སྨན་པ་གཡང་འབུམ་རྒྱལ་གྱིས་བསྒྱུར་སྒྲིག་བྱས།
ལུགས་རྙིང་ལོ་གསར་སྐབས་ཨེ་ཤེ་ཡ་གླིང་གི་རིགས་རྒྱུད་ཡིན་པའི་བཟའ་མི་རྣམས་མཉམ་འཛོམས་ཀྱིས་ལོ་གསར་རོལ་རྒྱུ་ཧ་ཅང་གལ་ཆེན་དུ་བརྩི་བ་ཡིན། འོན་ཀྱང་ཨ་རིར་གནས་སྡོད་ཨེ་ཤེ་ཡའི་མི་རིགས་རྣམས་ལས་ཀའི་རྐྱེན་པས་ལོ་གསར་ཆེད་དུ་ཕྱིར་རང་གི་རྒྱལ་ཁབ་ཏུ་ལོག་རྒྱུ་ཧ་ཅང་ཁག་པོ་ཡོད་པར་བརྟེན། རང་གི་ཕ་མ་གཉེན་ཉེ་རྣམས་ཚུར་ཨ་རི་ལ་འབོད་འགུག་གིས་གནམ་ལོ་གསར་པའི་དགའ་སྟོན་རྟེན་འབྲེལ་མཉམ་རོལ་བྱེད་དགོས་ཀྱི་ཡོད། ཡིན་ནའང་ཕ་མ་གཉེན་ཉེ་ཚོ་ཨ་རིར་སྡོད་རིང་ནད་མནར་རྨས་སྐྱོན་འབྱུང་སྲིད་པ་ཞིག་རེད་ལ། ནད་མནར་རྨས་སྐྱོན་རྐྱེན་གྱིས་ནད་སྟོན་སྨན་བཅོས་བྱེད་དགོས་ཚེ་སྨན་བཅོས་ལྟ་སྐྱོང་འགན་ལེན་ (Health Insurance) མེད་པས་འགྲོ་གྲོན་ཧ་ཅང་ཆེན་པོ་ཡིན་པ་བརྗོད་མ་དགོས།
གནས་ཚུལ་ཞིག་ལ། རྒྱ་ནག་གི་བུ་མོ་ཞིག་ལ་ཨ་རིའི་སི་ཊན་ཕོར་ཌི་སློབ་ཆེན་གྱི་སྨན་ཁང་དུ་སྙིང་ལ་གཤག་བཅོས་བྱས་ཏེ་ཉིན་ལྔ་རྗེས་སྨན་ཁང་ནས་བུད་དེ་ཕ་ཡུལ་རྒྱལ་ཁབ་ཏུ་ཕྱིར་ལོག་བྱས། ཕ་ཡུལ་ཏུ་ངལ་གསོ་དྲག་སྐྱེད་གང་ལེགས་ཡོང་བཞིན་པའི་སྐབས་ཨ་རིའི་སྨན་ཁང་དང་སྨན་པ་གཉིས་ཀྱི་གཤག་བཅོས་བྱས་གླའི་འགྲོ་གྲོན་རྩིས་ཁྲ་གཉིས་འབྱོར་ཡོད་པ་དང་། དེ་གཉིས་ཁྱོན་བསྡོམས་ཨ་སྒོར་ས་ཡ་གཅིག་དང་འབུམ་བདུན་ཆགས་ཡོད། སྤྱིར་ཨ་རིར་སྨན་བཅོས་ལྟ་སྐྱོང་འགན་ལེན་མེད་ཚེ་སྨན་བཅོས་འགྲོ་གྲོན་ཧ་ལས་པའི་ཆེན་པོ་ཡིན་པ་དང་། ཨ་སྒོར་ས་ཡ་གཅིག་དང་འབུམ་བདུན་གྱི་སྨན་བཅོས་འགྲོ་གྲོན་དངུལ་འབབ་དེ་མི་ཞིག་ཨམ་ཕྲག་ནས་སྤྲོད་དགོས་ཚེ་རང་གི་སྡོད་ཁྱིམ་ཁང་པ་ཡང་ཤོར་ཉེན་ཆེ་བ་ཟུར་བལྟས་ལེབ་མཐོང་ཡིན།
