རྔ་བ་རྒྱལ་ཁམས་པ། ཨ་རི།
༼འདིར་རྔ་བ་རྒྱལ་ཁམས་པས་བསྐུར་གནང་བའི་རྩོམ་རིང་བཀོད་པ་ཡིན་ལ། ཡིག་གཟུགས་བརྗེ་བསྒྱུར་གྱི་སྐབས་སུ་ མིང་གཞི་ པ་དང་བ་ཅན་གྱི་འདོགས་ཅན་དང་མགོ་ཅན་རིགས་ གློག་ཀླད་ཀྱི་འགྱུར་རིམ་ནང་། ཐལ་ཆ་ཤོར་རིགས་ཡོད་སྲིད་པས། དེ་དོན་དགོངས་འཇགས་ཡོང་བ་ཞུ། དགེ་རབ་ཀྱིས་༽
ཨ་རེ་སི་ཁྲོ་ཁྲལ་དང་ཚན་རིག་གི་བསམ་བློ།
ཆེད་བརྗོད།
མཚན་ཉིད་རིག་པའི་གཞུང་ལུགས་མེད་ན། ཚན་རིག་གི་གྲུབ་དོན་འབྱུང་མི་སྲིད་ལ། ཚན་རིག་གི་གྲུབ་དོན་མེད་ན། ཡར་ཐོན་གྱི་རྣམ་པ་ཞེས་པ་ནི་དེ་ལས་ཀྱང་ཡོང་མ་ཤེས་པ་ཞིག་ཡིན། རིག་གསར་དང་རིག་རྙིང་གང་ཞིག་ཡིན་རུང་དང་བོའི་སྲོལ་རྒྱུན་གྱི་རིག་པའི་རྐུད་པ་ཕྲ་མོ་ཞིག་ལ། སྤྱི་ཚོགས་གསར་རྙིང་དང་དུས་རབས་གསར་རྙིང་མང་བོ་ཞིག་གི་ཚེ་སྲོག་བརྒྱུད། རྙིགས་འདོར་བཅུད་ལེན་གྱིས་ད་གཟོད་ཡར་བསྐྱེད་ཀྱི་ངོ་བོར་སོང་བ་ཞིག་ལས། ཐོག་མ་ཉིད་ནས་འབད་མེད་ལྷུན་གྲུབ་ཀྱི་ངོ་བོར་གནས་པའི་རིག་གཞུང་ཞིག་ག་ལ་ཡོད། གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་ལས་རླབས་ཆེན་གྱི་སངས་རྒྱས་ཆོས་ལུགས་དང༌། ཡ་ཧི་ད་བའི་གནའ་རིག་ལས་ཡུ་ཤི་དང༌། ཁ་ཆེ་སོགས་ཀྱི་ལྟ་གྲུབ་རིགས་བྱུང་བ་ཡིན། དེ་བཞིན་རིག་གསར་ཐད་ལའང༌། གནའ་བོའི་འཇིག་རྟེན་ལྟ་ཚུལ་གསར་རྙིང་ལས། དགའ་ལི་ལེའོའི་འཇིག་རྟེན་ལྟ་ཚུལ་དང༌། དེ་ལས་ནོས་ཁྲོན་གྱི་འཐེན་ཤུགས། དེ་ལས་ཨ་ཡེན་སི་གྲན་གྱི་ལྟོས་བཏགས་རིག་པ་སོགས་བྱུང་བ་ཡིན། དེང་སང་མི་མང་བོ་ཞིག་གིས་རིག་པའི་གཞུང་ལུགས་ཀྱི་སྐྱེ་འཕེལ་དང༌། རིམ་འབྱུང་རང་བཞིན་ལ་ཐུགས་མཉམ་མ་བཞག་པའམ། བཞག་རུང་དོན་གནད་བློས་མ་འཆུན་པ་ལྟ་བུས། རིག་གསར་ཡན་གར་བ་ཞིག་ཡོད་པར་འདོད་པ་ནི། རིག་པ་གསར་རྙིང་བར་གྱི་རྟེན་འབྲེལ་མ་རྟོགས་པས་ལན་པ་ཡིན། ལར་ནས་སྤྱི་ལོ་སྔོན་གྱི་དུས་རབས་བཞི་བ་ཡས་མས་ཤིག་གི་ནང་ཕེབས་པའི་གནའ་བོའི་དགུ་རིག་གི་མཚན་ཉིད་པ་ཆེན་པོ། ༼ཚན་རིག་གི་མེས་པོར༽གྲགས་པ། ཨ་རེ་སི་ཁྲོ་ཁྲལ་མཆོག་གིས་སྲོལ་རྒྱུན་གོ་ཁྲབ་ལ་རང་གི་ལྟ་བའི་ཕིབ་ཐོགས་ཏེ། ཕྱི་དོན་འཇིག་རྟེན་གྱི་ཆོས་ཉིད་སྙེག་པའི་གཡུལ་སར་ཞུགས་ནས། ཚན་རིག་གི་མཚན་ཉིད་རིག་པའི་རྒྱལ་ཁམས་ལ་དབང་བསྒྱུར་སྟབས། ཚན་རིག་གམ་རིག་གསར་ཞེས་པ་ཁོང་གི་ལྟ་ཚུལ་གྱི་རྒྱུན་ལས་བྱུང་བ་ཞིག་ཡིན་ཞེས་ཀྱང་བཤད་ཆོག་གོ།
ལེའུ་དང་བོ།
ཨ་རེ་སི་ཁྲོ་ཁྲལ་མཆོག་གི་སྐལ་བ།
ཨ་རེ་སི་ཁྲོ་ཁྲལ་གྱི་ལོ་རྒྱུས་དངོས་མ་གླེང་བའི་སྔ་རོལ་དུ། ཁོང་སྐུ་འཚོ་དུས་ཀྱི་དགུ་རིག་གི་འཛམ་གླིང་དང༌། དེའི་ཤེས་རིག་གི་སྐྱེ་འཕེལ་སྐོར་རོབ་ཙམ་ཞིག་གླེང་བ་ཡིན་ན། སྤྱིར་ད་ལྟའི་དགུ་རིག་གི་གནའ་བོའི་ཤེས་རིག་ཕལ་མོ་ཆེ་ཞིག དགུ་རིག་པ་རང་ཉིད་ཀྱི་སོར་བྲིས་དང༌། དཔེ་རྙིང་ཁ་ཤས་ཤིག་ཤུལ་ལྷག་བྱུང་བ་པར་ལོག་ཡང་ལོག་དང༌། རྩོམ་བསྒྱུར་བཅས་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། དེ་དག་ཀྱང་མཁས་པ་སྔ་མ་སྔ་མས་ལྟ་ཚུལ་དང༌། གཞུང་ལུགས་བསྡུས་དྲགས་པས་བརྗོད་བྱ་ཁ་མི་གསལ་བའམ། ཡང་ན། དགག་དགོས་གང་ཡིན་ཆ་མ་འཚལ་བའི་རིགས་ལ། མཁས་པ་ཕྱི་མ་དག་གིས་འགྲེལ་བརྗོད་དང་དགོངས་སྐོར་བླངས་ཏེ་ཁ་ཇེ་གསལ་དང༌། གོ་ཇེ་བདེར་བཏང་ནས་དར་རྒྱས་བྱུང་བ་ཞིག་ཡིན་སྟབས། ང་ཚོ་དང་ཆེས་བསྐལ་བའི་རྒྱང་རིང་གི་གནས་ཚུལ་དེ་དག་མཐའ་གཅིག་ཏུ་འདི་ཡིན་ཞེས་ཁ་ཚོན་གཅོད་དཀའ་བར་གྱུར་པ་རེད། འོན་ཏེ། མཁས་པ་དེ་དག་གི་རིག་གཞུང་དང་གསུང་སྒྲོས། མཛད་སྤྱོད་སོགས་ལ་བརྟེན་ནས་ང་ཚོས་ཤེས་བར་བྱ་བའི་ཆོས་དང༌། བདེན་དོན་གྱི་གནས་ལུགས་སློབ་སྦྱོང་རྩད་འཚོལ་བྱེད་པར་བླ་ན་མེད་པའི་ཕན་ཐོགས་བྱུང་དང་འབྱུང་བཞིན་ཡོད། དེར་བརྟེན། མི་རབས་སྔ་མའི་བཀའ་དྲིན་དེ་བཞིན་མི་རབས་ཕྱི་མ་ཚོར་གསེར་གྱི་རི་བོ་ལྟར་ཁུར་དུ་ལྕི་བ་ཞིག་ཡིན། སྐུ་ཞབས་ཨ་རེ་སི་ཁྲོ་ཁྲལ་མཆོག་དགུ་རིག་ཏུ་ཕེབས་སྐབས། དགུ་རིག་རྒྱལ་ཁམས་སུ་མཚན་ཉིད་རིག་པའི་སྲོལ་རྒྱུན་དར་ནས་ལོ་བར་མང་བོ་ཞིག་འདས་ཟིན་མོད། བདག་ཉིད་ཆེན་པོ་ས་ཁུར་ཁྲེ་སི་སྐུ་གཤེགས་ནས་ཡུན་རིང་མ་ལོན་པ། དེ་ཉིད་ཀྱི་དངོས་སློབ་མཁས་ཆེན་ཕུ་ལ་ཁྲོས་སྐུ་འཚོ་བཞུགས་ཀྱི་སྐབས་དང་འཁེལ་ཞིང༌། ཁོང་གིས་སྲོལ་རྒྱུན་རིག་པ་སྤྱི་དང༌། ཁྱད་པར་མཁས་ཆེན་ཕུ་ལེ་ཁྲོས་སློབ་དཔོན་དུ་བསྟེན་ནས། ཤེས་བྱའི་གནས་ལ་ཐུགས་སྦྱོང་གནད་དུ་སྨིན་པ་གནང་ཡོད། ལར་ནས་དགུ་རིག་གི་ལུང་བ་དེ་སྤྱི་ལོ་མ་ཚུགས་ཡར་སྔོན་གྱི་ལོ་གཅིག་སྟོང་བཞི་བརྒྱ་ཡས་མས་ཤིག་ནས། མཚོ་འགྲུལ་ཚོང་འབྲེལ་དང༌། གྲོང་ཁྱེར་བཞེངས་སྐྲུན། མཛེས་བརྗིད་ཅན་གྱི་ཁང་ཆེན་བཟོ་ལས། ཟློས་གར་གྱི་སྒྱུ་རྩལ། ཁྲིམས་ལུགས། ཆབ་སྲིད། སྲིད་གཞུང་སོགས་རྩ་འཛུགས་ཡར་ཐོན་གྱི་མགོ་ཚུགས་ཤིང༌། སྐབས་དེ་ཙམ་ནས་དགུ་རིག་པ་ཉུང་ཤས་ཤིག་ལ་རང་དབང་གི་སྒོ་ནས་གཏམ་བཤད་དང༌། སྲིད་གཞུང་གི་ལས་བྱེད་འཐུས་མིར་འོས་ཤོག་འཕེན་པ་