དྲ་གྲོགས་ཚོ། ངའི་ངོ་ཤེས་པ་ཨ་རིའི་རྒན་མོ་ཞིག་གིས་ཁོང་ལ་སྒོར་ཁྲི་བཞི་ཙམ་ཞིག་བོད་ཀྱི་ལས་དོན་ཡག་པོ་ཞིག་ལ་ཞལ་འདེབས་རྒྱག་རྒྱུ་ཡོད། བོད་ཕྱི་ནང་གང་ལ་ཡིན་ན་ཡང་ཆོག བསམ་འཆར་ཞིག་འདོན་རོགས་ཟེར། ཁྱེད་ཚོས་བྱས་ན། སྒོར་འདི་བྱ་བ་གང་གི་ཆེད་དུ་བེད་སྤྱོད་བཏང་ན་ལེགས་པ་འདུག་གམ
སྒོར་མོ་དེ་འདྲ་ཞིག་ཡོད་ན། བོད་ནང་གི་ལས་དོན་གང་ཞིག་གི་ཆེད་དུ་གཏོང་ཐུབ་ན་ཡང་ཧ་ཅང་ལེགས་པོ་རེད་སྙམ། དམིགས་བསལ་འཕྲོད་བསྟེན་དང་ཤེས་ཡོན་གྱི་ཐོག་གཏོང་ཐུབ་ན་ཧ་ཅང་ལེགས། སྐར་མ་ལྔའི་སྔོན་ལ་ཨ་ཁེར་འདུག་གིས་སྡོད་སྐབས་དེར་ང་ལ་སྟོང་སེམས་ཤིག་ཤར། ངས་ཕ་ཡུལ་གྱི་ཐང་ཆེ་ས་ཞིག་ལ་རྭ་སྐོར་ཞིག་བསྐོར། རྭ་སྐོར་དེར་ཕ་ཡུལ་གྱི་རྟ་བཟང་དང་རྟ་རྒྱུགས་མཁན་གྲགས་ཅན་རྣམས་བསྡུས་ནས་རྟ་རྒྱུགས་འཐེན། དེར་ལྟད་མོ་བ་སྟོང་ཕྲག་མང་པོ་ཡོང་། ལྟ་མཁན་ཚང་མ་ལ་འཛིན་བཙོང་། བཟའ་བཏུང་བཙོང་། འདི་ཚང་མའི་འཛིན་སྐྱོང་བོད་མི་ལ་བྱེད་བཅུག དེ་ནས་ཞོར་དུ་ལུས་རྩལ་རྭ་བ་ཞིག་བཟོས། དེའི་ནང་དེང་སང་གི་གཞོན་སྐྱེས་ཚོར་ལུས་རྩལ་སྣེ་མང་རྩེ་བཅུག དེ་ནས་ཀྱང་སྒོར་མོ་བསྡུས། ཨོ་ཨོ། མ་རྩ་གང་ནས་ཡོང་གི་རེད། ངའི་སྟོང་སེམས་དེ་ཡང་འགག་སོང་།
སྒོར་མོ་དེ་འདྲ་ཞིག་དངོས་གནས་གཏོང་འདོད་ཡོད་ན།
བོད་ནང་གི་གྲོང་གསེབ་སྐྱོ་ས་ཞིག་ལ་གཏོང་ཐུབ་ན་ཡག་གི
སྒོར་མོ་ཁྲི་བཞི་དེ་ཨ་སྒོར་ཁྲི་བཞི་རེད་དམ་རྒྱ་སྒོར་ཁྲི་བཞི་རེད། ཡང་ན་ཡོ་སྒོར་ཁྲི་བཞི་རེད།
ཨ་རིའི་དཔལ་འབྱོར་དཀའ་ངལ་གྱི་དོང་ན་ཡོད་པའི་སྐབས་འདི་འདྲ་ཞིག་ལ། བོད་ནང་ལ་སྒོར་ཁྲི་བཞི་གཏོང་གི་ཡིན་ན།
དགའ་འོས་བ་ཞིག་རེད། འོན་ཀྱང་། ཨ་རོ། ཚངས་དབྱངས། སྐད་ཆ་འདི་བདེན་པ་ཡིན་ན། བསམ་འཆར་ཕུལ་དང་ཕུལ།
བསམ་འཆར་ཞིབ་ཏུ་ཕུལ་ཆོག སྐད་ཆ་རྫུན་མ་འདྲ་ཡིན་ན། ཆུ་ཚོད་མེད། དགོངས་དག
དྲ་གྲོགས་ཚོ། སྐད་ཆ་འདི་རྫུན་མ་རེད། ང་ཚོས་དགོན་པར་ཞལ་འདེབས་དང་། བླ་མའི་སྐུ་རིམ། མཆོད་རྟེན་བཞེངས་སྤྱད་དང་། སྐུ་འདྲ་རྡུང་བྱད་སོགས་ལ་གཏོང་དགོས་ཨེ་ཟེར་བལྟ་གི་ཡོད་པ་རེད། འདི་ཙམ་ཡང་ཧ་མི་གོ་ནི་ཨེ་རེད། གལ་ཏེ་ཧ་མི་གོ་ན་ཁར་ཉིན་ཁོས་རྒྱ་གཞུང་གི་ཡི་གེ་ཡིན་མདོག་ཅིག་བྲིས་པ་དེ་ལ་ལྟོས། སྐབས་རེ་ཁྱེད་ཚོ་ངོ་མ་གློའུ་རེད་ཡ།
ཨ་རོ་ཚངས་དབྱངས། ངའི་མཆན་ཚོ་རེ་རེ་བཞིན་བཀག་ནས་ཅི་བྱེད་དམ།
དྲ་གྲོགས་ཚོ། ངས་མཆན་ཐེངས་གཉིས་ལ་བཏང་བ་ཡིན། འཕྲལ་དུ་བཀག་སོང་། དྲ་དཔོན་ཚངས་དབྱངས་ཁོ་རང་གི་སེམས་ལ་མ་བབ་ནི་ཡིན་ས་རེད། ངའི་མཆན་ནི་གོ་རིམ་གྱི་དབང་དུ་བྱས་ན་དང་པོ་དང་གསུམ་པ་གཉིས་ཡིན། དང་པོ་བཀག་རྗེས་གསུམ་པ་བཏང་བ་ཡིན། ཐོག་མར་ཧ་གོ་མ་སོང་། དེ་ནས་ཧ་གོ་སོང་བས་ཡང་བསྐྱར་འདི་བཏང་བ་ཡིན། ད་དུང་བཀག་ན་ད་དུང་གཏོང་ཆོག ངའི་བཏང་ཟིན་པའི་མཆན་གྱི་ངོ་བཤུས་འདི་ཡིན། ༼ང་ལ་བསམ་འཆར་ཡག་པོ་ཞིག་ཡོད། ཨ་སྒོར་ཁྲི་བཞི་དེ་ཞོགས་དུང་དང་། སེང་རྡོར། བཀྲ་རྒྱལ། ད་དུང་ཁྱེད་རང་ཚངས་དབྱངས་བཞི་བོའི་གསར་བརྗེའི་འགྲོ་གྲོན་ལ་གཏོང་རོགས་ཞུ། མི་རིགས་ཤིག་གི་སེམས་ཁོངས་སུ་ཡུན་རིང་ཉར་ཡོད་པའི་ཆོས་ལུགས་ཤིག་རྩ་གཏོར་དུ་གཏོང་དགོས་ན། དེ་ལ་འགྲོ་གྲོན་ཡང་གང་ལ་གང་མཚམས་ཤིག་དགོས་པ་སྨྲོས་མེད་རེད། དེར་བརྟེན་སྒོར་མོ་དེ་ཁྱེད་རྣམ་པའི་ནང་ཆོས་བསྣུབས་རྒྱུའི་དགོངས་འཆར་གྱི་ཐོག་མའི་མ་རྩ་གནང་རོགས་ཞུ། དེ་ལས་ཡག་གཅིག་ལ་གཏོང་ས་གཏན་ནས་མེད། དྲ་གྲོགས་ཚོས་ཀྱང་རྒྱབ་སྐྱོར་གནང་རོགས།༽
བོད་ཡུལ་ནང་གི་སློབ་ཕྲུག་ཚོ་དང་དྭ་ཕྲུག་ཚོ་ལ་གཏོང་ན་དཔེ་ཡག་པོ་རེད།
དཔེར་ན། ང་རང་གི་དངུལ་ཕལ་ཆེར་བོད་ཡུལ་རང་ན་གཏོང་གིན་ཡོད། http://www.awamfoundation.org/
ངས་བལྟས་ན་བོད་ནས་འབྱོར་བའི་བཙན་བྱོལ་ནང་གི་སློབ་ཕྲུག་སྐྱོ་བོ་དེ་ཚོའི་སློབ་སྦྱོང་བྱེད་སྤྱད་དུ་བཏང་ན་ཡག་པོ་འདུག ཡང་མིན་ན་ བོད་ནང་གི་གྲོང་གསེབ་ཉམ་ཐག་པ་དག་གི་འཕྲོད་བསྟེན་གྱི་སླད་དུ་སྨན་ཁང་ཞིག་འཛུགས་སྐྲུན་གྱི་ཕྱིར་དུ་བཏང་ན་ཡག་པོ་ཡོད་ས་རེད།
རིགས་ཞེན་དྲན་སྐུལ།
ཁ་དང་སྣ་ཡི་བར་དུ་ཞེ་འཁོན་ཞིག།
ལག་པའི་ཕྱི་ནང་བར་དུ་རྩོད་གཞི་ཞིག།
འདི་འདྲའི་མི་རིགས་ཤིག་ལ་ཡར་རྒྱས་ཤིག།
ཡོང་རྒྱུའི་ཕྱོགས་སུ་རེ་བ་ཡོད་དམ་ཅི།།
རིགས་ཞེན་གཙང་མའི་མི་ཐག་མ་ལྷོད་པར།།
སེམས་དང་བསམ་པ་བོད་ཀྱི་བདེན་དོན་ལ།།
དྲི་མེད་ལྷག་བསམ་དངས་པའི་སྐད་ཆའི་རིགས།།
འདི་ནས་གཅིག་གིས་གཅིག་ལ་གསུང་རོགས་ཞུ།།
བོད་མི་ཟེར་བ་གཅིག་ལས་གཉིས་མེད་ལ།།
བོད་དོན་ཟེར་ན་དེ་བས་གང་ཞིག་ཡོད།།
ཆོས་དང་ཆོལ་ཁའི་ནད་རྙིང་འཕོག་མཁན་ཚོ།།
ད་ནི་དེ་འདྲའི་གཏམ་ངན་འདིར་མི་འཁོ།།
