི་དེང་སང་གི་ཉམས་ཞིབ་པ་མང་པོ་ཞིག་གིས་བྱང་བརྒྱུད་ལ་ཧྲིན་ཞུའུ་ཟེར་བ་ཞིག་ཡོད་རེད། ཁོང་ཡང་སློབ་དཔོན་ཧུའི་ནིང་གི་སློབ་གྲོགས་ཟེར་ན་མཆེད་གྲོགས་རེད། དེའི་ཆོས་བརྒྱུད་ཅིག་ཡིན་པ་གསལ་པོ་གསུངས་བཞག གང་ལྟར་མ་ཧཱ་ཡན་ཟེར་བ་དེ་རྗེས་རྗེས་སུ་བྱུང་བཞག་པའི་མི་ཞིག་རེད། བསམ་གཏན་ཆོས་བརྒྱུད་དང་། སྟེགས་མདོ་དང་། ཧུའི་ནིང་ལ་སོགས་པ་དེ་དག་ལས་སྒང་དུ་ཡར་ལོ་བརྒྱ་ཕྲག་གཅིག་གཉིས་ཀྱི་སྔོན་གྱི་སྐད་ཆ་རེད། དེ་འདྲ་ཡིན་དུས་དེ་གཉིས་མཉམ་དུ་ཡིན་ཁྱབ་མཉམ་ལྟར་བཟོ་འཇོག་རྒྱུ་དེ་འདྲ་གང་ཡང་ཡོད་མ་རེད།
སྤྱིར་བཏང་བསམ་གཏན་ཆོས་བརྒྱུད་ཟེར་བ་དེ་གྲུབ་མཐའ་ཧ་ཅང་ཡག་པོ་ཞིག་ཡིན་པ་དེ་དཔེར་ན། ཐུའུ་བཀྭན་རིན་པོ་ཆེས་གྲུབ་མཐའ་ཤེལ་དཀར་གྱི་མེ་ལོང་གི་ནང་དུ་ཡང་། ལུགས་འདི་ཕྱག་རྒྱ་ཆེན་པོ་བརྡའི་བརྒྱུད་པ་སྟེ། སྙིང་པོ་དོན་གྱི་བརྒྱུད་པ་བླ་ན་མེད་པ་ཞིག་ཡིན་ཞེས་གསུངས་པ་དང་། ནེལ་བ་པནྟི་ཏའི་ཆོས་འབྱུང་དང་། ཁྱད་པར་དུ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི་ཀ་མ་ལ་ཤི་ལ་དང་ཧྭ་ཤང་མ་ཧཱ་ཡ་ན་གཉིས་ཀའི་དུས་མཉམ་གྱི་མི་དང་། ཀ་མ་ལ་ཤི་ལའི་དངོས་སློབ་ཀྱང་རེད། ཁོང་གིས་བསམ་གཏན་མིག་སྒྲོན་གྱི་ནང་དུ་དམིགས་ཀྱིས་བཀལ་ནས་བསམ་གཏན་ཆོས་བརྒྱུད་ཙམ་དུ་མ་ཟད། མ་ཧཱ་ཡན་གྱི་ལྟ་གྲུབ་དེ་ཡང་ལྟ་གྲུབ་རང་གི་ངོས་ནས་སྡུག་པོ་ཞིག་མ་ཡིན་པ་བརྒྱ་ཆ་བརྒྱ་གསུངས་འདུག དེ་འདྲ་ཡིན་དུས་ངས་དེ་ཀ་རང་ལ་ཁུངས་སུ་བྱེད་ཀྱི་ཡོད། ཡིན་ན་ཡང་། མ་ཧཱ་ཡན་གྱིས་བོད་ལ་བསྟན་པ་སྤེལ་བའི་སྐབས་སུ་ཁོང་གི་ལྟ་གྲུབ་གཏིང་ཟབ་པོ་དེ་ཚོ་སྤེལ་སྟངས་ཀྱི་ཆ་ནས་གང་ཟག་གི་རྒྱུད་ཚོད་ལ་མ་བསྟུན་པར་ཐད་ཀར་སྤེལ་བཞག་པ་དེ་འདྲའི་ཐོག་ནས་ནོར་འཁྲུལ་བྱུང་བ་དེ་འདྲ་ཡོད་སྲིད་པ་རེད་བསམ་གྱི་འདུག