སྤྱིར་ཨ་རིའི་སྨན་བཅོས་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགྲོ་ལུགས་སྣ་མང་ཡོད་པ་མ་ཟད་ས་གནས་ས་ཁོངས་རེ་རེའི་སྨན་བཅོས་སྲིད་ཇུས་ཡང་མ་འདྲ་བ་ཡོད། ཨ་རིར་གཉེན་འཕྲད་ལྟ་སྐོར་བྱེད་མཁན་ཕྱི་མི་ཚོས་སྨན་བཅོས་ལྟ་སྐྱོང་འགན་ལེན་ཉོ་ཆོག་གི་ཡོད་དམ་ཟེར་ན། སྒེར་གཉེར་སྨན་བཅོས་ལྟ་སྐྱོང་ལས་ཁང་ཁག་གཅིག་ཏུ་ལྟ་སྐོར་བྱེད་མི་སྨན་བཅོས་ལྟ་སྐྱོང་འགན་ལེན་(Visitor Health Insurance) ཉོ་ལེན་བྱ་རྒྱུ་ཡོད་ནའང་། ཡུལ་མི་ཁོ་ནས་ཞུ་ལེན་བྱེད་ཆོག་པའི་ཨ་རི་སྲིད་གཞུང་གི་གཞུང་གཉེར་སྨན་བཅོས་ལྟ་སྐྱོང་འགན་ལེན་ཉོ་ཆོག་པ་ལྟ་ཅི་ཚོང་དོན་སྨན་བཅོས་ལྟ་སྐྱོང་ལས་ཁང་གི་དེ་ཡང་ཉོ་ལེན་བྱེད་མི་ཆོག ཡིན་ནའང་ལྟ་སྐོར་བྱེད་མི་སྨན་བཅོས་ལྟ་སྐྱོང་འགན་ལེན་ཉོ་དགོས་ཆགས་ཚེ་དེར་ནད་གཞི་བྱེ་བྲག་གང་དང་གང་ཞིག་ལ་འགྲོ་གྲོན་གཏོང་གི་ཡོད་མེད་དང་། སྔར་ཡོད་ནད་གཞི་(Pre-existing conditions) རིགས་ཁྲག་ཤེད་དང་ཟ་ཁུ་གཅིན་སྙི་ལྟ་བུའི་ནད་གཞི་སོགས་ལ་རིན་འབབ་ནར་གཏོང་བྱེད་དང་མི་བྱེད་ཞིབ་གསལ་ཤེས་རྟོགས་བྱ་རྒྱུ་གལ་ཆེ།
སྨན་བཅོས་ལྟ་སྐྱོང་འགན་ལེན་མེད་མཁན་ཞིག་ཡིན་ཚེ། ཨ་རིར་རིན་གོང་དམའ་བའི་ནད་སྟོན་སྨན་བཅོས་བྱེད་ཐབས་འགའ་ཞིག་ཡོད་པ་གཤམ་གསལ་ལྟར།
༡། སྤྱི་དམངས་འཕྲོད་བསྟེན་སྨན་ཁང་ངམ་རིན་མེད་བསྟེན་གཏུག་སྨན་ཁང་ (Community Health Care /Community Clinic or Free Clinic)དུ་འགྲོ་ཆོག