དང་བོ་རང་སྐྱོན་ཕྲ་མོ་ཤེས་པར་མཛོད།།
བར་དུ་རང་གི་ཅི་འཇོན་བརྟག་པར་གྱིས།།
ཐ་མར་བོད་རིགས་མཐུན་སྒྲིལ་ཕྱོགས་སུ་བརྩོན།།
བྱུང་ན་སྲོག་ཀྱང་བདེན་པའི་དོན་དུ་གཉོར།།
རིགས་ཞེན་སྙིང་གི་འཕར་ལྡིང་དྲོན་མོ་འདིས།།
རིགས་རུས་གཅིག་པའི་བོད་ཀྱི་སྤུན་ཟླ་ཚོར།།
དུས་དང་ནམ་ཀུན་འབོད་པ་བྱེད་ཀྱི་ཡོད།།
བོད་སེམས་བོད་པས་འཛིན་ལུགས་འདི་ལྟར་འདོད།།
འགྲིག་གི་འདོད་ན་དྲ་ཐོག་དུ་འགོད་རོགས། མི་འགྲིག་གི་བསམ་ན་གད་སྙིགས་ནང་དུ་གཡུགས་རོགས་ཞུ།
ངའི་རེ་བ་ལྟར་བྱས་ན།་སྒོར་མོ་ཡོངས་རྫོགས་བོད་གཞུང་ལ་འབུལ་ཐབས་བྱེད་དགོས།
ངས་བལྟས་ན་བོད་ནང་དུ་གཏང་ཐུབ་ན་ཡག་པོ་འདུག་བསམ་པ་སྟེ། གྲོང་གསེབ་ཀྱི་སློབ་གྲ་ཁག་དང་ཡང་ན་བོད་ནང་གི་སྐད་ཡིག་དྲ་ཚིགས་ལྟ་བུའི་དྲ་ཚིགས་ཁག་ལ་གཏང་ཐུབ་ན་ཡག་པོ་འདུག
སྐུ་ཞབས་དགེ་རབ་ལགས། འདི་ལ་མཆན་འགོད་པ་སྐུ་ཞབས་རླུང་སྐོར་ནག་པོ་ཞུ་བ་ཞིག་གིས་གུས་པས་ཁོང་གི་མཆན་བཀག་སོང་ཟེར། ཡིན་ནའི་ངས་རྩ་བ་ནས་མཆན་ལ་ལག་པ་བརྒྱབ་མེད། སྐུ་ཉིད་ནས་དེ་ལ་བརྟག་དཔྱད་ཞིག་གནང་ནས་གོང་གི་མཆན་འགོད་པར་གསལ་བཤད་ཞིག་གནང་རོགས།
རླུང་སྐོར་ནག་པོའི་མཆན་དེ་ཐེངས་གཉིས་ལ་འགོག་མཁན་ནི་ང་ཡིན། རྒྱུ་མཚན་དང་ཁུངས་ལུང་མེད་པ་ཙམ་དུ་མ་ཟད་འབྲེལ་མེད་ཀྱི་གནད་དོན་རེད་བསམས་ནས་བཀག་པ་ཡིན། འོན་ཀྱང་། མུ་མཐུད་ནས་བཏང་འདུག་པས་འགོག་རྒྱུ་ལུས་འདུག
དགེ་འདུན་རབ་གསལ། ངོ་མ་ཡ་མཚན་རེད། ཁྱོད་ཀྱིས་འགོག་དགོས་རྒྱུའི་མཆན་ནི་བཀག་གི་མི་འདུག དཔེར་ན་པད་ནོར་རིན་པོ་ཆེ་གྲོངས་དུས་གདོང་དམར་ཟེར་བས་ཐེ་ལེ་བརྡུང་པ་ལྟ་བུ། མི་ཁ་ཅིག་གིས་བོད་འདི་མེད་པ་བཟོ་མཁན་རྒྱལ་བ་རིན་པོ་ཆེ་ཡིན་པ་ལྟ་བུ། ཡང་མི་ཁ་ཅིག་གིས་རྒྱལ་བ་རིན་པོ་ཆེའི་བྱམས་བརྩེའི་བཀའ་སློབ་གྱིས་བོད་ལ་གནོད་བསྐྱལ་ཡོད་སྐོར་ལྟ་བུ། རྒྱ་རི་དང་ཟམ་གདོང་སོགས་མི་ཚེ་བོད་དོན་གྱི་ནང་ནས་རྒས་ཟིན་པའི་སྲིད་དོན་པ་སྐུ་དྲིན་ཅན་དེ་ཚོས་བོད་འདི་ཕུངས་སོང་བ་ལྟ་བུ། མཆན་དེའི་རིགས་ད་དུང་དྲ་ཐོག་ཏུ་བཤམས་བཞག་འདུག ཁྱོས་ངའི་མཆན་དེ་རྒྱུ་མཚན་དང་ཁུངས་ལུང་མེད་པ་ཙམ་དུ་མ་ཟད་འབྲེལ་མེད་ཀྱི་གནད་དོན་རེད་བསམས་ནས་བཀག་པ་ཡིན་ཟེར།
འོ་ན་ངས་ཁྱོད་ལ་གཅིག་འདྲི། གོང་གི་པད་ནོར་རིན་པོ་ཆེ་གྲོངས་དུས་གདོང་དམར་གྱིས་སྒོར་མོ་ལ་ཆགས་ནས་ཤི་ལམ་དུ་འགྲོ་རྒྱུ་མིན་ལུགས་གྱིས་ཐེ་ལེ་བརྡུང་པ་སོགས་རྒྱུ་མཚན་ཡོད་པ་དང་ཁུངས་ལུང་ཡོད་པ་ཞིག་རེད་བསམ་ནས་མ་བཀག་པ་ཨེ་ཡིན། མཆན་འདེབས་སྟངས་ཤིག་ལ་འདི་ལས་སྡུག་ཅིག་གནམ་འདིའི་འོག་ན་ཡོད་དམ། ངོ་མ་བཤད་ན་མཆན་དེའི་རིགས་དེ་དམེ་ཤི་ཁྲག་འཁོར་ལ་འགྲོ་ཉེན་ཡོད་པའི་མཆན་རེད། ངས་ཚངས་དབྱངས་ལ་བཏབ་པའི་མཆན་དེ་དེ་ལས་ཀྱང་སྡུག་ཅིག་ཨེ་རེད།
ཁྱོད་ཀྱིས་ང་ལ་དགོངས་དག་ཞུ་གི་ཡིན་ནམ། ཡང་ན་ངའི་མཆན་དེ་གོང་གི་མཆན་དེ་ཚོ་ལས་ཀྱང་སྡུག་གི་རེད་ཟེར་རྒྱུ་ཡིན། ངས་ཁྱོད་ཀྱི་ལན་ལ་སྒུག་བསྡད་ཡོད།
རླུང་སྐོར་ནག་པོ་ལགས། ངས་ཁྱེད་ལ་དགོངས་དག་ཞུ་རྒྱུ་ཡིན། ང་ནི་ཁྱོད་ལ་ཕོག་ཐུག་གཏོང་འདོད་རྩ་ནས་མེད་པས་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་ཡིན། ཁྱོད་ཀྱིས་གསུངས་པ་དེ་དག་དངོས་གནས་བདེན་པ་རེད། ཁ་བརྡའི་མཆན་གྱི་ཁོངས་སུ་མ་འོས་པ་གང་འཚམས་ཐོན་ཡོད་པ་རེད། ཁ་བརྡའི་རྩོམ་སྒྲིག་ཚོགས་ཆུང་གིས་མཆན་གྱི་སྐོར་ལ་མ་འོངས་པ་ལ་ཅི་བྱེད་གྲོས་མོལ་བྱེད་བཞིན་པ་ཡིན། ས་པཎ་གྱིས།། མཁས་པ་བརྩད་ཅིང་མ་དྲིས་པ།། དེ་ཡི་བར་དུ་གཏིང་མི་དཔོག། རྔ་ལ་དབྱུ་གུས་མ་བསྣུན་པ།། དེ་སྲིད་གཞན་དང་ཁྱད་ཅི་ཡོད།། ཅེས་གསུངས་པ་བཞིན། ཁ་བརྡ་ནི་ཤེས་ཡོན་ཅན་དང་ཤ་ཞེན་ཅན་ཚོས་རིགས་པའི་བརྡར་ཤ་གཅོད་ས་ཞིག་ཨེ་ཡོང་ལྟ་བ་ལས་སྐྱེ་བོ་ཆེ་ཆུང་ཚང་མར་དམོད་མོ་གཏོང་ས་ཞིག་ཏུ་མི་འགྱུར་བའི་སྨོན་ལམ་འདེབས་པ་ཡིན་ལ་རེ་བའང་བྱེད་པ་ཡིན། དེ་བས་ངས་ཁྱེད་ལ་དགོངས་དག་ཞུ་བ་དང་ཆབས་གཅིག་མུ་མཐུད་ནས་རིགས་པ་དང་ལུང་། བདེན་པ་དང་ཁུངས་འཕེར་བའི་རྩོམ་ཡིག་སྤེལ་རོགས་ཞེས་རེ་སྐུལ་ཞུ་བ་ཡིན།
དགེ་འདུན་རབ་གསལ་ལགས་ཀྱིས་ལྗགས་ལན་གནང་བར་ཐུགས་རྗེ་ཆེ། གདོང་གནས་བྱས་ན་ཁྱེད་ནི་འཇོན་མྱོང་ལ་ཉེས་མ་མྱོང་བ་དང་། གཞན་ལ་ཁ་གཏོང་མི་དགོས་པར་རང་གིས་ལག་རྗེས་ཆེན་པོ་འཇོག་ཐུབ་མཁན་ཞིག་ཡིན་པ་ངས་སྔ་མོ་ནས་ཤེས་ཀྱི་ཡོད། ཁྱོད་འདྲ་བའི་མི་གཞི་བཟང་ལ་ཤེས་འཇོན་གཉིས་ལྡན་ཞིག་དེང་རབས་བོད་པའི་གཞོན་སྐྱེས་ཚོའི་ནང་ན་ཤིན་ཏུ་དཀོན་པོ་ཡིན། ངས་ནམ་རྒྱུན་མི་མང་པོ་ལ་ཁྱེད་ཀྱི་བསྔགས་པ་བརྗོད་ཀྱི་ཡོད། འོན་ཀྱང་ད་ནངས་རླུང་རྒྱུ་སྟངས་ཤིག་གིས་མཆན་དེ་བཏང་བ་ཡིན། དགོངས་པ་མ་ཚོམས་རོགས།
