གནས་ཚུལ་འཁོ་སྤྲོད་པ་ཚངས་དབྱངས་རྒྱ་མཚོ། ༩༨༨༢༦༠༣༩༩༡ / ༨༦༧༩༠༤༤༤༠༥
མགོ་ལོག་པདྨ་རྫོང་ནས་ཕྱི་ཟླ་༡ཚེས་༡༦ནས་རིམ་བཞིན་ཞི་རྒོལ་རབས་དང་རིམ་པར་བྱུང་ཡོད་ལ། སྐབས་དེར་ས་གནས་ཉེན་རྟོག་པ་དང་། དམག་མིས་བཙན་གནོན་དང་། གཅར་རྡུང་། འཛིན་བཟུང་སོགས་བྱས་པ་སོགས་ཀྱི་གནས་ཚུལ་ཛ་དྲག་བྱུང་ཡོད་ལ། ལྷག་པར་དུ་ཕྱི་ཚེས་༡༨ནས་བཟུང་ཨ་སྐྱོང་ཇོ་ནང་པའི་ནང་ཆོས་ལུགས་ཀྱི་བྱེད་སྒོ་གཅིག་ཀྱང་སྤེལ་མི་ཆོག་པའི་བཙན་བཀའ་བཏང་ནས་ད་བར་དགོན་པའི་ནང་དུས་མཆོད་སོགས་གཅིག་ཀྱང་འཚོགས་ཐུབ་མི་འདུག ཕྱིར་ཨ་སྐྱོང་ཇོ་ནང་དགོན་པར་མཚོན་ན། ལོ་རྟག་པར་བོད་ཟླ་ ༡༢ ནང་ཉིན་ ༩ རིང་ཕུར་པའམ་དཔལ་ཆེན་རྡོ་གཞོན་ནུའི་སྒོ་ནས་སྒྲུབ་མཆོད་གལ་ཆེན་ཞིག་འཚོགས་སྲོལ་ཡོད་ལ། དེ་ནི་དགོན་པ་དེ་དང་ས་གནས་དེའི་དུས་མཆོད་གལ་ཆེ་ཤོས་དེ་ཡིན་ལ། དུས་མཆོད་དེ་གྲུབ་མཚམས་དགུ་གཏོར་ཞེས་བོད་ཚེས་ ༢༨ དང་ ༢༩ གཉིས་ལ་དགོན་དེར་ཕུར་བ་ཁྲོ་བཅུ་པའི་གར་འཆམ་དང་། དེ་ནས་བོད་ཀྱི་ཟློས་གར་ཆེན་པོ་དྲི་མེད་ཀུན་ལྡན་དང་། འགྲོ་བ་བཟང་མོ་སོགས་དང་། གླིང་སྒྲུང་རྟ་རྒྱུག་རྒྱལ་འཇོག་དང་ཧོར་གླིང་གཡུལ་འགྱེད་སོགས་འཁྲབ་སྟོན་བྱེད་པ་དང་། གར་འཆམ་དང་ཟློས་གར་སོགས་ལ་ལྟད་མོ་བ་མང་ཚོགས་ལྔ་སྟོང་ལྷག་འཛོམས་སྲོལ་ཡོད་མོད། ད་ལོར་དེ་ཡང་འཚོགས་ཐུབ་མི་འདུག་ལ། ས་གནས་དེའི་བོད་རིགས་མང་ཚོགས་ཚོས་གནས་ཚུལ་དེ་ལ་བློ་འགྱོད་ཆེན་པོ་བྱེད་ཀྱིན་ཡོད་འདུག