རྔ་བ་རྒྱལ་ཁམས་པ།
———-
སྤྱི་ལོ་སྔོན་༣༨༤་༣༢༢
གནའ་རབས་ཚན་རིག་གི་མེས་པོར་གྲགས་པ། མཁས་པ་ཨ་རེ་སི་ཁྲོ་ཁྲལ་མཆོག་གིས། མི་ལོ་ཉི་ཤུ་ལྷག་གི་རིང་བདག་ཉིད་ཆེན་པོ་ཕུ་ལ་ཁྲོས་སློབ་དཔོན་དུ་བསྟེན་ནས། ཤེས་བྱ་རིག་པའི་གནས་སྤྱི་དང་། བྱེ་བྲག་སྐྱེ་ཁམས་དང་། ཚེ་སྲོག ཕྱི་དོན་རིག་པ་བཅས་ཀྱི་སྐོར་ལ་གཏིང་དཔོག་པའི་ཐུགས་སྦྱོང་དང་། ཉམས་ཞིབ་བརྒྱུད་ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་ཤེས་བྱའི་ཁྲོད། ནམ་ལངས་པ་ལ་ཉི་མ་ཤར་བ་ལྟ་བུའི་གྲུབ་འབྲས་མང་བོ་ཐོན་ཡོད། ཁོང་གིས་རང་ཉིད་ཀྱི་སློབ་དཔོན་ཕུ་ལ་ཁྲོས་ཕྱོགས་སྔར་བཟུང་སྟེ། སློབ་དཔོན་དེའི་དགོངས་བཞེད་ལྟར་གྱི༼ཕུན་སུམ་ཚོགས་པའི་འཇིག་རྟེན༽ཞེས་པ་བློས་བཏགས་ཙམ་ལས། དངོས་འབྲེལ་གྱི་ལྟ་ཚུལ་ཞིག་མ་ཡིན་ཚུལ་ཞིབ་སྦྱངས་དགག་བཞག་ཤུགས་ཆེ་མཛད་ཐོག བདེན་དོན་གྱི་གནས་ལུགས་མཐའ་དག་ང་ཚོ་འཚོ་ཞིང་གནས་པའི་འཇིག་རྟེན་འདིའི་ཐོག རང་ཆས་སུ་ཡོད་པ་ཞིག་ཡིན་པར་འགྲེལ་བརྗོད་བརྒྱབ་ཡོད། ཁོང་གིས་རང་བྱུང་ཁམས་འདིར་བརྟག་པ་མཛད་པའི་སྙིང་བོ་ཞིག་མཐའ་བསྡོམས་བྱས་པ་ནི། ༼རང་བཞིན་ཁམས་ཀྱི་ཆོས་ཐམས་ཅད་ལ་ངོ་མཚར་བའི་ཁྱད་ཆོས་ཤིག་རང་ཆས་སུ་ཡོད༽ཅེས་ཡོངས་ཁྱབ་གནང་བ་དེ་ཡིན། སྤྱིར་བཏང་གི་ཆ་ནས་སྐུ་ཞབས་ཨ་རེ་སི་ཁྲོ་ཁྲལ་མཆོག་གི་ཕྱི་ནང་སྣོད་བཅུད་ཀྱི་ཆོས་ལ་བརྟག་ཞིབ་དང་། ཚོད་སྒམ་བྱས་པའི་ལྟ་ཚུལ་ཐད་རྟ་མོག་མོག་གི་སྤུ་ལྟར་མང་དག་ཅིག་མཆིས་མོད། ལྟ་ཚུལ་ཡང་སྙིང་རྣམས་ཕྱོགས་གཅིག་ཅིག་ཏུ་བསྒྲིལ་བ་ཡིན་ན། ༼རྫས་དང་གཟུགས༽ ༼རྐྱེན་བཞི༽ ༼སྒྲུབ་ངག་ཡན་ལག་གསུམ་ལྡན༽བཅས། ལྟ་བའི་ཆིངས་གསུམ་གྱི་ནང་འགྲིལ་ཐུབ་པ་ཞིག་ཨེ་ཡིན་སྙམ་དུ་སེམས་ཤིང་། དེ་ལས་དང་བོ་ནི། འཇིག་རྟེན་ཁམས་ཀྱི་དངོས་རིགས་འགྲུབ་བྱེད་ཀྱི་རྫས་དང་། རྫས་དེས་གྲུབ་པའི་གཟུགས་གཉིས་ཆ་དོན་དམ་གྱི་བདེན་པ་ཞིག་ཡིན་པར་འདོད་པ་སྟེ། དཔེར་ན། ང་ཚོའི་མིག་མདུན་ན་ཡོད་པའི་བ་གླང་འདི་བཞིན་བདག་ཆེན་ཕུ་ལ་ཁྲོས་ལུགས་ཀྱི་ཕུན་སུམ་ཚོགས་པའི་བ་གླང་གི་དཔེ་གཞིའི་གཟུགས་ཀྱི་འཇིག་རྟེན་ལས་བྱུང་བ། འདྲ་བཤུས་སམ། གཟུགས་བརྙན་ནམ། དཔེའི་བ་གླང་ལྟ་བུ་དེ་མ་ཡིན་པར་བ་གླང་ཉིད་མཐོང་ཙམ་ནས་བ་གླང་གི་གཟུགས་ཀྱི་འཇིག་རྟེན་ངོ་མ་དེ་མཐོང་བ་ཡིན། དེ་བཞིན་རང་ཅག་གིས་བསམ་བློས་རྟོག་བཞེངས་བྱས་ན། མིག་མདུན་གྱི་བ་གླང་འདི་ཉིད་བ་གླང་གི༼ཕུན་སུམ་ཚོགས་པའི་གཟུགས་ཀྱི་འཇིག་རྟེན༽ལས་འབྲལ་རུང་ངམ། སོ་སོར་དབྱེ་ཐུབ་པ་ལྟ་བུར་སྣང་མོད། ཆོས་ཉིད་བརྟག་རིག་གིས་དཔྱད་ན་བ་གླང་དང་བ་གླང་གི་གཟུགས་ཀྱི་འཇིག་རྟེན་གཉིས་སོ་སོར་འབྱེད་རྒྱུ་མེད་པ་ཞིག་ཡིན། དེ་ཡང་གསལ་བོར་བཤད་ན། ཕུན་སུམ་ཚོགས་པའི་བ་གླང་གི་དཔེ་གཞིའི་གཟུགས་ཀྱི་འཇིག་རྟེན་ཞེས་པ་ཞིག་ལོགས་སུ་གནས་པ་མེད་ཀྱང་། བ་གླང་རང་ཉིད་ཀྱི་ངོ་བོར་གནས་པ་ཞིག་ཡོད་པར་འདོད་པ་སྟེ། མདོར་ན། བ་གླང་གི་བདེན་དོན་ཚང་མ་བ་གླང་ཉིད་ཀྱི་ཐོག་ཡོད་པར་འདོད་པའོ།། གཉིས་པ་རྐྱེན་བཞི་ནི། རྒྱུ་རྫས་དང་། བྱེད་རྐྱེན། རྣམ་པ། མཐའ་དོན་བཅས་བཞི་སྟེ། རྐྱེན་བཞི་བོ་འདི་དག་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་འཇིག་རྟེན་གྱིས་ལས་སྣ་ཚོགས་པ་ཞིག་བྱེད་བཞིན་ཡོད་པར་འདོད་ཅིང་། དེ་ལས་དང་བོ་རྒྱུ་རྫས་ནི། དཔེར་ན། ཤིང་དང་། སྦྱོར་རྫས། འཛེར་མ་སོགས། མདུན་ཅོག་གི་གྲུབ་ཆ་རྣམས་མདུན་ཅོག་གི་རྫས་ཡིན་ལ། དེ་བཞིན་ཤིང་ནགས་གཅོད་མཁན་དང་། ཤིང་བཟོ་སོགས་ནི་དེའི་བྱེད་རྐྱེན། མདུན་ཅོག་གི་དབྱིབས་དང་ཁ་དོག་ལྟ་བུ་དེའི་རྣམ་པ། དེ་ཇི་ཞིག་གི་དོན་བེད་སྤྱོད་གཏོང་བ་ནི་དེའི་མཐའ་དོན་ཡིན་པར་འདོད་ཅིང་། དེ་ཡང་ཕྱོགས་གཞན་ཞིག་ནས་བཤད་ན། ཁོང་གི་བཞེད་པ་ལྟར་གྱི་རྐྱེན་བཞི་ནི། བུ་ཆུང་བཀྲ་ཤིས་ལྟ་བུའི་སེམས་ཅན་སྲོག་ལྡན་གྱི་རིགས་ཡང་བཟོ་སྐྲུན་སྐྱེད་སྤེལ་བྱ་ཚུལ་ཞིག་སྟེ། ཕ་མ་གཉིས་ལས་བྱུང་བའི་ཐིག་ལེ་དཀར་དམར་གཉིས་ནི་རྫས་དང་། རྣམ་ཤེས་ཐིག་ལེའི་དབུས་སུ་ཞུགས་པ་ལྟ་བུ་བྱེད་རྐྱེན། མིག་དཀར། སྐྲ་ནག