སྨན་ཁང་འདི་དག་ལ་སྲིད་གཞུང་གིས་རོགས་དངུལ་ཕྱེད་དམ་ཁྱོན་ཡོངས་སྤྲོད་ཀྱི་ཡོད་པས་སྨན་བཅོས་ལྟ་སྐྱོང་འགན་ལེན་མེད་པ་དང་དཔལ་འབྱོར་ཡོང་འབབ་དམའ་བའི་ཁྱིམ་ཚང་དང་མི་སྒེར་ལ་འདྲ་མཉམ་གྱིས་གཟིགས་རྟོགས་གནང་སྦྱིན་བྱེད་པ་བརྒྱུད་ནས་སྨན་བཅོས་སྲི་ཞུ་བསྒྲུབ་ཀྱི་ཡོད། སྨན་ཁང་འདི་དག་གི་སྨན་པ་ཚོར་ལྟ་སྐོར་བྱེད་མི་རང་ཉིད་ཀྱི་ཕྱི་སྐྱོད་ལག་འཁྱེར་སྟོན་དགོས་པ་དང་སྨན་བཅོས་ལྟ་སྐྱོང་འགན་ལེན་མེད་ལུགས་བརྗོད་ཚེ། སྨན་པས་གསོལ་སྨན་འབྲི་སྐབས་རིན་གོང་ཆག་ཡང་གི་ལས་རིམ་ནང་འཛུལ་ཞུགས་བྱེད་ཐབས་རོགས་རམ་དང་། བརྟག་དཔྱད་ཆེན་པོ་བྱེད་དགོས་ཚེ་རོགས་དངུལ་སྐྱོབ་གསོ་ཡོད་པའི་སྨན་ཁང་ཆེན་པོ་ངོ་སྤྲོད་བྱེད་སྲོལ་ཡོད།
༢། བརྟག་དཔྱད་རིན་གོང་ལ་བལྟ་བསྡུར་བྱེད་པ།
གློག་པར་ X-Ray དང་། CT ། Ultrasound ། MRI ལྟ་བུའི་བརྟག་ཐབས་རྣམས་ཨ་རིར་སྨན་ཁང་ཁོ་ན་མ་ཡིན་པརལས་ཁུངས་གཞན་མང་པོ་ཞིག་ཏུའང་བྱ་རྒྱུ་ཡོད། དེར་བརྟེན་བརྟག་དཔྱད་ཞབས་ཞུའི་རིན་འབབ་ལ་བལྟ་བསྡུར་བྱེད་སའི་དྲ་ཚིགས་ SaveOnMedical.com སྟེང་ནས་གློག་པར་དང་ཁྲག་གཅིན་སོགས་བརྟག་དཔྱད་རིན་གོང་ས་ཆ་གང་དུ་ཆེན་པོ་དང་ཆུང་བ་ཡོད་མེད་བལྟས་བརྗེས། སྨན་པའི་ངོ་སྤྲོད་ཡི་གེ་འཁྱེར་ནས་རིན་གོང་ཆུང་ཞིང་ཐག་ཉེ་བའི་བརྟག་དཔྱད་ཁང་ཞིག་ཏུ་སོང་ནས་བརྟག་དཔྱད་བྱེད་ཆོག
༣། སྲོག་ལ་ཉེན་ཁ་མེད་པའི་ཛ་དྲག་གི་ནད་གཞི་རིགས་ཛ་དྲག་ལྟ་རྟོག་ཚན་ཁག་ Urgent care ལ་འགྲོ་ཆོག ཨ་རིའི་ཛ་དྲག་ནད་བརྟག་སྨན་བཅོས་ཀྱི་འགྲོ་གྲོན་ཧ་ཅང་ཆེན་པོ་ཡིན་པ་བརྗོད་མ་དགོས་ཞིག་རེད། ཡིན་ནའང་འབྲེལ་ཡོད་ཨ་རིའི་ཁྲིམས་སྒྲིག་ནང་དུ་ཛ་དྲག་ནད་བརྟག་སྨན་བཅོས་བྱེད་བཞིན་པའི་སྐབས་ནད་པར་སྨན་བཅོས་འགྲོ་གྲོན་གྲངས་ཀ་བཤད་ཆོག་གི་མེད། གང་ཡིན་ཟེར་ན་ནད་པས་སྨན་བཅོས་འགྲོ་གྲོན་ཤེས་ཚེ་སེམས་ཁྲལ་གྱིས་ཚེ་སྲོག་ལ་གནོད་སྐྱོན་ཆེན་པོ་ཡོད། སྤྱིར་ཛ་དྲག་ལྟ་རྟོག་ཚན་ཁག་ Urgent care ལས་ Emergency Room མྱུར་སྐྱོབ་དཔྱད་བཅོས་ཚན་ཁག་གི་རིན་གོང་ཅུང་ཆེ་བ་ཡོད།