སོགས་ཀྱི་ཐོབ་ཐང་སྤྱོད་ཆོག་པའི་སྲོལ་ཀ་དར་འདུག་མོད། མི་སེར་མང་ཆེ་ཤོས་ཞིང་ལས་དང་བྲན་གཡོག་གི་ངོ་བོར་འཚོ་བ། འགྲོ་བ་མིའི་ཐོབ་ཐང་ཉུང་ངུ་ཞིག་མ་གཏོགས་ལོངས་སུ་སྤྱོད་མ་ཐུབ་མཁན་ཞེ་གཅིག་རེད། དགུ་རིག་གི་ཆོས་ལུགས་དང༌། དམངས་སྲོལ་ལ་བརྟེན་ནས་ལྷ་ལྷ་མོ་དང༌། གདོན་བགེགས་འབྱུང་བོ་སོགས་མང་བོ་ཞིག་གི་རྣམ་བཞག་བྱུང་ཞིང༌། དེ་དག་ཐམས་ཅད་ཀྱི་གཙོ་བོ་ནི་ཟེ་བོ་སི་ཞེས་པའི་ལྷའམ་དཀོན་ཅོག་ལྷ་མི་གཉིས་ཀར་དབང་བསྒྱུར་མཁན་ཞིག་ཡིན་པར་འདོད་ལ། དེ་ཉིད་དགུ་རིག་གི་ཆེས་མཐོའི་རི་བོ་ཨོ་ལིམ་བྷ་སིའི་སྟེང་གནས་ཡོད་པ་དང༌། གློག་འཁྱུགས་པ་དང་ཐོག་འཕེན་པ་སོགས་ནི་ལྷ་དེ་ཐུགས་ཁྲོས་བའི་རྟགས་ཡིན་པ་སོགས། མདོར་ན། བརྟན་གཡོའི་ཆོས་ཐམས་ཅད་དེ་ཉིད་ཀྱི་ཆོ་འཕྲུལ་དུ་སྨྲའོ།།
གནའ་བོའི་དགུ་རིག་གི་མཚན་ཉིད་རིག་པ།
གནའ་སྔ་མོའི་དགུ་རིག་པ་དག་ས་ཆ་མང་བོར་འགྲུལ་སྐོར་བྱེད་པར་ཧ་ཅིང་དགའ་བོ་ཡོད་ཅིང༌། ཆོས་ལུགས་དང༌། ཡུལ་གོམས་གཤིས་ལུགས་མ་མཚུངས་པ་དག་དང༌། ཕན་ཚུན་འགྲན་བསྡུར་བགྲོ་གླེང་བྱེད་པར་དགའ་མོས་དེ་བས་ཀྱང་ཆེ། དེ་ལ་བརྟེན་ནས་མི་ཁ་ཤས་ཤིག་གིས་རང་ཉིད་ཀྱི་ཡིད་ཆེས་དང་དད་པ། ཚོད་དཔགས་བཅས་ཀྱི་ཐད་དྲི་སྐོར་རྩད་ཞིབ་ཀྱི་མགོ་བཙུགས་པ་ལས། མཚན་ཉིད་རིག་པའི་ཐོག་སློབ་སྦྱོང་གི་དབུ་ཚུགས། རང་རེ་བོད་ལུགས་ལྟར་ན། མཚན་ཉིད་རིག་པ་ཞེས་པ་ནི། འཇིག་རྟེན་གྱི་མཚན་མ་དང་དེའི་ཆོས་ཉིད་རྟོགས་པའི་རིག་པ་ཞིག་ལ་“མཚན་ཉིད་རིག་པ” ཞེས་བྱ་ལ། དབྱིན་ཇིའི་ཡིག་ཐོག་ན་ཡོད་པའི་“philosophy’ཞེས་པ་གནའ་བོའི་དགུ་རིག་གི་བརྡ་རྙིང “philosophos” ཞེས་པ་ལས་ཆད་ཅིང༌། དེའི་ནང་དོན་ནི་དགུ་རིག་ལྟར་ན་༼ཤེས་རབ་ལ་དགའ་བ༽ཞེས་པའི་དོན་ཡིན། གང་ལྟར་དེང་སང་ཡོངས་གྲགས “philosophy” ཞེས་པ༼མཚན་ཉིད་རིག་པ༽ཞེས་པའི་དོན་དུ་ངོས་འཛིན་བེད་སྤྱོད་བྱེད་བཞིན་པ་ཡིན། དེ་ལ་ཕྱོགས་འདིའི་མཚན་ཉིད་རིག་པ་ཞེས་པ་ནི། བརྗོད་བྱ་སྣ་མང་འདུས་པའི་རིག་གཞུང་ཞིག་ལ་ངོས་འཛིན་བྱེད་ཆོག་ཅིང༌། དེ་ཉིད་ཀྱིས་ང་ཚོས་ཤེས་བྱ་གང་ཞིག་ཇིལྟར་བྱས་ནས་རྟོགས་པ་དང༌། ང་ཚོའི་བསམ་བློ་དང༌། ཡིད་ཆེས། ཤེས་ཡོན་སོགས་ཀྱི་བྱུང་ཁུངས་གང་ཞིག་ཡིན་མིན། བཟང་ངན་དང༌། བདེན་རྫུན་ཞེས་རང་ཅག་གིས་ངོས་འཛིན་ཐག་གཅོད་བྱེན་བཞིན་པ་དེ་དག དོན་དངོས་ཐོག་དེ་ལྟ་བུ་ཞིག་ཡིན་པ་ཇི་ལྟར་བྱས་ནས་ཤེས་ཐུབ་ཀྱི་ཡོད་མེད། ཤེས་ཡོན་དང༌། དངོས་གནས། བདེན་པ་ཞེས་པའི་ཚིག་འདི་དག་དངོས་གནས་ཇི་ཞིག་ཐོག་གོ་བ་ལེན་དགོས་མིན་སོགས་ཀྱི་སྐོར་ལ། བསམ་གྲོས་སྣ་ཚོགས་ཤིག་འདོན་པར་བྱེན་པ་སྟེ། འདི་སྐོར་རྒྱས་པ་ཞིག་སྐབས་གཞན་དུ་བཤད་ཡོད་པས་དེར་གཟིགས་རོགས་ཞུ་རྒྱུ་ཡིན། མཚན་ཉིད་རིག་པ་དེ་བཞིན་གནའ་བོའི་དགུ་རིག་རྒྱལ་ཁམས་སུ། སྤྱི་ལོ་མ་ཚུགས་ཡར་སྔོན་གྱི་ལོ༦༠༠ཡས་མས་ཀྱི་སྐབས་ཤིག་ནས་མགོ་ཚུགས་ཤིང༌། མཚན་ཉིད་པ་ཐོག་མ་དག་གིས་རང་ཉིད་ཀྱི་ཁོར་ཡུག་ན་ཡོད་པའི་སྤྱིར་བཏང་གི་ཤེས་བྱའི་ཐོག བརྟག་དཔྱད་དྲི་རྩད་ཀྱི་མགོ་བརྩམས་ཏེ་རྒྱུ་མཚན་ནམ་གཏན་ཚིགས་རིག་པས་ཐབས་ཤེས་ལ་བརྟེན་ནས་འཇིག་རྟེན་འགྲེལ་བརྗོད་བྱས་ཤིང༌། དེ་ལས་མཚན་ཉིད་པ་ཆེན་པོ་ཕུ་ལ་ཁྲོས་དང་དེའི་དངོས་སློབ་ཨ་རེ་སི་ཁྲོ་ཁྲལ་ལྟ་བུའི་མཁས་ཆེན་དག་བྱུང་བ་རེད།
ལེའུ་གཉིས་པོ།
ལོ་ན་ཆུང་ངུའི་དུས་ཀྱི་ཨ་རེ་སི་ཁྲོ་ཁྲལ།
སྤྱི་ལོ་སྔོན་གྱི་ལོ་སུམ་བརྒྱ་བརྒྱད་ཅུ་གྱ་བཞིའི་ལོར། དགུ་རིག་གི་ཐེ་ར་སི་ཞེས་པའི་ས་ཁུལ་ནང་ཡབ་ནེ་ཁོ་མ་ཁ་སི་ཞེས་པར་སྲས་མངོན་མཚན་ཅན་ཞིག་འཁྲུངས་ཤིང༌། དེ་ནི་ཨ་རེ་སི་ཁྲོ་ཁྲལ་ཞེས་ནུབ་ཕྱོགས་ཀྱི་ལོ་རྒྱུས་ཐོག་ཚན་རིག་གི་མེས་པོར་གྲགས་པ་དེ་རེད། སྐུ་ཞབས་ནེ་ཁོ་མ་ཁ་སི་མཆོག་ནི། སྐབས་དེའི་དགུ་རིག་བྱང་རྒྱུད་ཀྱི་ས་ཆ་མ་སེ་སྒྲོ་ནེ་ཡ་ཞེས་པའི་རྒྱལ་བོ་ཨ་མེན་སྒྲ་སི་ཞེས་པའི་དམིགས་བསལ་སྐུ་སྨན་ཡིན་ཞིང༌། ཁོང་གི་ཁྱིམ་རྒྱུད་དེར་ལྷ་རྗེ་དང་ལག་ཐབས་པ་མང་བོ་ཞིག་བྱུང་འདུག་ལ། ལྷག་པར་སྙན་གྲགས་ཅན་གྱི་སྨན་པ་ཧེ་ཕོ་ཁུ་རེ་གྲེ་སི་ཞེས་འབོད་པའང༌། ཁོང་དང་རུས་རྒྱུད་གཅིག་པའི་ཡབ་མེས་གོང་མ་ཞིག་གི་རྒྱུད་དུ་འཁྲུངས་བ་ཞིག་ཡིན་པར་གྲགས། ཨ་རེ་སི་ཁྲོ་ཁྲལ་མཆོག་རྒྱལ་བོ་ཨ་མེན་གྲ་སིའི་ཕོ་བྲང་གི་ནང་དུ་ནར་སོན་པ་ཞིག་དང༌། ཁྱད་པར་རྒྱལ་སྲས་སྤེ་ལིབ་དང་མཉམ་པོར་གྲོགས་འབྲེལ་ཧ་ཅིང་བཟང་བོ་ཞིག་ཡོད་པར་སྣང་ལ། རྒྱལ་བོ་སྐུ་གཤེགས་རྗེས་སྲས་ཀྱིས་རྒྱལ་སྲིད་བསྐྱངས་ཏེ། མ་སེ་སྒྲོ་ནེ་ཡའི་རྒྱལ་ཐོག་གཉིས་པར་ཆགས་པ་ཡིན། ཨ་རེ་སི་ཁྲོ་ཁྲལ་དགུང་ལོ་ཆུང་ངུའི་སྐབས་རང་གི་ཡབ་ཀྱིས་སྲོག་ཆགས་ཀྱི་ཤ་རུས་དང༌། རྩི་ཤིང་སྔོ་སྨན་སྣ་ཚོགས་སྡེབ་སྦྱོར་གནང་སྟེ་ནད་པ་དག་ལ་སྨན་བཅོས་གནང་གི་ཡོད་པར་ཡང་ཡང་གཟིགས་ཡོད་ཚོད་ལ། རྐྱེན་དེས་ཁོང་རང་བཞིན་ཉིད་ཀྱིས་ཚེ་སྲོག་རིག་པ་དང༌། ལུས་ཀྱི་ཆགས་ཚུལ་རིག་པ་སོགས་སྲོག་ལྡན་གྱི་རིག་པའི་ཕྱོགས