འོ་ད་ཡག་པོ་བྱུང་སོང་། ཡང་སེམས་ཁྲལ་སྐྱེས་བྱུང་། ངས་འདིར་གནད་འགག་ཡོད་པ་གཅིག་བྲིས་ཡོང་དུས། ཞར་ལ་མཆན་འགོད་པ་དང་བདག་གཉེར་པ་ཁ་བརྩོད་ལྟ་བུ་བྱུང་ནས་དོན་གནད་གཙོ་བོ་དེ་མེད་པ་འགྲོ་ས་རེད་བསམས་བྱུང་། ད་དེ་ལྟར་བྱུང་མ་སོང་།
དྲ་གྲོགས་ལྷན་རྒྱས་ལ།
ཁོང་གི་བསམ་འཆར་བསྡུ་ལེན་བྱས་པ་འདི་ངོ་མ་ཡིན། བརྫུན་མ་ཡིན། གུས་པའི་ངོ་ཤེས་ཤིག་གི་ཁོང་ཨ་སྒོར་ཁྲི་བཞི་ཙམ་ཞིག་བེད་སྤྱད་ནས་བོད་ལ་ཕན་པའི་བྱ་བ་བསྒྲུབ་ཀྱི་ཡིན། བྱ་བ་ཇི་འདྲ་ཞིག་སྒྲུབ་ན་ཕན་པ་ཆེ་ཤོས་ཡོད་པའི་བསམ་འཆར་ཤོད་རོགས་ཟེར། དེར་བརྟེན་གུས་པས་བསམ་བློ་བཏང་རྗེས། རང་དང་འདྲ་བའི་བོད་མི་རྣམས་ཀྱི་དྲུང་ནས་བགྲོས་གཅིག་འདྲིས་ན་བློ་རྒྱ་སྐྱེད་བར་ཕན་སྙམ་ནས་འདིར་བཀོད་པ་ཡིན།
ང་ད་དུང་ཉིན་གཅིག་གཉིས་ཤིག་དྲ་གྲོགས་གཞན་གྱི་བསམ་འཆར་སྒུག་རྗེས་ཁོང་ལ་ཡིག་ལན་འབྲི་རྒྱུ་ཡིན། བསམ་འཆར་ཞིབ་མོ་མི་དགོས། གཙོ་བོ་ལས་ཀ་གང་ཞིག་གི་ཐོག་ལ་འགྲོ་འགྲོན་གཏོང་ཐུབ་ན་བོད་སྤྱི་ལ་ཕན་པ་ཆེ་བ་ཡོད་པ་གསུངས་ཐུབ་ན་འགྲིག ངས་ད་ལྟ་གྲོས་གཞི་གཉིས་ཐོ་རྒྱབ་ཡོད། གྲོགས་མོ་ཁོང་གིས་ཁོང་གི་མིང་དང་རྒྱབ་ཁུངས་ཐོག་ཤིན་དུ་གསང་རྒྱ་བྱེད་དགོས། དེའི་སྐོར་སུ་ཞིག་ལ་གླེང་མི་ཆོག་ཟེར། བྱས་ཙང་འདིར་ཁོང་གི་སྐོར་ལ་འགོད་ཐུབ་མ་སོང་། ཡིན་ནའི་ཁོང་ལོ་ན་ཤིན་དུ་ཕྲ་མོ་རེད། བསམ་རྒྱ་ཆེན་པོ་ཡོད་སྟབས། ཅུང་ཧ་ལས་སོང་།
ངའི་བསམ་འཆར།
༡༽ ཨ་སྒོར་ཁྲི་བཞི་ནས། ཁྲི་གཉིས་ཙམ་བེད་སྤྱད་ནས། བོད་པའི་ཆབ་སྲིད་ཀྱི་བསམ་བློ་བའི་དཔུང་ཁག (Think Tank) ཞིག་འགོ་འཛུགས་ཐུབ་ན་དགེ་མཚན་ཆེ་སྙམ། དེའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་མ་འོངས་པའི་མདུན་ལམ་གྱི་ཐོག་ལ་བསམ་གཞིགས་དང་བསམ་འཆར་བསྡུ་ལེན་གྱིས་སྲིད་བྱུས་དང་ལས་གཞི་ལག་བསྟར་བྱེད་པར་སྐུལ་སློང་གཏོང་བ།
༢༽ ཨ་སྒོར་ཁྲི་གཉིས་ཙམ་ཞིག་མ་རྩ་ལ་བཞག་ནས། བོད་ཕྱི་ནང་གཉིས་ཀྱི་ནང་ལ་མི་རིགས་འདིའི་ཆེད་དུ་བྱས་རྗེས་འཇོག་མཁན་རྣམས་ལ་གཟེངས་བསྟོད་བྱ་དགའ་ཞིག་བཟོས་ནས། རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་གྱི་ཉིན་མོར། ཁོང་ནས་བོད་མི་འདི་དག་ལ་གཟེངས་རྟགས་གནང་ན། མིའི་སེམས་ཤུགས་འགུལ་བར་ཕན་པ་ཆེ་སྙམ། དཔེར་ན། ད་བར་ཕྱི་རྒྱལ་མི་རིགས་ཁ་ཤས་ཤིག་གིས། ཨ་རྗེ་འོད་ཟེར་ལགས་ལ་ཁོང་གི་བྱས་རྗེས་ལ་གཟེངས་རྟགས་འབུལ་སོང་། བོད་པའི་ཚོགས་པ་དང་སྒེར་སུ་ཞིག་གི་ཁོང་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་ནུས་པ་ལྡན་པ་ཞིག་འདོན་ཐུབ་མ་སོང་། དེར་བརྟེན་འདི་ལྟ་བུའི་བྱ་དགའི་མཛད་སྒོ་ཞིག་ནས་འོད་ཟེར་ལགས་ལ་རྒྱབ་སྐྱོར་ཡོད་པའི་ལས་ཀ་ཞིག་བྱེད་ཐུབ་ན་ཚང་མར་ཕན།
ཝ་ཤིང་ཀྲོན་གྱི་བོད་རྒྱལ་སྤྱིའི་ལས་འགུལ་ཚོགས་པས། ལོ་ལྟར་ཕྱི་རྒྱལ་གྱི་མིས་བོད་མིར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ལེགས་འབུལ་ལྟ་བུའི་གཟེངས་རྟགས་ཤིག་འབུལ་སྲོལ་འདུག དེའི་མིང་ལ་རང་དབང་དཔལ་འབར་ཟེར། འདི་ངོ་མ་ཕན་ཐོག་འདུག ད་ང་ཚོ་བོད་པར་ཡང་སེམས་ཤུགས་སློང་ཆེད་འདི་ལྟ་བུ་ཞིག་བྱུང་ན་ཅིས་མི་ལེགས་སྙམ།
གུས་པའི་བསམ་ཚུལ་འདི་གཉིས་ཡིན། ད་དུང་བསམ་བློ་གཏོང་བཞིན་ཡོད་དོ།
དྲ་གྲོགས་ཚངས་དབྱངས་ལགས་ཀྱིས་གསུངས་པ་དེ་དངོས་བདེན་ཡིན་ན་ཤིན་ཏུ་ལེགས། འོན་ཀྱང་ད་དུང་ཐེ་ཚོམ་སྐྱེ་གཞི་ཞིག་ལ། དང་པོ་ཁྱེད་ཀྱིས་ངའི་ངོ་ཤེས་པ་ཨ་རིའི་རྒན་མོ་ཞིག་གིས་གསུངས་པ་དང་། ད་ལྟ་ཁོང་ལོ་ན་ཤིན་དུ་ཕྲ་མོ་རེད། གསུངས་པ་གཉིས་ལ་ནང་འགལ་ཅུང་ཡོད་མོད། གཅིག་བྱས་ན་ཐུགས་མཉམ་མ་བཞག་པ་ཡིན་རྒྱུ་རེད། གང་ལྟར་གཏམ་འདི་བདེན་ན། ང་ཚོར་བྱེད་རྒྱུ་མང་པོ་ལྷག་ཡོད། ཁྱེད་ཀྱིས་གསུངས་པའི་དོན་ཚན་དང་པོ་དེ་ཡག་པོ་འདུག གཉིས་པ་དེ་ཅི་འདྲ་ཡིན་ནམ་བསམ་བློ་གཏོང་དགོས། ཨ་ཅེ་འོད་ཟེར་ལགས་དངོས་གནས་མི་རིགས་ལ་བསམ་བློ་གཏོང་མཁན་དང་། སྙིང་སྟོབས་ཡོད་མཁན་ཞིག་རེད། འོན་ཀྱང་མོ་རང་ད་དུང་འཇིག་རྟེན་འདིར་འཚོ་བཞུགས་གནང་ཡོད། དེ་བས་མི་རིགས་འདིའི་ལས་དབང་གི་ཆེད་དུ་གཅེས་པའི་ཚེ་སྲོག་གི་དམར་མཆོད་ཕུལ་བའི་རྒྱལ་གཅེས་དཔའ་དཔའ་མོ་རྣམས་ཀྱི་མཚན་ཡོངས་རྫོགས་དང་། གཅེས་པའི་ཚེ་སྲོག་བོད་མི་རིགས་ཀྱི་ཆེད་དུ་ཕུལ་བའི་ལོ་ཟླ་ཚེས་ཀྱང་གསལ་བོར་འཁོད་པའི་རྒྱལ་གཅེས་དཔའ་བོའི་རྡོ་རིང་ཆེན་པོ། ངོས་གཅིག་ལ་དབྱིན་ཡིག་དང་ངོས་གཅིག་ལ་བོད་ཡིག་ཡོད་པ། ད་དུང་མུ་མཐུད་དུ་གཅེས་པའི་ཚེ་སྲོག་འབུལ་མཁན་རྣམས་ཀྱི་མཚན་སོགས་འབྲི་སའི་སྟོང་ཆ་ཆེན་པོ་ཡོད་པའི་རྡོ་རིང་ཞིག