༤། Emergency Room མྱུར་སྐྱོབ་དཔྱད་བཅོས་ཚན་ཁག་ཏུ་མི་འགྲོ་ཐབས་མེད་ཡིན་ཚེ་ལྟ་སྐོར་བྱེད་མི་ནད་པ་རང་ཉིད་ལ་མཚན་རྟགས་འགོད་དུ་འཇུག་དགོས།
ནད་བརྟག་སྨན་བཅོས་བྱས་ཚར་རྗེས་འགྲོ་གྲོན་རྩིས་ཁྲ་འབྱོར་སྐབས་གཅོག་འཕྲི་ཆག་ཡང་དང་གནང་སྦྱིན་སྐོར་ནང་མོལ་གྲོས་བསྡུར་བྱེད་ཆོག གང་ཡིན་ཟེར་ན་མྱུར་སྐྱོབ་དཔྱད་བཅོས་ཚན་ཁག་ཏུ་མི་འགྲོ་ཐབས་མེད་ཡིན་པ་དང་མིང་རྟགས་འགོད་མཁན་ནི་ནད་པ་རང་ཉིད་ཡིན་པས་སྨན་བཅོས་ལྟ་སྐྱོང་འགན་ལེན་མེད་པ་དང་ཡོང་འབབ་ཡང་མེད་པས། སྨན་ཁང་དང་བུ་ལོན་བསྡུ་ལེན་ལས་ཁང་གཉིས་ཀྱི་མཉམ་དུ་འགྲོ་གྲོན་ཐད་རྩོད་གླེང་གྲོས་མོལ་བྱེད་ཆོག རིན་གོང་གཅོག་འཕྲི་གྲོས་མོལ་རྩོད་གླེང་བྱ་རྒྱུ་ཡོད་པ་འདི་ཡང་ཨ་རིའི་སྨན་ཁང་གི་ཁྱད་ཆོས་ཤིག་ཡིན། གཞན་ཡང་བྱམས་བརྩེའི་རོགས་སྐྱོར་ཚོགས་པ་ཁག་ལ་འབྲེལ་གཏུགས་ཀྱིས་རོགས་དངུལ་ཞུ་ལེན་བྱ་རྒྱུ་ཡང་ཡོད།
༥། སྨན་ཚོང་ཁང་ནས་ Generic ཅན་གྱི་སྨན་རིགས་ཉོ་རྒྱུ། Generic ཅན་གྱི་སྨན་རིགས་ནི་བཟོ་ཚོང་བདག་དབང་གི་དུས་ཚོད་རྫོགས་རྗེས་བཟོ་ཚོང་ཁང་གཞན་གྱིས་གཅིག་མཚུངས་སྦྱོར་སྡེབ་གཞིར་བཞག་གིས་བཟོ་སྐྲུན་བྱས་ཤིང་ཨ་རི་ཟས་སྨན་འཛིན་སྐྱོངལྷན་ཁང་(FDA)གིས་ཆོག་མཆན་སྤྲད་པའི་ཕན་ནུས་གཅིག་མཚུངས་ཡོད་པའི་སྨན་ལ་གོ་དགོས་པ་ཡིན། སྨན་རིགས་འདི་དག་ལ་བསྐྱར་དུ་ཞིབ་འཇུག་དང་སྲོག་ཆགས་ཉམས་ཞིབ་བཅས་ཀྱི་ཐོག་མའི་འགྲོ་གྲོན་ཕོན་ཆེན་ནར་གཏོང་བྱེད་མི་དགོས་པས། ཐོག་མའི་བཟོ་ཚོང་བདག་དབང་ཡོད་པའི་བཟོ་ཚོང་ཁང་གིས་བཟོས་པའི་ brand name སྨན་རིགས་ལས་རིན་གོང་ལྡབ་འགྱུར་གྱིས་ཆུང་བ་ཡོད།