་ལ་སྦྱོང་བརྡར་བརྟག་དཔྱད་ཀྱི་ཐུགས་འདུན་འཁྲུངས་པ་ཞིག་ཡིན་ཤས་ཆེ། གོང་དུ་བརྗོད་པའི་ཁོང་གི་མེས་པོ་ལྷ་རྗེ་ཧེ་ཕོ་ཁུ་ར་གྲིའི་ཁུ་དང༌། དེའི་ཕྱག་རོགས་དག་གིས་ཚན་རིག་དང་མཐུན་པའི་ནད་བརྟག་སྨན་བཅོས་ཀྱི་སྲོལ་ཀ་གསར་གཏོད་མ་བྱས་སྔ་རོལ་དུ། རྣམ་རྟོག་དང༌། ཆོས་ལུགས་ཀྱི་ཆོ་ག་ལྟ་བུའི་ལམ་ནས་སྨན་བཅོས་གཏོང་བ་ལས། ནད་པ་ཚོར་བརྟག་དཔྱད་བྱེད་མཁན་གྱི་སྨན་པ་ནི་ཉིན་སྐར་ལྟར་དཀོན་པོ་ཞིག་ཡིན། ལྷ་རྗེ་ཧེ་ཕོ་མཆོག་གིས་ནད་ནི་ཆོས་ལུགས་ཀྱི༼རྟགས་མཚན༽ཞིག་ཡིན་པ་དང༌། སྨན་པ་དག་གིས་ནད་པར་བརྟག་དཔྱད་བརྒྱུད་སྨན་སྟེར་ཞིང་ནད་གསོ་བཅོས་བྱ་དགོས་པ་དང༌། ནད་པའི་གནས་ཚུལ་ཐོ་འགོད་དགོས་པ། ནད་རྟགས་ལ་བརྟེན་ནས་གསོ་བཅོས་ལག་བསྟར་བྱེད་པ། སྨན་པ་དག་མཉམ་འབྲེལ་ཐོག་ཉམས་མྱོང་བརྗེ་རེས་ཀྱིས་ནད་བརྟག་ཐབས་དང༌། སྨན་སྣ་ཡར་རྒྱས་གཏོང་ཐབས་སོགས་ཀྱི་ཐད་ཞལ་ཏ་རིན་ཐང་ལྡན་པ་མང་བོ་ཞིག་བསྩལ་འདུག སྐུ་ཞབས་ཨ་རེ་སི་ཁྲོ་ཁྲལ་ལ་མཚོན་ན། ཁྱིམ་རྒྱུད་ཕྱུག་པོའི་གནས་སྟངས་ལས་རྒྱུ་ནོར་འབེལ་བོ་དང༌། བྲན་གཡོག་ཀྱང་མང་བོ་ཡོད་སྟབས་འཚོ་བའི་ཐོག་ཐུགས་ཁུར་བྱ་མ་དགོས་པར། རྩིས་རིག་དང༌། ཆབ་སྲིད། མཚན་ཉིད་རིག་པ། གཏན་ཚིགས་རིགས་པ། ཀུན་སྤྱོད་རིག་པ་སོགས་ཤེས་བྱ་ཡོན་ཏན་ལ་སློབ་སྦྱོང་འདོད་འདུན་ལྟར་བྱེད་ཐུབ་པའི་གོ་སྐབས་བཟང་བོ་ཞིག་ཐོབ་འདུག དེ་ཡང་གནའ་རབས་ཀྱི་དགུ་རིག་ཕལ་ཆེར་ཞིག་རྟ་རྩེད་བྱེད་པ། ཤུགས་འགྲན། སྒྱོ་རྡོ་འཕེན་པ་བཅས་གཟུགས་པོའི་རྩལ་སྦྱོང་ཐད་འདོད་མོས་ཧ་ཅིང་ཆེ་བར་མངོན་ལ། ང་ཚོའི་དེང་སང་གི་རྒྱལ་ཁབ་བམ་ཚན་རིག་ཡར་བསྐྱེད་ལས་མི་རྣམས་ལུས་བྲེལ་སེམས་བྲེལ་ལྟ་བུས་མི་ཚེ་ཟད་འགྲོ་བ་དེ་འདྲ་ཞིག་མ་ཡིན་པར། སྲོལ་རྒྱུན་ཆོས་ལུགས་ལ་སློབ་སྦྱོང་ཉམས་ལེན་དེ་འདྲ་བྱེད་ཅིང༌། མི་རྣམས་ལོ་ན་མཐོན་པོར་སླེབས་ཚེ་ལྷ་ཁང་དུ་འཚོགས་ནས་མཆོད་འབུལ་སྨོན་ལམ་སོགས་ཁ་ཏོན་བྱེད་པ་དང༌། ཟློས་གར་ཁང་དུ་སོང་ནས་རོལ་ཚོགས་དང༌། བྲོ་གར་སོགས་རྩེད་རིགས་སྣ་ཚོགས་པར་ཞི་བདེ་བག་ཕེབས་སོས་དལ་ངང་ལོངས་སུ་སྤྱོད་་བཞིན་ཡོད་པར་སྣང༌། ངའི་ངོ་ཤེས་ཨ་རི་བ་དག་གིས་ཀྱང༌། ལོ་རབས་ལྔ་བཅུ་དྲུག་ཅུའི་སྐབས་ཀྱི་ཨ་རི་ནི། གླུ་གར་གྱི་རྒྱ་མཚོ་ལྟ་བུ་མི་ཚང་མ་བློ་བདེ་བག་ཕེབས་ངང་གླུ་གར་ལ་རོལ་ཐུབ་པའི་དུས་ཚོད་བཟང་བོ་ཞིག་ཡིན་ཞེས་ཤོད་ཀྱི་འདུག ག་ལེར་བསམ་བློ་ཞིག་གཏོང་རྒྱུ་ཡིན་ན། ཡར་ཐོན་ཅན་གྱི་ལུང་བ་ཕལ་ཆེ་བ་དྲི་ཟས་ཡུལ་ལྟར་མི་གོམ་པའི་གནས་སུ་ཆགས་ཡོད། རང་རེའི་ཡུལ་ཀྱང་དུས་ཚོད་གང་མཚམས་ཤིག་ནས་མི་ཁོམ་པའི་གནས་སུ་ལྷུང་ངེས། དེ་ལྟར་ནའང་རྒྱུན་དུ་དྲན་དགོས་པ་ཞིག་ལ་ཡང་ཐོན་ཟེར་བ་མིའི་བདེ་སྐྱིད་ཀྱི་ཆེད་དུ་འགྲོ་བ་ཞིག་ལས། མི་ཡར་ཐོན་གྱི་དོན་དུ་མི་འགྲོ་བ་ནི་མི་རྟག་སྒྱུ་མ་ལྟ་བུའི་འཇིག་རྟེན་འདིའི་ནང་གི་དོན་གནད་གལ་ཆེན་ཞིག་ཡིན་པར་སེམས་སོ།། ཨ་རེ་སི་ཁྲོ་ཁྲལ་མཆོག་དགུང་ལོ་ཆུང་ངུའི་དུས་ནས། ཡབ་ཡུམ་གཉིས་འདས་གྲོངས་སུ་སོང་རྐྱེན། ཁྱིམ་རྒྱུད་ཀྱི་སྲོལ་ཀ་ལྟར་སྨན་པ་ཞིག་བྱ་རྒྱུར་དྲག་སྐུལ་གཞོགས་འདེགས་བྱེད་མཁན་ཞིག་མ་བྱུང་བའམ། རང་ཉིད་སློབ་སྦྱོང་གི་ལམ་ཀ་གཞན་པ་ཞིག་གི་ཐོག་བསྐྱོད་འདུན་སྐྱེས་པ་གང་ཡིན་ཆ་མཚལ་མོད། དགུང་ལོ་བཅུ་བདུན་དུ་ཕེབས་པ་སྤྱི་ལོ་སྔོན་གྱི་ལོ༣༦༧ནང་དགུ་རིག་གི་རྒྱལ་ཁམས་ཀྱི་གྲོང་ཁྱེར་གཙོ་བོ། ཨ་ཐིན་སིའི་ནང་འགྲུལ་སྐོར་དུ་ཕེབས་སྐབས། མཚན་ཉིད་པ་ཆེན་པོ་མཁས་དབང་ཕུ་ལ་ཁྲོས་མཆོག་མཇལ་ཞིང༌། དེ་ཉིད་ཀྱི་ཞབས་ལ་གཏུགས་་ནས་ཐོས་བསམ་སློབ་གཉེར་གྱི་དབུ་བརྩམས་འདུག་གོ།
ལེའུ་གསུམ་པ།
ཨ་ཐེན་གྲོང་ཁྱེར་གྱི་སློབ་གཉེར་ཁང༌།
ཨ་རེ་སི་ཁྲོ་ཁྲལ་ཨ་ཐེན་སི་གྲོང་ཁྱེར་གྱི་དུ་མ་ཕེབས་སྔོན་གྱི་ལོ་ཉི་ཤུ་རྩ་གྲངས་ནང༌། མཁས་པ་ཕུ་ལ་ཁྲོས་མཆོག་གིས་ཤེས་རིག་སློབ་གཉེར་ཁང་ཞིག་གྲོང་ཁྱེར་དེའི་བས་མཐའི་སྐྱེད་ཚལ་ཞིག་ན་བཞེངས་སྐྲུན་གནང་ཞིང༌། དེ་ནི་ཨ་རེ་སི་ཁྲོ་ཁྲལ་མཆོག་གིས་དུས་ཚོད་ཕལ་ཆེར་གཏོང་ཡུལ་གྱི་གནས་སུ་ཆགས་ཡོད། སློབ་གཉེར་ཁང་དེའི་སློབ་ཚན་དེ་བཞིན་ང་ཚོའི་ད་ལྟའི་སློབ་གྲ་ཁག་གི་སློབ་ཚན་ལྟར་གཏན་འབེབས་བྱས་པ་དེ་འདྲ་ཞིག་ཡོད་ཚོད་མི་འདུག་ལ། སློབ་ཚན་གཙོ་བོ་སེམས་ཁམས་རིག་པ་དང༌། ཞར་ལ་འཕྲུལ་བཟོའི་རིག་པ། ཕྱི་དོན་རིག་པ། རྫས་སྦྱོར་རིག་པ་རྣམས་ཀྱང་ཅུང་ཟད་ཅིག་ཡོད་པར་བཤད་ཅིང༌། འཇིག་རྟེན་གྱི་བྱ་དངོས་ལ་བརྟག་ཞིབ་གནང་མཁན་ཀྱང་ཆེས་ཉུང་ཤས་ཤིག་ལས་ཡོད་ཚོད་མི་འདུག