ལས་རིམ་གཙོ་སྐྱོང་བ། ༽ ང་ཚོས་གོང་དུ་བཅར་འདྲི་ཞུ་ས་དེ་ནི་རབས་དྲུག་སྟེགས་བུའི་མདོ་བོད་འགྱུར་ལོ་ཙཱ་བ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་རེད། མཁན་པོ་ལགས་དེ་རིང་གི་བགྲོ་གླེང་ལ་མཉམ་ཞུགས་གནང་ནས་བཀའ་མོལ་ལྷུག་པོར་གསུངས་པར་བཀའ་དྲིན་ཆེ།
བཅར་འདྲི་བྱེད་ཡུལ། ༽ལགས་སོ། །གསན་མཁན་རྣམ་པ་ཐུགས་རྗེ་ཆེ།
གོང་དུ་བཀོད་པའི་དྲི་བ་དྲིས་ལན་ནི་ཕྲན་ལ་གསར་ཁང་འདིའི་ཀུན་གླེང་གི་ལས་རིམ་དུ་བཅར་འདྲིའི་ལན་འདེབས་ཀྱི་གོ་སྐབས་གནང་སྐབས་ཀྱི་དྲི་བ་དྲིས་ལན་ཁག་ཅི་བཞིན་ཡི་གེར་ཕབ་པ་ཞིག་ཡིན། རང་ཉིད་ཀྱིས་སླར་ཡང་ཉན་སྐབས་ཀྱང་གཙོ་སྐྱོང་བ་སྐུ་ཞབས་རྡོ་རྗེ་ཚེ་བརྟན་ལགས་ནས་དྲི་བ་དེ་ཚོ་ཧ་ཅང་ཡག་པོ་བྱུང་འདུག་པ་དང་། རང་ངོས་ནས་ཀྱང་སྟེགས་མདོའི་ཀློག་པ་པོ་སྤྱིའི་མཁྱེན་རྟོགས་གནང་འདོད་ཡོད་པའི་དྲི་བ་དེ་དག་གི་ཐད་ལན་གང་ཐུབ་ཞུས་ཡོད་པ་དག་ཀྱང་ཅུང་ཟད་མཐུས་ཚང་དུ་འདུག་པས་སྟེགས་མདོར་དོ་སྣང་གནང་མཁན་དག་ལ་མཚོན་ན་ཕན་ཐོགས་ཡོད་པ་ཞིག་ཏུ་ངོས་འཛིན་གྱིས་ཡི་གེར་ཕབ་པ་ཡིན། ལར་ནས་སྐུ་ཞབས་རྡོ་རྗེ་ཚེ་བརྟན་ནི་ཨ་རླུང་གི་བོད་སྐད་སྡེ་ཚན་གྱི་གཙོ་སྐྱོང་བ་ཡོངས་ཀྱི་ནང་ནས་གང་ཅིའི་ངོས་ནས་ཀུན་གྱིས་ཚད་ལྡན་དུ་རྩི་ཞིང་སྣང་བརྙན་བཟང་པོ་སྐྲུན་མཁན་གྱི་མི་སྣ་ཞིག་ཡིན་པ་ལྟར། ཐེངས་འདིར་ཕྲན་ལ་ཡང་ཆེད་ལས་ཀྱི་འཇོན་ཐང་ཚད་ལྡན་ཡོད་པའི་གཙོ་སྐྱོང་བ་ཕུལ་བྱུང་ཞིག་གི་མཐོང་ཚུལ་བཅོས་མིན་བསྐྲུན་སོང་བས་སྐབས་དེར་ཁོང་དང་མཉམ་དུ་གླེང་མོལ་བྱས་པ་དེ་ཧ་ཅང་སྤྲོ་བ་འཕེལ་བ་ཞིག་བྱུང་། ཡིག་འབེབས་པ་རྫ་ཚེ་རིང་བཀྲ་ཤིས་སོ། །
གང་ལྟར་zen ཟེར་ན་འངྲ། རྒྱ་སྐད་ཟརན་་ཟེར་ན་འདྲ། ངོ་མ་མིང་ཚིག་ཨ་མ་དེ་ནི་ལེགས་སྦྱར་སྐད་དེ་རང་་རྒྱ་སྐད་ལ་ཐ་སྙད་ཐོགས་སོང་བ་ཞིག་ཡིན་ན་སྙམས། ལེགས་སྦྱར་སྐད་ལ། དྷྱན། ध्यान དོན་དག་བསམ་གཏན་ལ་གོ་ དེང་སང་ཧིནྡིའི་སྐད་ལའང་བེད་སྤྱོད་གནང་གི་ཡོད། བནྡེ་་་་ཟེར་བ་དང་ཐོག་་ཐོག་ལེགས་སྦྱར་སྐད་རེད་་སྐད་དེ་བོད་སྐད་དུ་་འབྱར་སོང་བ་དང་དེང་སང་ཡང་བོད་སྐད་ལ བན་དེ་རྣམས། ཟེར་བ་ལྟ་བུའི་ཞིག་ཡིན་སྙམས།