༦། གསོལ་སྨན་རིན་གོང་བལྟ་བསྡུར་དྲ་ཚིགས་ https://www.goodrx.com སྨན་རིགས་གཅིག་མཚུངས་ཡིན་ནའང་སྨན་ཚོང་ཁང་མི་འདྲ་བར་རིན་གོང་ཡང་མི་འདྲ་བ་ཡོད། དེ་བས་དྲ་ཚིགས་ https://www.goodrx.com འདི་བརྒྱུད་ནས་སྨན་ཚོང་ཁང་གང་དུ་རང་ལ་དགོས་པའི་གསོལ་སྨན་རིན་གོང་དམའ་བོ་ཡོད་མེད་ཤེས་རྟོགས་བྱེད་ཐུབ།
༧། ཝོལ་སྨར་ Walmart ཚོང་ཁང་གི་ Generic སྨན་རིགས་ཉོ་ཚོང་འཆར་གཞི་ལ་རིན་གོང་ཆག་ཡང་ལས་རིམ་ཡོད་པས་སྨན་བཅོས་ལྟ་སྐྱོང་འགན་ལེན་ཡོད་མེད་ཇི་ལྟར་ཡང་རིན་གོང་ཆག་ཡང་ལས་རིམ་ནང་དུ་Generic སྨན་རིགས་གང་ཞིག་ཐོ་འགོད་བྱས་ཡོད་ཚེ་ཟླ་གཅིག་འཐུང་སྨན་ལ་སྒོར་ ༤ དང་ཟླ་གསུམ་འཐུང་སྨན་ལ་སྒོར་ ༡༠ ལས་སྤྲོད་མི་དགོས། དཔེར་ན་མི་ཚེ་གང་བོར་འཐུང་དགོས་པའི་ཟ་ཁུ་གཅིན་སྙིའི་སྨན་དང་སེམས་ནད་གསོལ་སྨན་ལྟ་བུའི་སྨན་རིགས་རེ་ཟུང་ཡང་རིན་གོང་ཆག་ཡང་ཐོ་གཞུང་ནང་དུ་བཀོད་ཡོད། དེར་བརྟེན་ཁྱེད་ལ་དགོས་པའི་སྨན་རིགས་དེ་དག་ཝོལ་སྨར་ཚོང་ཁང་ Generic སྨན་རིགས་ཉོ་ཚོང་འཆར་གཞི་ Walmart Generic Drug Plan ཡི་ལས་རིམ་རེ་འདུན་ཆ་རྐྱེན་དང་མཚུངས་མཐུན་ཡོད་ཚེ། སྨན་རིགས་དེ་དག་ཝོལ་སྨར་ Walmart ཚོང་ཁང་ལ་གནས་སྤོར་གྱིས་བླུ་ཉོ་བྱས་ན་འགྲོ་གྲོན་བསྲི་ཚགས་བྱེད་ཐུབ།
གནས་ཚུལ་ཞིབ་ཕྲ་དྲ་ཐག་ http://m.posts.careerengine.us/p/5a5961df80638212c2febaf4?from=timeline&isappinstalled=0ནས་གཟིགས་རོགས།
གསལ་བཤད་ཡག་པོ་བྱས་འདུག
རྗེས་སུ་ཡི་རང་ཞུ།
ལེགས་པར་བསྒྱུར་བསྒྲིགས་ལ་གཟེངས་བསྟོད
་
རྐྱེན་པས་ཞེས་པར་རྐྱེན་གྱིས་ཞེས་པ་འབའ་ཞིག་སྤྱོད་ན། ཡ་རབས་ལུགས་སུ་མཐོང་ངོ་།