ས་གནས་གང་རུང་ཞིག་ཏུ་བཞེངས་ཐུབ་ན་དགེ་མཚན་ཆེ་སྙམ། ད་ལྟའི་ཆར་བོད་མི་མང་སྤྱི་འཐུས་ཀྱིས་གྲོས་འཆམ་ཐོག་དེ་འདྲ་ཞིག་བཞེངས་འཆར་ཡོད་མོད། ངས་དེ་འདྲའི་འཐུས་ཚང་ཞིག་ཡོང་རྒྱུ་མ་རེད་སྙམ། དཔེར་ན། རྒྱལ་གཅེས་དཔའ་བོའི་རྡོ་རིང་ཞིག་བཞེངས་པ་ཙམ་གྱིས་ཕན་ཐོགས་ཆེར་མེད། རྡོ་རིང་དེའི་ཐོག་དཔའ་བོ་དཔའ་མོ་གཅིག་ཀྱང་མ་ལུས་པའི་མཚན་དངོས་སུ་འཁོད་དགོས། ད་དུང་མུ་མཐུད་དུ་མཚན་དང་ཟླ་ཚེས་སོགས་འགོད་ས་ཡོད་པའི་ས་སྟོང་ཆེན་པོ་ཞིག་ཀྱང་ངེས་པར་དུ་དགོས། ང་ཚོའི་དམིགས་ཡུལ་ད་དུང་འགྲུབ་མེད། ང་ཚོར་ད་དུང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་གཏོང་ཐུབ་པའི་དཔའ་བོ་དཔའ་མོ་གྲངས་མེད་པ་ཡོད། ང་ཚོས་ཇི་སྲིད་བོད་ལ་རང་བཙན་མ་ཐོབ་པར་འདི་ལྟར་བརྩོན་དགོས་པས། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་གཏིང་བརྗེད་བྱས་ན་གཏན་ནས་མི་རུང་། འདིས་ཕྱོགས་གཅིག་ནས་ལོ་རྒྱུས་ཀྱི་བདེན་དཔང་བྱེད་ཐུབ་ལ། ཕྱོགས་གཅིག་ནས་རྒྱལ་ཞེན་དང་ལྷབ་བསམ་ལ་སྐུལ་སློང་ཡང་བྱེད་ཐུབ། དེར་བརྟེན་དེ་འདྲའི་དྲན་རྟེན་རྡོ་རིང་ཆེན་པོ་ཞིག་བཞེངས་ན་བཟང་ངམ་སྙམ་པས། དྲ་གྲོགས་དཔྱོད་ལྡན་རྣམས་ཀྱིས་ཐུགས་བསམ་བཞེས་རོགས་ཞུ།
སྒོར་མོ་གཏོང་ས་མེད་པའི་དཀའ་ངལ་འཕྲད་པ་ནི་དངོས་ནས་ཡ་མཚར་རེད། ང་ཚོ་འདིར་ཡོད་བོད་རིགས་ཚོགས་པ་དང། བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་ནམ་རྒྱུན་མ་དངུལ་འཚོལ་བསྡུའི་ཐོག་དཀའ་ངལ་རྒྱག་གི་འདུག་་་ས་གནས་དེར་ཡང་འཆར་གཞི་ཅན་གྱི་བོད་ཚོགས་དང་རྒྱབ་སྐྱོར་ཚོགས་པ་ཡོད་དགོས་ངེས་རེད། ཨ་སྒོར་མང་པོ་ཞིག་གནམ་ལ་འཕྱར་བ་དེ་ཡག་རྟགས་མ་རེད། བོད་ནང་གི་གནས་སྟངས་ནས་བཤད་ན།
དཔལ་འབྱོར། སློབ་གསོ། འཕྲོད་བསྟེན། ཁོར་ཡུག་ག་བར་བཏང་བཏང་རེད། ཨ་རིར་ཡོད་པའི་བོད་རིགས་ཚོར་འཆར་གཞི་རྫོགས་ཡོད་པ་དངོས་ནས་ཐབས་སྐྱོ་བོ་རེད།