་་་་་་དྲི་བ་དྲིས་ལན་ཁག་ཅི་བཞིན་ཡི་གེར་ཕབ་པ་ཞིག་ཡིན། ་་་་་་་་་་་་་་་་་
་
དིང་་གི་བོད་ཡིག་གི་བོད་ཀྱི་ལོ་ཙ་པ་ཆེན་པོའི་བོད་ཡིག་དང་བོད་སྐད་དཔྱད་པ། དྲི་བ་འདྲི་ལན་ནམ་། དྲི་བ་དྲི་ལན་མ་བྲིས་པར་། དྲི་བ་དྲིས་ལན་ཞེས་འབྲི་དགོས་དོན་དོན་གང་ཡིན་ནམ། ཡང་། ཁག་ཇི་བཞིན་མ་བྲིས་པར། ཁག་ཅི་བཞིན་བྲིས་དགོས་དོན་གང་ཡིན་ནམ། ལགས། མཁས་དབང་རྫ་ཚེ་ལགས་ལ་དྲི་བ་ཞིག་ཞུའོ། ལན་ཞིག་འོངས་བའི་རཻ་བ་་བཅང་ནས་བསྡད་ཡོད་པས་་་་་་་་
རྫ་ཚེ་ལགས།ཁྱེད་ཀྱིས་རྒྱ་ཡིག་ནས་བོད་བསྒྱུར་གནང་བ་ལ་བཀའ་དྲིན་ཆེ།དེབ་དེའི་མིང་ལ་༼རབས་དྲུག་སྟེགས་བུའི་མདོ༽ཅེས་བསྒྱུར་འདུག་པས། མདོ་ཡིན་ན་སངས་རྒྱས་ཀྱི་གསུངས་ཡིན་པའི་ཁྱབ་རེད། ཐ་ན་མགོན་པོ་ཀླུ་སྒྲུབ་སོགས་ཀྱིས་བརྩམས་པའི་གསུང་ཐམས་ཅད་ལ་༼བསྟན་བཅོས༽ཀྱི་ཐ་སྙད་མ་གཏོགས་སྦྱོར་གྱི་མེད་མོད།འོན་ཀྱང་ཁྱེད་ཀྱིས་སྱེགས་བུའི་མདོ་ཅེས་བསྒྱུར་བ་ལ་ལྟས་ན་མདོ་དང་བསྟན་བཅོས་ཀྱི་ཁྱད་པར་ཡང་མ་ཤེས་པ་འདྲ་པས་བསམ་ཚུལ་ཙམ་ཞུས་པ་ཡིན།
རྫ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱའི་སྐད་ཡིག་ནས་བོད་ཡིག་ནང་ལ་སངས་རྒྱས་ཆོས་ལུགས་དང་འབྲེལ་ཡོད་ཀྱི་གསུང་རབ་བསྒྱུར་བར་བཀའ་དྲིན་ཆེ་ཞུ། དེས་གཏན་གཏན་ནང་ཆོས་སློབ་གཉེར་བ་ཚོར་ཕན་ཐོགས་ཡོང་སྲིད། དེ་བཞིན་ཁྱེད་ཀྱང་༧གོང་ས་མཆོག་གིས་དབུས་རིས་མེད་བླ་མ་རྣམས་ལ་དབྱེར་མེད་ཀྱི་དད་པ་བརྟན་ཐོག བོད་སྤྱི་པའི་འགན་ཞིག་འཁུར་ནས་ཕྱི་རྒྱལ་ལ་འཚོ་ཞིང་བཞུགས་པ་དེ་དོན་ལྡན་རེད་སྙམས། འབྱུང་འགྱུར་གྱི་བོད་མིའི་ལོ་རྒྱུས་ནང་མི་ལྷག་བསམ་ཅན་དེ་ཚོ་གཏན་གཏན་འཁོད་ཀྱི་རེད་ལ་བཀོད་དགོས་ངེས།
ཞུ་རྒྱུ་གཅིག་ཡོད་པ་་ནི་ཁྱེད་གྲྭ་སྡོམ་ཕུལ་ཟིན་པས། དགེ་སྦྱོང་གི་ཆས་གོས་ཡ་མ་ཟུང་དེ་མ་བཞེས་ན་ལེགས། དེས་སངས་རྒྱས་ཀྱི་བསྟན་པའི་རྨང་འདུལ་བ་ལ་ངོ་མ་གནོད་ཚབ་ཆེ། ཁྱེད་ཅག་ས་སྐྱ་ཡིན་པས། ཟན་དཀར་པོ་ཞིག་བཞེས་ན་མི་འགྲིགས་སམ། རྙིང་མའི་འདུལ་བ་འཛིན་པའི་བླ་ཆེན་གཅིག་གིས་ཀྱང་ཁྱེད་ཀྱི་སྐོར་ལ་བཀའ་འདི་ལྟར་གནང་འདུག སྐུ་མཁྱེན་སངས་རྒྱས་བསྟན་པར་དགོངས་ནས་འདི་དགོངས་བཞེས་གནང་རོགས། འདི་ལྟར་སྡོམ་པ་ཡོད་མེད་ཀྱིས་ཆས་ཡ་མ་ཟུང་རྐྱང་རྐྱང་གོན་ན། ངོ་མ་དེས་སངས་རྒྱས་ཀྱི་འདུལ་བའི་བསླབ་བྱར་རྨང་ནས་གནོད། ཁྱེད་ཉིན་ལྟར་བྱང་ཆུབ་སེམས་དང་གསང་སྔགས་ཀྱི་སྡོམ་པ་ལེན་གྱི་ཡོད་པས། དེ་ལྟར་ཉིན་ལྟར་སྐྱེ་ཆེན་མང་པོ་ཞིག་དང་ཆོས་དད་མི་དམངས་མང་པོ་ཞིག་གི་སེམས་ལ་ཕོག་དུག་གཏོང་ན། དེས་ཁྱེད་ཀྱི་རྒྱུད་ལ་རྟོག་པ་བསྐྱེད་པ་དང་། བསོད་ནམས་ཀྱི་ཚོགས་ལྟ་ཅི། ཉིན་ལྟར་མི་དགེ་བའི་ལས་གསོག་བཞིན་འདུག་པས། ཕྲན་ནས་ཤ་ཚས་ཞུས་པ་ལས་གཞན་ཅི་གང་ཡང་མེད།
མདོ་ཞེས་པ་འདི་སྐབས་མང་པོ་ཞིག་ལ་སྙིང་པོའམ་བསྡུས་དོན། ཡང་ན་གནད་བསྡུས་ལ་ཡང་གོ་བ་དཔེར་ན། ཚིག་བརྒྱད་བརྒྱ་བཤད་ཀི་མདོ་ཟེར་བ་བཞིན་ནོ།།
མདོ།
མདོ་རྒྱུད་དང་། མདོ་སྔགས་ཀྱི་ཚིག་གི་ཐོབ་ཐང་ཞིག་སྔ་ས་ནས་ཕུལ་ཚར་བ་དེར། རྒྱ་ནག་གི་བཅོས་སྒྲུང་ལ་དཔེ་ལྟ་མཁན་བོད་རིགས་གསར་སྐྱེས་རྩམ་པ་པོ་ཚོས་གཟབ་ནན་བྱས་ནས། རང་ལ་མེས་པོས་གནང་ཡོད་པའི་ནོར་བུའི་ནོར་འོད་ལ་གཅེས་སྲུང་ཅུང་ཡོད་ན། ཡག་བགྱིད་རེད། མ་གཏོགས་རང་མོས་སྙན་དངགས་སོགས་ཀྱིས་ང་རྒྱལ་འོག སྔར་བྱུང་བྱིན་ཆེན་རྣམས་ས་རྡོར་མ་འཕེན་རོགས་ཞེས་ཐལ་མོ་སྦྱར་ནས་ཞུའོ།།
སྔ་རབས་པའི་དཔེ་དག་ན། རྒྱ་ནག་པས་མདོ་རྩོམ། བོད་པས་རྒྱུད་རྩོམ། ཟེར་བ་འཕྱ་ལད་རྒྱག་བྱེད་ཅིག་ཀྱང་ཡིན།
ད་དུང་།
མདོ་སྔགས་རབ་འབྱམས་སྨྲ་བ་ཟེར་སྲོལ་ལྟར་ན།
མདོ་དང་། རྒྱུད།
མདོ་དང་། སྔགས་
མདོ་དང་། བསྟན་བཅོས།
མདོ་ཡི་ལུང་དང་། བསྟན་བཅོས་ཀྱི་ལུང་།
མདོ་ཡི་ཁུངས་དང་། བསྟནབཅོས་ཀྱི་ཁུངས།
་་་་་སོགས་ཤིནད་ཏུ་མང་ངོ་།།