མཁས་པ་ཆེན་པོ་ཕུ་ལ་ཁྲོས་མཆོག་གིས། ཁོང་གི་སློབ་མ་རྣམས་ལ་སེམས་དང་རྣམ་རྟོག་གང་ཤར་རྒྱ་ཡན་དུ་གློད་ནས། ཉིན་རེ་བཞིན་ཡང་རང་ཉིད་ཀྱི་འཚོ་བ་དང༌། ཁོར་ཡུག་སོགས་ཕྱི་དོན་འཇིག་རྟེན་གྱི་མཐོང་ཐོས་མྱོང་གསུམ་གྱི་གནས་ཚུལ་ཕྲན་ཚེགས་རིགས་ལ་སེམས་མ་འཁྲེངས་བར། ཆོས་གྱི་གནས་ལུགས་རྟོགས་པའི་ཤེས་ཡོན་རང་རྒྱུད་དུ་སྐྱེ་ཐབས། འབད་འབུངས་ལྷོད་མེད་བྱ་དགོས་སྐོར་ནན་འདོམས་བྱས་ཡོད་པ་དེ་དག་གཞི་རྩའི་ཆ་ནས་ཆོས་ལུགས་ཤིག་དང་ཕལ་ཆེར་འདྲ་མོད། དེ་ལ་ཆོས་ལུགས་ཞེས་མིང་གིས་བཏགས་མེད། སློབ་གཉེར་ཁང་དེར་ད་དུང་གཞོན་སྐྱེས་དག་ལ་ཆབ་སྲིད་དང༌། དབུ་ཁྲིད་ཀྱི་ཤེས་ཡོན་སློབ་སྦྱོང༌། དཔོན་རིགས་ཚོར་ཆབ་སྲིད་འཛིན་སྐྱོང་གི་བློ་རྩལ་ཡང་སློབ་སྟོན་བྱས་ཡོད་པར་མངོན། འོན་ཏེ། སྤྱི་ལོ༥༢༩ལོར་བྷིའི་ཟན་ཁྲིན་གྱི་རྒྱལ་བོ་ལྗེ་སི་ཁྲེན་ཡན་དང་བོས་སློབ་གྲ་དེ་སྒོ་བརྒྱབ་འདུག ཨ་རེ་སི་ཁྲོ་ཁྲལ་མཆོག་སློབ་གྲ་དེར་མི་ལོ་ཉི་ཤུ་ལྷག་གི་རིང་བཞུགས་ཤིང༌། ཕུ་ལ་ཁྲོས་སློབ་དཔོན་དུ་བསྟེན་ནས་དེ་ལ་བཞུགས་པའི་ཤེས་བྱ་ཡོན་ཏན་མཐའ་དག་བུམ་པ་གང་བྱོས་ཚུལ་དུ་གནང་ནས། སྦྱངས་པ་མཐར་ཕྱིན་སློབ་གཉེར་ཁང་དེའི་དགེ་རྒན་གྱི་མཛད་འགན་ཡང་བཞེས་འདུག སློབ་གྲ་དེའི་སློབ་སྦྱོང་སྤྲོད་སྟངས་ཀྱི་ལྟེ་བ་ནི། རང་རེ་བོད་ཀྱི་རྩོད་གྲ་ལྟར། མཚན་ཉིད་པ་དང་བགྲོ་གླེང་རིག་པའི་ཤིང་རྟ། བདག་ཉིད་ཆེན་པོ་ས་ཁུར་ཁྲེ་སི་མཆོག་གི་ཕྱག་བཞེས་ལྟར་གྱི་བགྲོ་གླེང་གནང་ལུགས་དེ་ཡིན། དེ་ཡང་བགྲོ་གླེང་བྱེད་སྟངས་དེ་ནི། དཔེར་ན། བགྲོ་གླེང་སྐབས་མི་ཞིག་གིས་དྲི་བ་གང་ཞིག་བཏོན་ཚེ། གཞན་དག་གིས་གྲོས་མོལ་བརྒྱུད་དེའི་ལན་འདེབས་པར་བྱེད་ཅིང༌། དེ་ལྟར་རྩོད་པ་རྩོད་ལན་མང་བོ་བརྒྱུད་ཚེ་དོན་དག་ངོ་མ་དེ་གཞི་ནས་རྙེད་ཐུབ་པར་བཞེད་པ་དེ་ཡིན། ནམ་རྒྱུན་ཕུ་ལ་ཁྲོས་ནས་རང་གི་སློབ་མ་རེ་རེས་མཐོང་ཐོས་མྱོང་གསུམ་གྱི་ཐོག་དྲི་སྐོར་གནང་སྟེ། བདེན་རྫུན་གང་ཡིན་ཕུ་ཐག་བཅད་རྗེས་བདེན་དཔང་ཞིག་རྙེད་པ་ནི་རང་ཉིད་ཀྱི་དབང་ཚོར་ཁོ་ན་ཡིན་པར་ཐག་གཅོད་བྱས་ཡོད། འོ་ན། མཁས་པ་ཁོང་ལྟར་ན་ཡོད་ཚད་སེམས་ན་གནས་པ་ཞིག་དང༌། རང་གི་དམིགས་སྣང་ལས་བྱུང་བ་ཞིག་ཡིན་ཞེས་བཤད་ན་ཨེ་འགྲིགས། ཨ་རེ་སི་ཁྲོ་ཁྲལ་གྱིས་རང་གི་སློབ་སྦྱོང་གི་ཉམས་མྱོང་དང༌། རྩི་ཤིང་ནགས་ཚལ། སྲོག་ལྡན་གྱི་རིགས་སོགས་ལ་བརྟག་དཔྱད་ཉམས་ཞིབ་བྱས་པ་བརྒྱུད། དེ་དག་ལ་ལན་ཁ་གསལ་ཞིག་བཏབ་ཡོད་པར་གྲགས་ལ། ཁོང་སློབ་གྲ་དེར་བཞུགས་སྐབས་བགྲོ་གླེང་གི་རིག་པའི་ནང༌། དེ་སྐོར་མང་བོ་ཞིག་བྲིས་འདུག་མོད་སྟབས་མ་ལེགས་པ་ཞིག་ལ། དུམ་བུ་ཁ་ཤས་ཤིག་ལས་ལྷག་ལུས་བྱུང་མེད་པར་བཤད་དོ།།
སློབ་གྲ་ནས་ཕྱིར་ཐོན་པ།
ཨ་རེ་སི་ཁྲོ་ཁྲལ་མཆོག་གི་ཤེས་ཡོན་ཐད་ཡར་སྐྱེད་དགའ་ཙམ་ཐོན་མཚམས་ནས། རང་ཉིད་ཀྱི་དགེ་རྒན་ཕུ་ལ་ཁྲོས་དང༌། སློབ་གྲའི་ཤེས་རིག་སློབ་སྦྱོང་གི་ཐབས་ལམ་སྐོར་ལ་དྲིད་རྩད་ཀྱི་མགོ་བརྩམས་ཤིང༌། ཕུ་ལ་ཁྲོས་སྐུ་གཤེགས་རྗེས་དོན་དག་མང་བོ་ཞིག་རིམ་པས་བྱུང་འདུག ཕུ་ལ་ཁྲོས་འདས་ཤུལ་དེ་ཉིད་ཀྱི་ཚ་བུ་རྩིས་རིག་པ་སས་ཕས་སས་ཕོ་སི་ཟེར་བས་སློབ་གྲའི་བདག་དབང་བཞེས་ཤིང༌། དེ་ནི་དགུ་རིག་གི་རྩིས་པ་སྙན་གྲགས་ཅན་ཕས་ཐ་དགོ་ར་སི་མཆོག་གི་རྒྱུན་འཛིན་པ་ཞིག་ཡིན་ལ། ལུགས་དེ་ལྟར་ན། ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཀུན་ཨང་གྲངས་དང༌། སྡོམ་རྩིས་ཀྱི་ལམ་ནས་འགྲེལ་བརྗོད་རྒྱག་ཐུབ་པར་འདོད་ཅིང༌། ཨ་རེ་སི་ཁྲོ་ཁྲལ་ནས་ལྟ་ཚུལ་དེ་ངོས་ལེན་བྱ་མ་ཐུབ་པར་ཡུལ་གཞན་དུ་འགྲུལ་སྐོར་ལ་ཕེབས་ཡོད། ཁོང་གིས་ཆོས་རྣམས་ཅིའི་ཕྱིར་འགུལ་སྐྱོད་གཏོང་གི་ཡོད་པ་དང༌། མཚན་མོའི་མཁའ་དབྱིངས་ཀྱི་ངོས་སུ་དཀར་ཚོགས་ཀྱི་ཕྲེང་བ་གཅལ་དུ་བཀྲམས་ནས་ཡོད་པ་འདི་དག་ཅི་ཞིག་ཡིན་མིན་གྱི་ཐད། བརྟག་ཞིབ་བརྒྱུད་ངོ་མཚར་བའི་འགྲེལ་བཤད་མང་བོ་ཞིག་བརྒྱབ་འདུག ཁོང་ལྟར་ན། དངོས་པོ་ཐམས་ཅད་ས་ཆུ་མེ་རླུང་སྟེ་འབྱུང་བ་བཞི་ལས་གྲུབ་ཅིང༌། འབྱུང་ཁམས་རེ་རེར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འགྲུལ་བསྐྱོད་ཀྱི་ནུས་པ་ཡོད་པ་དང༌། གཟའ་སྐར་དག་ལ་གོར་དབྱིབས་ཅན་གྱི་གཡོ་འགུལ་ཡོད་པས། འབྱུང་བཞི་རང་ག་བའི་གཡོ་འགུལ་དང་གཏན་མི་མཚུངས་ཏེ། གཟའ་སྐར་དེ་དག་བར་སྣང་གོང་མའི་འབྱུང་ཁམས་ལས་གྲུབ་པ་ཞིག་ཡིན་པ་དང༌། འབྱུང་ཁམས་དེའི་ཆོས་ཉིད་རང་བྱུང་གི་སྒོ་ནས་སྒོར་མོའི་དབྱིབས་སུ་འགུལ་བསྐྱོད་བྱེད་བཞིན་པ་ཡིན་ཞེས་བཤད་ཅིང༌། ལྟ་ཚུལ་འདི་དག་ཡུ་ཤིའི་ཆོས་བརྒྱུད་ཀྱིས་ཚད་མར་འཛིན་བཞིན་པ་སྐབས་གཞན་དུ་བཤད་ཟིན།
ལེའུ་བཞི་བ།
རང་བྱུང་ཁམས་འདིར་བརྟག་དཔྱད་ལག་བསྟར་བྱེད་མཁན་ཐོག་མ།
