འདྲེ་གླེན་པ།
དུས་ཀྱི་གོམ་སྒྲ་ཆུ་བོར་འགྲོགས་ཏེ་བཞུར །།
སྟོན་ཀྱི་ལོ་མ་ཕྱོགས་དང་ཕྱོགས་སུ་སྤུར།།
སྐར་ཚོགས་དག་ཀྱང་རང་རང་གནས་སུ་ལོག །
ཀྱེ་མ་ང་ཡི་སེམས་ཀྱི་དག་ཞིང་ལགས།།
བས་མཐའ་འདི་ནས་ང་རང་གང་དུ་འགྲོ །།
སྐྱབས་བཅོལ་གྲུ་གཟེངས་རྒྱ་མཚོའི་རླབས་ཀྱིས་སྐྱོམ།།
འཕུར་མདའ་ལེབ་མོས་གྲོང་ཁྱེར་རྡུལ་དུ་བརླགས།།
མོ་ཧམ་མོ་ཊེས་མིག་ཆུ་ཤམ་ཤམ་གཏོར།
ཀྱེ་མ་ང་ཡི་སེམས་ཀྱི་མངའ་ཐང་ལགས།།
བདག་གི་སྐྱབས་མགོན་ཨ་ལཱ་གང་དུ་མཆིས །།
གྱེན་ལོག་སྙིང་སྟོབས་སྟོན་པ་ཨ་བྷེས་བསྩལ།།
དམར་མཆོད་དམར་གསོད་ཡང་ནི་ཨ་བྷེས་བསྩལ། །
བྱེ་ཐང་སྐྱ་བོར་ཁྲག་གི་ཡུར་ཆུ་བཞུར །།
ཀྱེ་མ་བདག་གི་གྲི་ཁུར་ལྷ་རྗེ་ལགས།།
གཡུལ་ས་འདི་ནས་མི་རྣམས་ཇི་ལྟར་སྐྱོབས།།
མཆན།
ཨ་ལཱ་Aallah)ནི་གཅིག་བདེན་ཁེར་རྐྱང་གི་བདག་ཉིད་ཅན་ཏེ་གཉིས་དང་གསུམ་ལ་སོགས་པར་དབྱེར་མ་མཆིས་པ་སྟེ། ལྷ་ཚོགས་ཀྱི་ངོ་བོར་མ་གྲུབ་པའམ། འདུས་གྲུབ་མ་ཡིན་པ། གཟུགས་ཀྱི་རང་བཞིན་ལས་འདས་པ། མཐུ་རྩལ་ཡོངས་སུ་རྫོགས་པ་ཉིད། དེ་བཞིན་དུ་བཟང་བ་དང་། སྙིང་རྗེའི་བདག་ཉིད་ཅན། ཕན་བྱེད། བྱེད་པ་པོ། ཐམས་ཅད་མཁྱེན་པ། མཁྱེན་རབ་ཐམས་ཅད་པ། འཇིག་རྟེན་གྱི་སྟོན་པ། ཐོག་མར་གྱུར་པ། ཐ་མར་གྱུར་པ་ལ་སོགས་པའི་ཡོན་ཏན་དགུ་བཅུ་གོ་དགུའི་བདག་ཉིད་ཅན། འགྲོ་བ་མིའི་རིགས་ཐམས་ཅད་སྐྲུན་པ་པོ། ཡི་ཤུ་བ་དང་། རྗེའུ་བ། ཁ་ཆེ་བ། ནང་པ། ཧིན་དྷུ་བ། ཆད་པར་སྨྲ་བ་ཚུན་ཆད་ཀྱིས་ཀྱང་ལྷག་པའི་ལྷ་རུ་གྱུར་པ། གང་གིས་ལྷ་དེ་བསྟེན་ཞིང་ལྷ་དེའི་སྡོང་གྲོགས་འཚོལ་ན། མཐར་ལྷ་དེས་ལམ་སྣ་འདྲེན་པར་བྱེད་པ་ཞིག་ཏུ་འདོད།
མོ་ཧམ་མོ་ཊི་་ནི་ཁ་ཆེའི་སྟོན་པ་ཡིན། སྤྱི་ལོ་༥༧༠ལོར་ཨ་རབ་རྒྱལ་ཁབ་ཀྱི་བྱེ་གླིང་གྲོང་ཁྱེར་མེག་ཁ་ཞེས་པར་ཨ་བྷིར་ཧམ་གྱི་བུ་རྒན་པ་ཨ་ཤ་མེལ་གྱི་རྒྱུད་པ་ཕྱི་མ་ཞིག་ལ་སྐུ་འཁྲུངས་ཤིང་ཁོང་ནི་རྔ་མོང་དང་ལུག་རྫི་ཡི་གནས་བབས་ཤིག་ནས་ཁ་ཆེའི་ཆོས་ལུགས་ཀྱི་སྟོན་པ་རུ་གྱུར་ཞིང་། སྤྱི་ལོ༦༣༠ལོར་མོ་ཧམ་མོ་སྒྲིས་གྲོང་ཁྱེར་མེག་ཁ་བདག་བཟུང་བྱས་ཏེ་ཁོང་ཉིད་དེ་ཡི་རྒྱལ་བོ་ཆགས་པ་ནས་བཟུང་ཁ་ཆེའི་ཆོས་ལུགས་ཀྱིས་ཨ་རབ་ཀྱི་ཕྱེད་ཙམ་མངའ་འོག་ཏུ་བཅུགས་ཏེ་ཁ་ཆེའི་ཆོས་ལུགས་ཧ་ཅང་དར་ཁྱབ་ལ་ཕྱིན་རབས་བཤད། དེང་གི་ཆར་ཁ་ཆེའི་ཆོས་ལུགས་དར་ཁྱབ་ཤིན་ཏུ་ཆེ་བའི་རྒྱལ་ཁབ་སི་རིས་ཡཱ་ Syria ལ་བལྟས་ན་མི་བཟོད་པའི་དམག་འཁྲུགས་ནམ་ཞར་དུ་བྱུང་དང་འབྱུང་མུས་ཡིན་པ་དང་དེ་བས་ཀྱང་ཡ་ང་བ་དང་མིག་གིས་མི་བཟོད་པ་ནི་དམག་འཁྲུགས་ཁྲོད་དུ་མི་མང་ཁྲི་སྟོང་མང་པོས་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་ནས་ཡུལ་བྱོལ་ལ་འགྲོ་དགོས་བྱུང་སྟེ་ཁག་ཅིག་མཚོ་ནང་ནས་གར་སོང་ཆ་མེད་དུ་གྱུར་བ་དང་ཁག་ཅིག་གི་བེམ་པོ་གསར་འགོད་པ་ཚོས་མཚོ་མཐའ་ནས་རག་སྟེ་པར་ལ་བཏབ་པ་དེས་འཛམ་གླིང་ལ་སེམས་འགུལ་གསར་བ་ཞིག་ཐེབས་བཅུགས་པ་སོགས་ཀྱི་གསར་འགྱུར་མ་ཆད་པར་སླེབས་ཀྱིན་ཡོད །
25/03/2018 ཉིན །