ཡན་ལག་སྦོམ་པོ་ལྟ་བུ་རྣམ་པ། སྐྱེས་ནས་རིམ་པར་རྒས་བོར་འགྱུར་བ་ལྟ་བུ་མཐའ་དོན་ཡིན་ལ། ལྟ་ཚུལ་འདི་ལྟར་ན། ཨ་རེ་སི་ཁྲོ་ཁྲལ་མཆོག་གིས་རང་བྱུང་ཁམས་ཀྱི་ཆགས་གནས་འཇིག་པའི་འཁོར་ལོ་སྐོར་ཚུལ་དེ། གོ་རིམ་ཡོད་པ། དམིགས་ཡུལ་ལྡན་པ། སྒྲིག་ལམ་ཡོད་པ་ཞིག་ཡིན་ཚུལ་ཞལ་བཞེས་གནང་ཡོད། དེ་ལ་བརྟེན་ནས་སྐྱེ་དངོས་ཕལ་ཆེར་ལ་རང་ཉིད་ཀྱི་དམིགས་ཡུལ་ལམ། ཁ་ཕྱོགས་ཤིག་རང་ཆས་སུ་ཡོད་པར་འདོད་པ། དཔེར་ན། འགྲོ་བ་མིའི་རིགས་ཚང་མའི་དམིགས་ཡུལ་ལམ། མངོན་འདོད་ནི་རང་བཞིན་གྱིས་བདེ་བ་འདོད་པ་དེ་ཡིན། འོན་ཀྱང་། བདེ་བ་སྒྲུབ་སྟངས་མི་འདྲ་བ་ནི། ཁ་ཅིག་གིས་ཤེས་བྱ་ཡོན་ཏན་ལ་བརྟེན་ནས་བདེ་བ་སྒྲུབ་པ་དང་། འགའ་རེས་རྒྱུ་ནོར་ལོངས་སྤྱོད་ལ་བརྟེན་ནས་བདེ་བ་སྒྲུབ་པ། ལ་ལས་རྐུ་ཇག་ཆོམ་གསུམ་ལས་བདེ་བ་སྒྲུབ་པ་སོགས། བདེ་བ་དོན་དུ་གཉེར་སྟངས་མི་འདྲ་བ་མང་བོ་ཞིག་ཡོད་ལ། ཁོང་ལྟར་ན། མི་དགེ་བ་མ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་བྱུང་བའི་བདེ་བ་ནི། ༼མཆོག་ཏུ་གྱུར་པའི་བདེ་བ༽དེ་ཡིན་པར་འདོད་ཅིང་། ལྟ་ཚུལ་འདི་ལ་ནུབ་ཕྱོགས་པའི་མཚན་ཉིད་རིག་པའི་ཁྲོད། ༼ཨ་རེ་སི་ཁྲོ་ཁྲལ་ལུགས་ཀྱི་རྒྱུའི་རིག་པ༽ཞེས་བརྗོད་དོ།། གསུམ་པ། སྒྲུབ་ངག་ཡན་ལག་གསུམ་ལྡན་ནི། རང་ཅག་གིས་གཏན་ཚིགས་སམ། རྒྱུ་མཚན་གྱི་སྦྱོང་བརྡར་བརྒྱུད་ཤེས་བྱ་གང་ཞིག་གི་དོན་གནད་ཐད་རྒྱུས་ལོན་བྱེད་ཐབས་ཀྱི་ལག་ཆ་ལྟ་བུ་ཞིག་ཡིན་ལ། དཔེར་ན། ༼མི་ཚང་མ་མི་རྟག་འཆི་བའི་རང་བཞིན་ཅན་རེད། བདག་ཆེན་ས་ཁུར་ཁྲེ་སི་མི་རེད། དེར་བརྟེན། ས་ཁུར་ཁྲེ་སི་མི་རྟག་འཆི་བའི་རང་བཞིན་ཅན་རེད༽ཅེས་པ་ལྟ་བུ་ཡིན་ལ། རིགས་པ་འདིས་ས་ཁུར་ཁྲེ་སིའི་འཆི་བ་ལས། མི་ཚང་མ་མི་རྟག་འཆི་བའི་རང་བཞིན་དུ་གཏན་ལ་ཕབ་ཡོད། རང་རེས་བྱས་པའི་རྒྱུ་མཚན་གྱིས་སྒྲ་མི་རྟག་པར་སྒྲུབ་པ་དང་། རྟེན་འབྲེལ་གྱི་གཏན་ཚིགས་ལ་བརྟེན་ནས། ཆོས་ཀུན་སྟོང་ཉིད་དུ་གཏན་ལ་འབེབས་པ་སོགས་ཀྱང་། ཕྱོགས་འདི་དང་ཅུང་འདྲ་བོ་ལྟ་བུའི་སྣང་ཚུལ་ཞིག་འདུག་ལ། ལར་ནས་གནའ་བོའི་དགུ་རིག་གི་མཚན་ཉིད་རིག་པ་དང་། རྒྱ་གར་གྱི་ནང་ཆོས་པར་འབྲེལ་ལམ་ཞིག་ཕལ་ཆེར་བྱུང་ཡོད་ཨེ་འགྲོ་སྙན་པའི་དོགས་པ་ཞིག་ཕྲན་ལ་སྐྱེ་བཞིན་འདུག་ཀྱང་། ཕུག་ཐག་གསལ་བོ་ཞིག་ད་དུང་ཆོད་མ་སོང་ལ། འདི་སྐོར་རང་ཅག་གིས་ངེས་པར་རྩད་གཅོད་ཅིག་བྱེད་ཐུབ་ཚེ། ཕན་ཐོགས་མང་བོ་ཞིག་ཡོང་རྒྱུ་ཡིན་པར་ཐེ་ཚོམ་བྱ་མ་དགོས་པ་ཞིག་རེད། གང་ལྟར་ཀྱང་། ཨ་རེ་སི་ཁྲོ་ཁྲལ་མཆོག་གི་ལྟ་ཚུལ་དེ་དག་ལ། འདས་པའི་མི་ལོ་སྟོང་ཕྲག་ལྷག་གི་རིང་། ནུབ་ཕྱོགས་ཀྱི་རྒྱལ་ཁམས་ན། རྩོད་མེད་ཡོངས་གྲགས་ཀྱི་ཆེས་མཐོའི་བརྩི་བཀུར་དང་གདེངས་འཇོག་ཅིག་ཐོབ་འདུག་པར་སྣང་ངོ་།།
ཟུར་དུ་ཞུ་རྒྱུ་ཞིག་ལ། ཡི་གེ་འདི་དག་འབྲི་མཁན་གྱིས་མཚན་ཉིད་པ་དེ་དག་གི་དཔེ་ཆར་ལྟ་ྐློག་བརྒྱུད། ལྟ་གྲུབ་གཙོ་བོ་རྣམས་བསྡུ་སྒྲིག་ཞུ་ཁུལ་བྱས་པ་ཞིག་ལས། སྒྱུར་རྩོམ་ངོ་མ་ཞིག་མིན་པར་དགོངས་འཇགས་ཞུ་ཞིང་། འདི་དག་ལ་བརྟེན་ནས་ཁྱེད་ལ་སྔར་མཐོང་ཐོས་མ་མྱོང་བའི་ཤེས་བྱ་གསར་བ་རེ་ལེན་རྒྱུ་ཡོད་ན། གུས་པའི་རེ་བའང་གྲུབ་སོང་ནི་རེད། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།
མྱ་ངན་མེད་ཀྱི་སྐུ་དུས་སུ་སྒི་རིག་ལ་ཆོས་ཀྱི་ཕོ་ཉ་མངགས་པ་དང་དེ་དུས་པ་ཊ་ལི་པུ་ཏྲར་སྒི་རིག་གི་གཞུང་ཚབ་ཡོད་པ་སོགས་ཀྱིས་དེ་དུས་སུ་ནང་པའི་བསྟན་པ་སྒི་རིག་གི་ཡུལ་དུ་དར་བ་ཚོད་དཔག་བྱེད་ནུས།
དེ་བཞིན་མྱ་ངན་མེད་ཀྱི་དུས་སུ་དགེ་སློང་ཆེན་པོ་བརྒྱད་ཡུལ་གྲུ་མི་འདྲ་བ་བརྒྱད་དུ་ཆོས་སྤེལ་བར་མངགས་པའི་ཁྲོད་ཀྱི་མཧྰརཀཥིཏས་ཆོས་སྤེལ་སའི་ཡུལ་ཡོ་ན་ལོ་ཀ་ཞེས་པ་དེ་སྒི་རིག་གི་ཡུལ་ཡིན་པར་བརྗོད་པར་བརྟགས་ནའང་དེ་དུས་སངས་རྒྱས་ཀྱི་བསྟན་པ་སྒི་རིག་གི་ཡུལ་དུ་དེ་དུས་སུ་དར་བ་ཤེས་ཐུབ། ད་དུང་ཡིག་ཆ་ཞིག་ཏུ་དེ་དུས་སྒི་རིག་གི་གཞུང་ཚབ་ཅིག་གིས་ནང་པའི་གསུང་རབ་དང་དེ་ལས་གཞན་པའི་དངོས་རྫས་ཁྱེར་ནས་སྒི་རིག་གི་ཡུལ་དུ་ནང་པའི་མཆོད་རྟེན་བཞེངས་ཚུལ་ཡང་མཐོང་མྱོང་། འདི་ལ་དཔགས་ནས་རྗི་སི་སིས་སྒི་རིག་གི་ཡུལ་ནས་ནང་པའི་བསྟན་པའི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་སློབ་སྦྱོང་བྱས་ཏེ་རང་གི་ཆོས་ལུགས་ལ་མཛེས་རྒྱན་སྤྲས་ཡོད་པར་ཡང་སེམས་མཁན་མང་།