ཨ་རེ་སི་ཁྲོ་ཁྲལ་མཆོག་ཨ་ཐིན་སའི་གྲོང་ཁྱེར་ནས་ཕེབས་ཐོན་གྱིས་ཨ་སོ་སི་ཞེས་འབོད་པ་ད་ལྟའི་ཏུར་ཀའི་ཡུལ་དུ་ཐོག་མར་ཕེབས་ཤིང༌། ས་ཁུལ་དེ་ནས་ཁོང་གིས་ཆབ་སྲིད་དང་ཚེ་སྲོག་རིག་པའི་སྐོར་ཐུགས་སྦྱོང་གནང་ཞོར། སློབ་མ་མང་བོ་ཞིག་བྱུང་བ་དག་ལ་གང་ལ་གང་མོས་ཀྱི་སློབ་ཁྲིད་མཛད་ཅིང༌། དཔོན་རིགས་དག་ལའང་ལམ་སྟོན་བཀའ་སློབ་སྣ་ཚོགས་ཤིག་བསྩལ་ཅིང༌། སྐབས་དེ་ཤེད་ཅིག་ཏུ་ནེ་སའི་ཞེས་པའི་བུ་མོ་ཞིག་དང་འཕྲད་ནས་དེ་དང་མཉམ་དུ་གཉེན་སྒྲིག་ཞུས་ཐོག ཨ་སོ་སི་དང༌། མེ་ཁྲིའི་ལན་ཞེས་པའི་ས་ཁུལ་གཉིས་ཆར་སློབ་གཉེར་ཁང་ཆེ་ཆུང་མང་བོ་ཞིག་འཛུགས་སྐྲུན་བྱས་ཏེ། རང་བྱུང་ཁམས་ཀྱི་ཤེས་བྱ་སྤྱི་དང་ལྷག་པར་ཉ་དང༌། ཤ་ཕྱིས༌། རྒྱ་མཚོའི་སྲོག་ཆགས་ཡན་ལག་ལྔ་ལྡན་སོགས་སྲོག་ཆགས་མང་བོའི་ཁོག་ཁ་ཕྱེས་ནས། དེ་དག་གི་ལུས་ཀྱི་ཆ་ཤས་རེ་རེའི་ཆགས་ཚུལ་དང༌། ཕན་ནུས་ཐོག་ཞིབ་དཔྱད་གྲོས་མོལ་གྱི་བསམ་ཚུལ་མང་བོ་ཞིག་རྩལ་འདོན་བྱས་འདུག བརྟག་དཔྱད་ཀྱི་ལག་ལེན་དེ་ལྟ་བུ་སྐབས་དེ་ལ་ལྟོས་ན་ཆེས་ཤིན་ཏུ་རྒྱུན་ལྡན་མ་ཡིན་པ་ཞིག་ཡིན་ལ། ཁོང་རང་ཉིད་ཀྱི་ལས་གྲོགས་རྣམས་ཀྱང་བྱ་དངོས་དེ་དག་གི་ཐོག་བསམ་གཞིགས་ཙམ་བྱས་པ་ལས། དངོས་སུ་ལག་བསྟར་བརྒྱུད་བརྟག་པ་བྱེད་མཁན་ཞིག་བྱུང་མི་འདུག ཨ་རེ་སི་ཁྲོ་ཁྲོ་མཆོག་གིས་ཉམས་ཞིབ་བྱེད་ཐབས་ཀྱི་སྲོལ་ཀ་ཆ་ཚང་ཞིག་གསར་བཞེངས་བྱས་ཤིང༌། ལམ་ལུགས་དེ་ནི་ད་ལྟའི་ང་ཚོའི་ཚན་རིག་གི་ལྟེ་བའི་གཙོ་གནད་ཀྱི་ཆ་ཤས་ཤིག་ཏུ་ཆགས་ཡོད། ཁོང་གིས་དེ་སྐོར་དཔྱད་པ་བྱས་པའི་གྲུབ་དོན་རྒྱས་པ་ཞིག རང་གི་བརྩམས་དེབ་༼སྲོག་ཆགས་རྣམས་ཀྱི་ཆ་ཤས༽ཞེས་པ་དང༌། ༼སྲོག་ལྡན་གྱི་རང་བྱུང་ལོ་རྒྱུས༽། ༼སྲོག་ཆགས་རྣམས་ཀྱི་རིགས་རྒྱུད་སླར་སྤེལ༽ཞེས་པའི་དཔེ་ཆ་ཁག་གི་ཐོག་བཀོད་ཡོད། ཨ་རེ་སི་ཁྲོ་ཁྲལ་མཆོག་གི་ལྟ་བ་དང༌། ཕྱག་ལས་ཁག་ཚན་རིག་གི་ལོ་རྒྱུས་ཁྲོད་ཆེས་གལ་ཆེན་གྱི་དོན་རྙིང་ལྡན་པ་ཞིག་ཡིན་པ་དེ་ལྟ་ནའང༌། གསར་གཏོད་མཁན་བྱིངས་དང་འདྲ་བར་རང་དུས་སུ་ལྟ་སྤྱོད་དེ་དག་སྤྱི་ཚོགས་དེའི་ཁོར་ཡུག་དང་མ་མཚམས་པས། ངོས་ལེན་ལག་བསྟར་བྱེད་མཁན་ཆེས་ཉུང་ཤས་ཤིག་ལས་བྱུང་མེད། འོན་ཀྱང༌། དེ་ཉིད་ཀྱིས་ཐོག་མར་ལག་ལེན་དང་ཉམས་མྱོང་གི་སྟེང་ནས་བརྟག་དཔྱད་གནང་བ་དེ་དག སྲོལ་རྒྱུན་གྱི་དུས་དང་བསྡུར་ན་ཆེས་གསར་བརྗེ་རང་བཞིན་ལྡན་པའི་འགྱུར་ལྡོག་ཆེན་པོ་ཞིག་ཡིན་ལ། ཁོང་གིས་རང་གི་བརྩམས་དེབ་༼སྲོག་ལྡན་གྱི་ཆ་ཤས་༽ཞེས་པའི་དཔེ་ཆའི་ནང༌། རང་ཉིད་ཀྱི་བརྟག་ཞིབ་ཐབས་ཤེས་རྣམས་བདེན་གསལ་ཞིག་ཡིན་པར་འགྲེལ་བརྗོད་ཞིབ་སྦྱངས་བྱས་ཤིང༌། ༼སྲོག་ལྡན་གྱི་རང་བྱུང་ལོ་རྒྱུས༽ ཞེས་པའི་ནང༌། དབྱིབས་གཟུགས་ལ་ལྟོས་པའི་སྲོག་ལྡན་སྣ་ཚོགས་པའི་རིགས། སྤྱི་བྱེར་དབྱེ་བསྡུ་མཛད་ནས་འཛམ་གླིང་འདིའི་སྲོག་ཆགས་རྣམས་ཀྱི་ཁྱད་ཆོས་དང༌། རྣམ་པའི་རང་བཞིན་ཐོག་མར་གཏན་འབེབས་བྱས་པས། ཚེ་སྲོག་རིག་པའི་ལོ་རྒྱུས་ནང་སྲོག་ཆགས་མང་བོ་ཞིག་གི་མིང་ཟུར་དུ་ཁོང་གི་མིང་མཐའ་བཏགས་ནས་ཆེ་བསྟོད་ཞུས་ཡོད།
ཁྲག་ལྡན་དང་ཁྲག་མེད་ཀྱི་སྲོག་ཆགས།
ཨ་རེ་སི་ཁྲོ་ཁྲལ་མཆོག་གིས་སྲོག་ཆགས་རྣམས་སྔོན་འགྲོའི་ཆ་ནས་ཁྲག་ལྡན་དང༌། ཁྲག་མེད་ཀྱི་རིགས་གཉིས་སུ་ཕྱེས་ཏེ་གྲལ་རིམ་དབྱེ་འབྱེད་བྱས་ཤིང༌། དེ་ལས་དང་བོ་ལྟ་བུ་ནི། ཉ་དང༌། སྦྲུལ། བྱ་བྱེའུ། འོ་འཐུང་སྲོག་ཆགས་སོགས་སྒལ་ཚིགས་ཡོད་པའི་སྲོག་ལྡན་རྣམས་ཡིན་ལ། གཉིས་པ་ནི། སྒལ་ཚིགས་མེད་པའི་སྲོག་ཆགས་རིགས་ཏེ། འབུ་སྲིན་དང༌། ཁུ་རབ། ཉ་སྐར་ལྟ་བུའི་རིགས་ཀྱི་སྲོག་ཆགས་རྣམས་ཡིན། ད་ལྟ་ང་ཚོས་བརྟག་ཞིབ་བྱས་པ་ལྟར་ན། དེ་དག་ལ་ཁྲག་གི་རིགས་ཤིག་ཡོད་རུང༌། ཁྲག་དེའི་རྒྱུད་རིམ་གོང་གསལ་སྲོག་ཆགས་ལྒལ་ཚིགས་ཅན་གྱི་ཁྲག་དང་གཏན་མི་མཚུངས་པ་ཞིག་ཡིན་པར་བཤད། གཞན་ད་དུང་སྲོག་ལྡན་རྣམས་ཀྱི་༼ལུས་ཀྱི་ཆགས་ཚུལ་རིག་པའང༽༌། ཁོག་གི་ཐོག་མའི་བསམ་གཞིགས་ལས་བྱུང་ཞིང༌། ཁོང་གིས་སྲོག་ཆགས་རྣམས་ཀྱི་རྣ་བའི་ནང་ལོགས་ནས་རྩ་བུ་གུ་ཅན་ཞིག་མགྲིན་པའི་རྒྱབ་ངོས་དང་འབྲེལ་ཏེ་ཡོད་པར་འགྲེལ་བརྗོད་བྱས་མོད། སྤྱི་ལོ་༡༥༥༠བར་ཨི་ཏྲ་ལིའི་ཚེ་སྲོག་རིག་པ་བ་སྐུ་ཞབས་བྷར་ཁྲོ་ལོ་མེའོ་མཆོག་གིས་གསལ་སྟོན་འགྲེལ་བཤད་མ་བརྒྱབ་བར་དུ་ར་སྤྲོད་བྱུང་མེད་པ་འདི་ལྟ་བུ་མང་བོ་ཡོད་པ་ལས་དཔེ་མཚོན་ཙམ་བརྗོད་པ་ཡིན། ཨ་རེ་སི་ཁྲོ་ཁྲལ་མཆོག་གིས་སྲོག་ལྡན་རིགས་ལྔ་བརྒྱ་ལྷག་སྡེ་ཚན་བརྒྱད་དུ་བགོས་ནས། བརྟག་དཔྱད་དང༌། ཞིབ་འཇུག་གཟབ་ནན་བཏང་འདུག་འདུག་ལ། དེ་བཞིན་ཁོང་གིས་བཏོན་པའི་བྱ་བྱེའུ་དང༌། འོ་འཐུང་སྲོག་ཆགས་ཀྱིས་མངལ་བཟུང་བ་ནས་མ་སྐྱེས་བར་གྱི་༼སྦྲུམ་སྲིང་རིག་པ༽ཡང༌། དུས་རབས་བཅུ་དྲུག་པའི་ནང་མ་གཏོགས་གསལ་རྟོགས་ཡར་བསྐྱེད་གཏོང་ཐུབ་མི་འདུག ཁོང་གི་བརྩམས་དེབ་༼སྲོག་ལྡན་གྱི་རང་བྱུང་ལོ་རྒྱུས༽ཞེས་པས། འཛམ་གླིང་འདིའི་ནང་བཅུད་ཀྱི་སེམས་ཅན་སྐོར་ལ་སྔ་ན་མ་གྲགས་པའི་འགྲེལ་བརྗོད་ངོ་མཚར་བ་མང་བོ་ཞིག་བསྐྱོན་པ་ལས་དཔེ་མཚོན་ཙམ་སྨོས་ན། སྒྲོལ་སྤིན་ཞེས་པའི་ཉ་ཆེན་རིགས་མཁའ་རླུང་འབྱུང་རྔུབ་ལ་བརྟེན་པའི་སྲོག་ཆགས་ཡིན་མོད། ཉ་དཀྱུས་མ་རྣམས་དེ་ལྟར་མ་ཡིན་པ་དང༌། སྲོལ་རྒྱུན་བསམ་བློ་ལྟར་ན། དྲེད་མོང་རྣམས་མཚན་གཉིས་མ་ནིང་ཡིན་པར་འདོད་བཞིན་པ་དེ་ལྟར་ཡང༌། ཁོང་གིས་དྲེད་མོང་གི་རིགས་ལ་ཕོ་དྲེད་དང་མོ་དྲེད་གཉིས་ཆ་ཡོད་པར་སྲོག་ཆགས་གཞན་དང་འདྲ་ཚུལ་བརྗོད་ཡོད། སྦྲང་ཚང་གཅིག་གི་ནང་སྦྲང་དཔོན་ནམ་སྦྲང་ཚོགས་ཀྱི་མགོ་འདྲེན་རེ་ཡོད་པ་དང༌། སྲོག་ཆགས་རྣམས་ཀྱི་དབང་བོའམ་དེ་དག་གི་ཆ་ཤས་རེ་རེར་རང་གི་ཐུན་མོང་མ་ཡིན་པའི་བྱེད་ལས་ཡོད་པ། དཔེར་ན། མཇུག་མ་རིང་བོས་སྲོག་ཆགས་གང་ཞིག་རྒྱུག་འདུར་བྱེད་པར་ཕན་ཐོགས་ཡོད་པར་བཤད་སོགས། མདོར་ན། རང་བྱུང་ཁམས་ཀྱིས་སྲོག་ཆགས་རྣམས་རང་རང་གི་འཚོ་ཐབས་དང༌། ཕྱོགས་ཀུན་ནས་མཐུན་འགྲིགས་བཟོས་ཡོད་པར་བཤད་ཅིང༌། ལྟ་ཚུལ་དེའི་དེང་རབས་ཀྱི་༼རིམ་འབྱུང་རིག་པའི་༽བསམ་དགོངས་ཀྱི་ཐོག་མའི་སྣེ་ཁྲིད་བྱས་ཡོད། དེ་བཞིན་ཁོང་གིས་སྲོག་ཆགས་ཁ་ཅིག་འདམ་བག་དང་ཆུ་ལ་བརྟེན་ནས་སྐྱེས་པ་ལས། ཕ་མ་དམིགས་བསལ་བ་མེད་པར་གསུངས་པ། རང་ལུགས་སྐྱེ་གནས་བཞིའི་ཡ་གྱལ་གྱི་རླན་སྐྱེས་དང་འབྲེལ་ཆེ་ལ། འགྲོ་བ་མིའི་རྣོ་མྱུར་གྱི་བློ་གྲོས་གནས་ཡུལ་རྙིང་ལས་ཀླད་པ་མ་ཡིན་པར་བཤད་པའང༌། རང་ལུགས་སེམས་རིག་གི་བཞུགས་ཡུལ་རྙིང་དབུས་ཡིན་པར་བཞེད་པ་དང་ཕྱོགས་མཐུན། ཡང་ཁོང་གིས། སྦྲུལ་ཉའི་རིགས་ཀྱིས་རིགས་རྒྱུད་འགངས་ནས་མི་སྤེལ་བ་དང༌། ར་ལུག་དག་ལ་ཕོ་མོ་གང་སྐྱེས་ཕ་མ་མཉམ་འབྲེལ་སྐབས་རླུང་གི་རྒྱུ་ཕྱོགས་ལ་རག་ལས་ཚུལ་གསུངས་པ་སོགས། དངོས་དོན་ལ་མ་རེག་པའི་འགྲེལ་བརྗོད་བྱས་པའང་མང་བོ་ཡོད་པ་དབུ་གང་ནས་འཁོར་བ་ཡིན་སྨྲ་མི་སྤོབས་སོ།།
རྒྱལ་བོ་ཆེན་པོའི་རིགས་ཀྱི་ཅོ་པན་དུ་ཕེབས་པ།
སྤྱི་ལོ་སྔོན་གྱི་ལོ་སུམ་བརྒྱ་ལྔ་བཅུ་ང་དྲུག་ནང༌། ཨ་རེ་སི་ཁྲོ་ཁྲལ་མཆོག་གི་ཆུང་འདྲིས་གྲོགས་པོ་མ་སེ་སྒྲོ་ནེ་ཡའི་རྒྱལ་ཐོག་གཉིས་པ། སྤིའི་ལིབ་དང་དེ་ཉིད་ཀྱི་ལྕམ་ཨོ་ལིམ་ཕའི་ཡ་སི་གཉིས་ཀར་བུ་ཞིག་བཙས་པའི་མཚན་ལ་ཨེ་ལེག་ཟན་སྒྲིར་ཞེས་འབོད་ཅིང༌། སྤིའི་ལིབ་ནས་ཨ་རེ་སི་ཁྲོ་ཁྲལ་ལ་རེ་སྐུལ་ཞུས་དོན་ལྟར། རྒྱལ་སྲས་དེར་རྩིས་རིག་དང༌། གནམ་རིག ཚེ་སྲོག་རིག་པ། གཏན་ཚིགས་རིག་པ། མཚོ་གྲུ་གཏོང་ལུགས་བཅས་སློབ་ཚན་སྣ་མང་དཔེ་ཁྲིད་མཛད་ཅིང༌། གནའ་རབས་དགུ་རིག་གི་མཚན་ཉིད་པ་མང་བོ་ཞིག་གིས། མཚན་ཉིད་རིག་པའི་ཤེས་ཡོན་ལྡན་པའི་རྒྱལ་བློན་དང་དཔོན་རིགས་བསྐྱེད་སྲིང་བྱས་ན། ལེགས་ཉེས་རྣམ་འབྱེད་ཀྱི་བློ་རྩལ་འཛོམས་པས་ཆབ་སྲིད་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དགེ་མཚན་ལས། སྐྱོན་འབྱུང་བར་ཤས་ཆུང་བས་མ་ཚད། དེ་དག་གི་ཡིད་ཆེས་དང་ལྟ་བ་ཕྱོགས་མེད་དུ་སྤེལ་ཐུབ་པས། འཛམ་གླིང་སྔར་ལྷག་གནས་སྟངས་བཟང་བོ་ཞིག་གི་ངོ་བོར་གནས་ཐུབ་པའི་དགོངས་འཆར་བཏོན་ཡོད། གཅིག་བྱས་ན་རྒྱལ་བོ་ཨེ་ལེག་ཟན་སྒྲར་ཆེན་པོ་འདིས་དེ་དག་གི་དགོངས་འཆར་གསལ་བོ་ཞིག་མཚོན་ཐུབ་ཡོད་ཤས་ཆེ། རྒྱལ་བོ་འདི་སྤྱི་ལོ་སྔོན་གྱི་ལོ་སུམ་བརྒྱ་སུམ་ཅུ་སོ་དྲུག་ལོར་རྒྱལ་སྲིད་ལ་དབང་བསྐུར་ཏེ། མ་སེ་སྒྲོ་ནའི་ཡའི་རྒྱལ་ཐོག་གསུམ་པར་ཆགས་ཤིང༌། ཁོང་ལོ་ན་ཆུང་ངུའི་སྐབས་མཚན་ཉིད་རིག་པ་སོགས་ཤེས་བྱ་གཞན་གྱི་ཐོག་ཐུགས་སྣང་དེ་ཙམ་མ་བཞག་མོད། སྙན་ངག་པ་ཆེན་པོ་ཧ་མིར་མཆོག་གིས་བརྩམས་པའི་དཔའ་བོའི་ལོ་རྒྱུས་ཞེས་པ་ཀློག་སྦྱོང་གིས་ཡིད་ཀྱི་བརྟན་པ་འཕྲོག་སྟེ། ལོ་ན་སུམ་ཅུའི་སྟེང་དགུ་རིག་དམག་དཔུང་གི་དབུ་ཁྲིད་ནས། དྲག་པོ་གཡུལ་གྱི་ལས་ལ་ཞུགས་ནས་འཛམ་གླིང་གི་ཕྱེད་ཀ་ཙམ་དགུ་རིག་གི་མངའ་འོག་ཏུ་བཅུགས་པས། ཨེ་ལེག་ཟན་སྒྲར་ཆེན་པོ་ཞེས་ཡོངས་གྲགས་ཀྱི་མིང་དུ་ཐོགས་པ་ཡིན། རྒྱལ་བོ་དེ་ཉིད་ཀྱི་རྒྱལ་ཁྲིམས་བཙན་པོའི་དབང་ལུང་གི་རྟིང་འཛིན་འོག ཨ་རེ་སི་ཁྲོ་ཁྲལ་དང་དགུ་རིག་གི་མཚན་ཉིད་པ་དག་གི་སྲོལ་རྒྱུན་གྱི་བསམ་བློའི་ལྟ་བ་དང༌། སློབ་གཉཻར་ཁང་ད་ལྟའི་དབུས་དཀྱིལ་རྒྱལ་ཁབ་ཨ་སྤི་དགའ་ནེའི་སི་གྲན་སོགས། རྒྱང་རིང་གི་ཡུལ་གྲུ་དག་གི་ནང་དུའང་འཛུགས་སྐྲུན་དར་ཁྱབ་བྱེད་ཐུབ་པ་བྱུང་ཞིང༌། ཨེ་ལེག་ཟན་སྒྲར་གྱིས་རྒྱང་རིང་གི་ལུང་བ་དེ་དག་ནང་ནས། སྲོག་ཆགས་དང༌། རྩི་ཤིང༌། ས་གཏེར་སོགས་དངོས་དཔྱད་རྒྱུ་རྫས་གཏོས་ཆེན་པོ་བསྡུ་རུབ་བྱས་ཏེ། རང་གི་དགེ་རྒན་ཨ་རེ་སི་ཁྲོ་ཁྲལ་མཆོག་གི་ཟབ་སྦྱོང་ཆེད། དགུ་རིག་རྒྱལ་ཁམས་སུ་འོར་འདྲེན་བྱས་འདུག ཁོང་དགུང་གྲངས་༣༣དུ་སླེབས་དུས་ཨ་རབ་ཕྱོགས་སུ་དཔུང་འཇུག་གི་གཡུལ་གྲ་སྒྲིག་མུར་སྐུ་ཚེའི་ཐ་མ་བྱས་འདུག
ལེའུ་ལྔ་བ།
ཨ་རེ་སི་ཁྲོ་ཁྲལ་སྐུ་སྒེར་གྱི་སློབ་གཉེར་ཁང༌།
སྤྱི་ལོ་སྔོན་གྱི་ལོ༣༣༣༤ནང་ཨ་རེ་སི་ཁྲོ་ཁྲལ་མཆོག་འགྲུལ་སྐོར་ནས་ཕྱིར་ཨ་ཐིན་སི་གྲོང་ཁྱེར་དུ་འབྱོར་ཏེ། ཉི་ལྷའི་ལྷ་ཁང་ངམ༼འཁྱམ་སྦྱོང་༽ཞེས་འབོད་པའི་སློབ་གཉེར་ཁང༌། སློབ་མ་རྣམས་ཀྱིས་སློབ་གྲའི་ཉེ་འཁོར་དུ་འཁྱམས་འཁྱམས་ལ་འགྲོ་ཞོར་སློབ་གཉེར་གྲོས་མོལ་བྱེད་ཆོག་པའི་སློབ་གྲ་ཞིག་འཛུགས་སྐྲུན་གནང་ཞིང༌། སློབ་གྲ་དེའི་ནང་འཆར་ཅན་ཞོགས་པ་སྔ་བོར་ཨ་རེ་སི་ཁྲོ་ཁྲལ་མཆོག་གིས་སློབ་མ་རྣམས་ལ་གཏམ་ཚིགས་རིག་པ་དང༌། མཚན་ཉིད་རིག་པའི་སྐོར་སློབ་ཁྲིད་དང༌། ཕྱི་གྲོས་དུས་སུ་མི་མང་ལ་གཏམ་བཤད་བྱེད་སྟངས། བྲིས་གཟུགས། སྐད་ཡིག་རིག་པ། ཆབ་སྲིད། ཀུན་སྤྱོད་རིག་པ་སོགས་ཡོངས་ཁྱབ་ཏུ་དཔེ་ཁྲིད་ཞུ་བཞིན་ཡོད་པར་མངོན་ལ། ཁོང་གི་ཕྱག་རྩོམ་ཕལ་ཆེར་ཞིག་ད་ལྟའང་བཞུགས་ཤིང༌། དེ་དག་ནི་ཕྱི་དོན་འཇིག་རྟེན་དང༌། དེའི་རྩོམ་གཞིར་གྱུར་པའི་བློས་བསླངས་ཀྱི་འཇིག་རྟེན་དངོས་མའི་སྐོར། སློབ་གྲ་རང་གི་སློབ་སྦྱོང་གི་བེད་སྤྱོད་ཆེད་བྲིས་པ་་ཞིག་ཡིན་པར་སྣང༌། ཁོང་གིས་ད་དུང་རང་གི་དགེ་རྒན་ཕུ་ལ་ཁྲོས་གཙོ་བོར་གྱུར་པའི་མཚན་ཉིད་པ་ཁག་ཅིག་གི་ལྟ་ཚུལ་རྣམས་ཡར་རྒྱས་གཏོང་རྒྱུ་ཞིག་བྱས་འདུག་མོད། དེ་དག་ལྟར་ནང་སེམས་སླད་མེད་ཀྱི་འཇིག་རྟེན་ལྟ་ཚུལ་ལས། ཕྱི་དངོས་ཡོད་འཇིག་རྟེན་གྱི་གནས་ལུགས་ཕྱོགས་སུ་ངང་གིས་གཞོལ་འདུག་གོ།
འཐད་ལྡན་གྱི་རིག་པ།
ཨ་རེ་སི་ཁྲོ་ཁྲལ་མཆོག་གིས་མཐར་ཕྱིན་པའི་མངོན་འདོད་ཁག་ཅིག་ནི། རྩོད་སྒྲུབ་དང་གཏན་ཚིགས་རིག་པའི་ཕྱོགས་ཡིན་ལ། ཁོང་གིས་དགག་བཞག་གི་རྩོད་པའི་རྣམ་བཞག་ཅིག་གཏན་ལ་ཕབ་སྟེ། བསམ་གཞིགས་དང་རྩོད་གླེང་ལ་བརྟེན་ནས་རྟོགས་དཀའ་བའི་གནད་དོན་གང་ཞིག་གི་གནས་ཚུལ་དངོས་ལ་མཐའ་སྡོམ་རྒྱག་པའམ། ཡང་ན། ལན་ཁ་གསལ་ཞིག་འདེབས་ཐབས་ཐད་ཕྱོགས་སྟོན་མཛད་ཡོད། ང་ཚོས་སྐབས་རེར་རང་ཉིད་ཀྱི་བསམ་ཚུལ་ཙམ་ལ་གཞི་བཅོལ་ཏེ། དོན་གནད་གང་ཞིག་བདེན་པ་ཡིན་ན། གཞན་པའང་བདེན་པ་ཞིག་ཡིན་སྙམ་དུ་ཐག་གཅོད་བྱེད་པ་ལྟ་བུའང་ཕྱོགས་འདི་དང་མཚུངས་པ་ཡིན། འོན་ཏེ་མཚན་ཉིད་རིག་པ་སྨྲ་མཁན་དང༌། ཚན་རིག་པ་དག་གིས་གཏན་ཚིགས་དང་རྒྱུ་མཚན་ལ་བརྟེན་ནས་ཉམས་ཞིབ་གཏན་འབེབས་བྱེད་པ་ལས། རང་དགར་དོན་གནད་གང་ཡང་ལས་སླ་བོར་ངོས་ལེན་མི་བྱེད་པ་ཡིན། ཨ་རེ་སི་ཁྲོ་ཁྲལ་མཆོག་གིས་དམིགས་བསལ་རྩོད་པའི་རིག་པ་ཞིག་རྩ་འཛུགས་བྱས་པ་ལ། ང་ཚོས་དེང་སང་༼གཏན་ཚིགས་གཉིས་དང་མཇུག་སྡུད་གཅིག་བཅས་སྒྲུབ་ངག་ཡན་ལག་སུམ་ལྡན༽ཞེས་བརྗོད་ལ། དེ་ཡང་དཔེར་ན། ཀ་ཚང་མ་ཁ་ཡིན་ལ། ཁ་ཚང་མ་ག་ཡིན༌། དེར་བརྟེན་ཀ་ཚང་མ་ག་ཡིན་པ་ལྟ་བུ་ཡིན། སླ་དཔེ་ཞིག་བསྐྱར་དུ་བཞག་ན། བྱ་ཚང་མར་བྱ་སྒྲོ་ཡོད། ཕུན་རོན་མཐའ་དག་བྱ་ཡིན། དེར་བརྟེན་ཕུན་རོན་ཚང་མར་བྱ་སྒྲོ་ཡོད། འོན་ཏེ། བྱ་ཚང་མ་ཕུན་རོན་ཡིན་དགོས་པའི་ངེས་པ་མེད་པ་ལྟ་བུ་ཡིན། འདི་ནི་རང་རེའི་སྤྱི་བྱེ་བྲག་གི་རྣམ་བཞག་དང་འདྲ་བའི་བཟོ་ཞིག་འདུག་གོ། ཨ་རེ་སི་ཁྲོ་ཁྲལ་མཆོག་གི་གཞི་རྒྱ་ཆེ་བའི་ཚན་མཚན་རིག་པའི་སྐོར་གྱི་བསམ་ཚུལ་མང་བོ་ཞིག་བཏོན་ཡོད་པ། དེ་དག་ལས་གཙོ་བོ་རྙིང་བཏུ་ཞིག་བྱས་ན། གཤམ་གསལ་དོན་ཚན་ལྔའི་ནང་དུ་བསྡུ་ཐུབ་པར་མངོན། དང་བོ། གཏན་ཚིགས་རིག་པ། སྐད་རིགས་དང༌། རྒྱུན་མཚན་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་ཐབས། གཉིས་པ། ཕྱི་དོན་རིག་པ། ཕྱི་དོན་དང༌། རང་བྱུང་ཁམས་ཀྱི་འཇིག་རྟེན་ཐད་གོ་རྟོགས་སྤེལ་ཐབས། གསུམ་པ། གཟུགས་འདས་རིག་པ། ཕྱི་དོན་འཇིག་རྟེན་གྱི་ཕ་རོལ་ན་ཡོད་པའི་བློས་བསླངས་ཀྱི་འཇིག་རྟེན་ངོ་མའི་གྲུབ་རྫས་དང༌། དེའི་ཡོན་ཏན་གྱི་ཁྱད་པར་བརྗོད་པ། བཞི་བ། ཀུན་སྤྱོད་རིག་པ། ལེགས་ཉེས་བཟང་ངན་དང༌། བསླབ་སྤྱོད༌། སྲིད་ལུགས་བཅས་ཀྱི་རང་བཞིན་བརྗོད་པའི་རིག་པ། ལྔ་བ། ཚིག་སྦྱོར་རིག་པ། ལེགས་སྦྱར་དང༌། གཏམ་གླེང༌། སྙན་ཚིག ཟློས་གར། རྩོམ་བྲིས་བཅས་ཀྱི་ནང་བརྗོད་བྱ་འགྱུར་གྱི་ནུས་པ་ཆེ་ཞིང༌། རྗོད་བྱེད་ཚིག་གི་སྙན་ཆ་འཛོམས་པའི་སྡེབ་སྦྱོར་སྤེལ་ཐབས་ཀྱི་རིག་པ་བཅས། དོན་ཚན་ཆེ་ཁག་ལྔའི་ཁོངས་སུ་འདུ་བར་མངོན་ཞིང༌། ཡང་ཁོང་གིས་གལ་སྲིད་ང་ཚོས་འོག་གི་རྒྱུ་མཚན་བཞི་བོ་འདི་དག་མ་ཤེས་པ་ཡིན་ན། ཉིན་རེའི་བྱ་བཞག་གི་ཁྲོད་བྱ་བ་གང་ཞིག་བྱེད་ཀྱི་ཡོད་མེད་ཀྱང་ཝ་མོ་སྨུག་ནང་ན་འཁོར་བ་ལྟར་ཤེས་དཀའ་བ་ཞིག་ཡིན་པར་བཤད། རྒྱུ་མཚན་དང་བོ། འདི་ག་རེ་རེད། གྲི་ཞིག གཉིས་པ། དེ་རྒྱུ་རྐྱེན་གང་ལས་བཟོས་པ་རེད། ལྕགས་དང་ར་ལས་གྲུབ་པ་ཞིག་རེད། གསུམ་པ། དེ་ཇི་ལྟར་བྱས་ནས་བཟོས་པ་རེད། ལྕགས་ལ་བཟོ་ལྟ་བཏོན། རྣོ་ཕྱུང༌། རྭ་ཡུ་སྤྲད་ནས་བཟོས་ར་རེད། གཞི་བ། དེ་དོན་དག་གང་གི་ཆེད་ཡིན། དངོས་བོ་ཅི་ཞིག་དྲ་བའམ་གཏུབ་པའི་ཆེད་ཡིན་པ་ལྟ་བུ། ཤེས་བྱའི་ཆོས་གཞན་གྱི་སྟེང་དུའང་རིགས་བསྒྲེ་དགོས་པ་དང༌། ཡང་ཁོང་གིས་གཏན་ཆིགས་རིག་གཞུང་ནང༌། ༼ཚན་རིག༽ཅེས་པ་ཅི་ཞིག་ཡིན་མིན་གྱི་སྐོར་ལ་དྲི་སྐོར་དང༌། དྲི་རྩད་ལན་མང་མཛད་ཅིང༌། ཁོང་ལྟར་ན། ཉི་ཟླའི་འཆར་ནུབ་དང༌། དུས་ཞིའི་འགྱུར་ལྡོག་སོགས། རང་བྱུང་འཇིག་རྟེན་དང་འབྲེལ་བའི་ཆོས་སོ་ཅོག ཁྱད་ཆོས་དེ་དག་དེའི་ངོ་བོར་གནས་པ་ཙམ་མ་ཡིན་པར། དེ་དག་ཅི་ལྟར་དང༌། ཅིའི་ཕྱིའི་དེ་དང་དེའི་རང་བཞིན་དུ་ཡོད་ཚུལ་གྱི་གནས་ལུགས། རྟོག་བཏགས་ཀྱི་སྒྲུང་དང༌། ལྷ་ཆོས། རིག་པ་ལྟར་སྣང་སོགས་ཀྱི་འགྲེལ་བརྗོད་ལ་ཡིད་ཆེས་བྱེད་པ་ཙམ་མ་ཡིན་པར་གསལ་བོར་ཤེས་རྟོགས་བྱེད་དགོས་པ་དང༌། དེ་ལྟར་ཤེས་རྟོགས་འཁྲུལ་མེད་བྱུང་བ་ལ་ཚན་རིག་ཅེས་བརྗོད་པར་སྣང་ལ། ང་ཚོས་ཚན་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐད་ཕྱི་མིག་ཅིག་བལྟས་པ་ཡིན་ན། མི་རྣམས་ཀྱིས་རང་ཉིད་ཀྱིས་བཏོན་པའི་རིག་གཞུང་དང༌། གསར་གཏོད། གསར་རྙེད་སོགས་དངོས་དོན་དང་འབྲེལ་བའམ། ཡང་ན། དེ་དང་ཐག་ཇེ་ཉེར་སོང་ཡོད་པར་ཡིད་ཆེས་གདེང་འཇོག་བྱས་ཡོད་པ་ལྟར། དེང་སང་ཡང་མུ་མཐུད་བྱེད་བཞིན་པ་ཡིན། འོན་ཀྱང༌། ང་ཚོ་ལ་ད་དུང་མཐའ་མའི་ཐག་གཅོད་གསལ་བོ་ཞིག་བྱུང་མེད། ཚན་རིག་གི་བསམ་བློ་དང༌། ལྟ་ཚུལ་ཐད་མ་འོངས་པར་འགྱུར་ལྡོག་མུ་མཐུད་འགྲོ་ངེས་ཡིན། ཨ་རེ་སི་ཁྲོ་ཁྲལ་མཆོག་གིས་གནས་ཚུལ་དེ་གནའ་སྔ་མོ་ཞིག་ནས་ཤེས་རྟོགས་བྱུང་འདུག་པར་མངོན་ཏེ། ཁོང་གིས་ཐེངས་མང་བོར་ཆོས་ཀྱི་དངོས་དོན་འཐུས་ཚང་མཐར་ཆགས་ཤིག ད་ཕན་ཤེས་རྟོགས་བྱུང་མེད་པ་དང༌། མ་འོངས་པའི་དུས་རབས་ཤིག་གི་ནང༌། དངོས་དོན་བདེན་དཔང་ལ་གཞི་བཅོལ་བའི་ཆོས་ཀྱི་གནས་ལུགས་དབང་བོའི་སྤྱོད་ཡུལ་ལ་མངོན་གྱུར་དུ་འབྱུང་རྒྱུ་ཡིན་ཚུལ་ཡང་ཡང་གསུངས་འདུག
ཨ་རེ་སི་ཁྲོ་ཁྲལ་གྱི་སྐུ་ཚེའི་མཐའ་མ།
སྤྱི་ལོ་སྔོན་གྱི་ལོ༣༢༣ལོའི་ནང༌། ཁོང་གི་གྲོགས་པོ་སྟོབས་ལྡན་རྒྱལ་བོ་ཆེན་པོ་ཨེ་ལེག་ཟན་སྒྲར་མཆོག་སྐུ་གཤེགས་འཕྲལ། ཨ་ཐིན་སི་གྲོང་ཁྱེར་གྱི་མི་མང་རྣམས་ཀྱིས། མ་སེ་སྒྲོ་ནའི་ཡ་ཕྱོགས་ཀྱི་མི་རྣམས་ཀྱི་དབང་ནུས་ལ་འཁོན་འཛིན་ཤུགས་ཆེ་བྱེད་པའི་མགོ་ཚུགས་ཤིང༌། ཨ་རེ་སི་ཁྲོ་ཁྲལ་ཡང་ཕྱོགས་དེ་ནས་ཡོང་བ་ཞིག་ཡིན་སྟབས། ཁོང་ཚོའི་དམིགས་འབེན་གཙོ་བོ་ཞིག་ཏུ་ཆགས་འདུག དཀའ་རྙོག་དེ་དག་ལ་གཟུར་ཆེད། ཁོང་ཨ་ ཐིན་སི་གྲོང་ཁྱེར་ནས། ཨིའི་བྷོ་ར་ཞེས་པའི་ཨིའི་དགན་གླིང་ཕྲན་གྱི་ཆལ་སིའི་སི་ཞེས་པའི་ས་ཁུལ་དུ་བགྲེལ་ཡོལ་དུ་ཕེབས་ཤིང༌། བགྲེས་ཡོལ་གྱི་ལོ་རྗེས་མ་སྤྱི་ལོསྔོན་གྱི་ལོ་༣༢༤ལོར་སྐུ་ཚེའི་འཕེན་པ་རྫོགས་ཏེ། ཡོངས་གྲགས་ཚན་མཚན་རིག་པའི་སེམས་ཁམས་ཆེན་པོ་ཞིག་མེད་པར་ཆགས་འདུག
ལེའུ་དྲུག་པ།
འདས་རྗེས་ཀྱི་བྱུང་བ།
ཨ་རེ་ཁྲོ་ཁྲལ་སྐུ་གཤེགས་རྗེས། ཁོང་གིས་བཞེངས་སྐྲུན་མཛད་པའི་ཨ་ཐིན་སིའི་གྲོང་ཁྱེར་གྱི་འཁྱམ་སྦྱོང་སློབ་གྲ་དེ་བཞིན་རང་ཉིད་ཀྱི་དངོས་སློབ་ཐེ་བོ་སྤ་ར་སི་ཁྲོས་སི་ཞེས་པའི་དབུ་ཁྲིད་གནང་སྟེ། གཟུགས་འདས་རིག་པ་དང༌། སེམས་ཁམས་རིག་པའི་སྐོར་མུ་མཐུད་སློབ་སྦྱོང་རྒྱུན་འཛིན་མཛད་ཅིང༌། དེ་རྗེས་སི་གྲི་ར་ཁྲོ་ཞེས་པས་སྤྱི་དོན་རིག་པའི་ཕྱོགས་ལ་ཕྱག་ལས་རྒྱུན་མར་གནང་འདུག་མོད། ཨ་རེ་སི་ཁྲོ་ཁྲལ་རང་ལུགས་ཀྱི་ལྟ་གྲུབ་དང༌། དེའི་ཤུགས་རྐྱེན་ཚང་མ་རིམ་པས་ཉམས་རྒུད་དུ་ཕྱིན་འདུག ཁོང་གིས་རང་ཉིད་ཀྱི་ཟིན་བྲིས་ཁག་དང༌། བརྩམས་ཆོས་ཚང་མ་ཐེ་བོ་སྤ་ར་སི་ལ་རྩིས་སྤྲོད་གནང་འདུག་པ་ལས། ཚན་པ་ཁ་ཤས་ཤིག་ཨེ་ལེག་ཟན་སྒྲིར་ཞེས་པའི་ས་ཁུལ་གྱི་དཔེ་མཛོད་ཁང་དུ་གདན་དྲངས་ཤིང༌། དེ་བྱིངས་ལོ་ཉིས་རྒྱ་ལྷག་གི་རྗེས་སུ། འོག་ཁང་རྙིང་བ་ཞིག་ནས་རྙེད་སོན་བྱུང་བ། རོམ་དུ་གདན་དྲངས་ཏེ་འཁྱམ་སྦྱོང་སློབ་གྲའི་དབུ་འཛིན་བདུན་པ། ཨིན་སྒྲི་རོ་ནེ་ཁོ་སི་ཞེས་པས། སྤྱི་ལོ་སྔོན་གྱི་ལོ༧༠ནང་ཕྱོགས་སྒྲིག་པར་སྐྲུན་བྱས་འདུག ཨ་རེ་སི་ཁྲོ་ཁྲོལ་རང་ཉིད་ཀྱི་ཕྱག་བྲིས་ཁག་ནི་ཆེས་ཤེས་རྟོགས་དཀའ་བ་ཞིག་ཡིན་མོད། དུས་ཕྱིས་ལོ་ཙྭ་བ་དང༌། རྩོམ་སྒྲིག་པ། པར་སྐྲུན་བྱེད་མཁན་དག་གིས་རང་འདོད་ལྟར་ནང་དོན་མང་བོར་བཅོས་བསྒྱུར་བཏང་བ། ཉེ་བའི་དུས་རབས་ནང་ཁོང་གི་ལྟ་བ་དངོས་དང༌། དེ་ལ་བཅོས་བསྒྱུར་གཏོང་མཁན་གྱི་བསམ་ཚུལ་གཉིས་སོ་སོར་དབྱེ་འབྱེད་བྱས་ནས་དར་སྤེལ་བཏང་འདུག་གོ།
ཨ་ལ་ལ་ལ་ལ། ཡང་རྔ་བ་རྒྱལ་ཁམས་པས་ང་ཆེས་དགའ་སའི་གྷི་རིག་གི་མཚན་ཉིད་རིག་པ་བ་ཨ་རི་སི་ཁྲོ་ཁྲོལ་གྱི་སྐོར་ནས་དཔྱད་རྩོམ་ཡག་ཐག་ཆོད་ཅིག་བྲིས་འདུག་གཱ ཚེ་རིང་རྒྱུ་བོ། ཁྱོས་ཀྱིས་འདི་ལྟར་ངའི་དགའ་ཕྱོགས་ནས་རྩོམ་ཡིག་འདྲ་སྒྱུར་གིན་བསྡད་ན། ངས་དབྱིན་འཁྱོག་ཐ་རེ་ཐ་རེ་བོ་འདི་ཚོ་མར་ཞིག་ལ་གཡུགས་བཞག་ན་འགྲིག་ས་རེད། ང་འདིས་དབྱིན་ཡིག་སྦྱོང་བ་ལས་དཀའ་ལས་ཆེ་བ་ཞིག་མི་འདུག ད་སྦྱང་བཞག་པ་ད་བརྗེད་འགྲོ་གི ཁྱོད་ཀྱི་རྩོམ་ཡིག་འདི་ཚོས་དངོས་གནང་སྐོམ་གདུང་སོད་ཀི ཁ་ཡག་བཤད་ནི་མིན། ཁྱོད་དངོས་གནས་ཚེ་རིང་དོན་ཀུན་འགྲུབ་པར་ཤོག ང་ཁྱོད་ལ་དགའ། ཧཧཧཧ། ཨ་ལ་ཀུ་རེ་ཡིན། དངོས་གནས་ཐུགས་རྗེ་ཆེ་ཞུ།
ཐུགས་རྗེ་ཆེ་ཞུ།
Thank you for your encouragement !
བློ་རིག་བཀྲ་བའི་གྲོགས་མཆོག་ཁྱོད།།
སྔར་དང་འདྲ་བར་རིག་པར་འཚོལ།།
གང་ཉིད་ཕྱིན་པའི་ཤུལ་རྗེས་ན།།
སྔོན་མེད་ཤེས་བྱ་གནང་བ་བཟང་།།
དུས་ཡུན་ལོ་ཤས་འདས་པའི་ནང་།།
སྐུ་ཉིད་མཇལ་བའི་གོ་སྐབས་མེད།།
འཕྲིན་དང་ཁ་པར་བཏང་འདོད་ཡང་།།
ཨེ་མེལ་ཁ་བྱང་ཙམ་ཡང་མེད།།
ཡོ་རོབ་མཁས་པའི་ལོ་རྒྱས་ཀུན།།
བོད་སྐད་ཕབ་◌པར་བཟང་མོད་ཀྱང་།།
བོད་མཁས་ཕྱི་གླིང་ལྟ་གྲུབ་གཉིས།།
དཔྱད་བསྡུར་ཐུབ་ན་ཤིན་ཏུ་བཟང་།།
Thank you very much.
this is very attraction for me.
Welcome to Mr. Julep man. If its possible, please send me your e-mail @ Tibetanyogi@yahoo.com
Thank you!