དྲ་གྲོགས་ཚོ། ད་ཁ་བྲོ། བཀྲ་ཤིས། ད་ངོ་ཚ་ཉོ་གི་མ་འདུག ཚངས་དབྱངས་ཀྱིས་བོད་འདི་ལ་དགོན་པ་མ་གཏོགས་སློབ་གྲ་མེད་པ་དང་། ནང་ཆོས་མ་གཏོགས་སྲིད་དོན་ལ་དོ་སྣང་མེད་པ། ༧གོང་ས་མཆོག་གིས་ད་བར་བྱམས་བརྩེའི་བཀའ་སློབ་མ་གཏོགས་འཇིག་རྟེན་མི་དང་དཔུང་པ་མཉམ་འབྲེལ་བྱས་ནས་འགྲོ་རྒྱུའི་ལམ་ཁ་བསྟན་མེད་ཚུལ་སོགས་མདོར་ན་བོད་ཀྱི་ཆག་སྒོ་ཡོངས་རྫོགས་ནང་ཆོས་དང་བླ་མ་དགོན་པ་རྣམས་ཀྱིས་བཟོས་པ་ཡིན་རབས་ཡང་ཡང་བཤད་པ་མཐོང་མ་མྱོང་ངམ། ངས་གོང་གི་མཆན་བུ་༣༽པར་བཤད་པ་བཞིན་ཁོས་ཨ་སྒོར་ཁྲི་བཞི་ཡོད་རབས་བཤད་ནས། ཆོས་དད་ཅན་ཚོས་དགོན་པར་ཞལ་འདེབས་དང་། བླ་མའི་སྐུ་རིམ། མཆོད་རྟེན་བཞེངས་སྤྱད་དང་། སྐུ་འདྲ་རྡུང་བྱད་སོགས་ལ་གཏོང་དགོས་ཨེ་ཟེར་བལྟ་གི་ཡོད་པ་རེད། གལ་ཏེ་དེ་འདྲ་ཟེར་མཁན་ཡོད་ན་རྗེས་ནས་ཚིག་དེ་ལུང་འདྲེན་བྱས་ནས་ཆོས་པ་ཚོའི་མགོ་ལ་རྒྱག་བྱད་བྱེད་བསམ་པ་རེད། ཁྱེད་ཚོས་འདི་ཙམ་ཡང་ཧ་མི་གོ་ནི་ཨེ་རེད། ཁར་ཉིན་ཡང་ཁོས་རྒྱ་གཞུང་གི་ཡི་གེ་ཟེར་བ་ཞིག་བྲིས་ནས་མི་མང་པོ་རྒྱ་མར་བཀྱག་ཚར་སོང་ང་། གལ་ཏེ་ཨ་སྒོར་ཁྲི་བཞི་སྤྲོད་ས་མ་རྙེད་པའི་དཀའ་ངལ་ཅན་གྱི་རྒན་མོ་ཞིག་གམ་བུ་མོ་ཞིག་གིས་ཚངས་དབྱངས་ཀྱི་སློབ་སྟོན་ལ་བསྒུགས་ནས་བསྡད་ཡོད་ན། ངས་ཀྱང་ཚངས་དབྱངས་ལ་ཨ་སྒོར་ཁྲི་བཞི་མ་རག་རུང་ཁྲི་གཉིས་སྣོན་མར་སྤྲད་ཆོག རྗེས་མར་ཚངས་དབྱངས་ཀྱིས་ཁུངས་སྐྱེལ་ཅི་ལྟར་བྱེད་ཀྱི་ཡིན། ང་ཚོས་བལྟ་ཆོག་གི་རེད། ད་དུང་ཁོའི་ཚིག་དུམ་དེ་ལ་ནང་འགལ་ག་ཚོད་འདུག ངོ་མ་དགོད་ཤོར་ནི་ཟིག་རེད། ད་ཁྱོད་ཚོས་ཀྱང་གློའུ་རྟགས་མ་་་་་་་་་་་་་་་་་་་་་་་་་
ཨ་རིའི་རྒན་མོ་དང་བུ་མོ་གང་ཞིག་ལ་བོད་དོན་ཐོག་སྒོར་མོ་དེ་འདྲ་གཏོང་ཡ་ཡོད་ན་དེ་ལེགས་པའི་བྱ་བ་ཞིག་ཡིན་པ་བརྗོད་མི་དགོས། གལ་ཏེ་ཚངས་དབྱངས་པར་ད་ལྟ་སྐབས་འཕྲལ་དེ་འདྲ་ཞིག་མེད་ཀྱང་དེ་ལ་གནད་སྐྱོན་གང་ཡང་མེད། སྤྱིར་ནས་བོད་དོན་ཐོག་ལྷག་བསམ་གཏོང་ཕོད་ཀྱི་ཕྱག་རྒྱ་ཆེ་བ་ཡོད་མུས་རེད། ངག་རྒྱུན་དུ་ཤེར་ནོར་གཉིས་ཀྱི་ལྷ་ཕན་ཚུན་མ་འཆམ་པའི་བཤད་སྲོལ་ལྟར་ལྷག་བསམ་དང་སྒོར་མོ་ཡོད་ཀྱང་ཐབས་ཚུལ་ཞེན་པ་དེ་འདྲ་མེད་མི་སྲིད། དེས་ན་དྲ་གནས་འདི་རྣམ་རིག་གར་རྩེད་དང་ཤེས་ཡོན་བགྲོ་གླེང་གི་ར་བ་ཞིག་ཡིན་པ་སོང༌། གནའ་མི་བོད་ཀྱི་གཏམ་དཔེ་ལ། ཕོ་རབ་གཅིག་གི་བསམ་པ་ལས་ཕོ་འབྲིང་བརྒྱ་ཡི་གྲོས་སྡུར་དགའ་ཟེར་བ་ལྟར་ཕན་ཚུན་དཔྱད་སྡུར་གྱིས་ཐབས་ལམ་བཟང་འཚོལ་བྱེད་རྒྱུ་དེ་གལ་དོན་ཆེ་བར་སྨོས་མེད་ཡིན་ཀྱང༌། དེ་ལས་ལྡོག་པ་རླུང་འཁོར་ནག་པོ་ཟེར་བའི་མི་འདིས་རང་འཆིང་རྣམ་རྟོག་གིས་བསྡམས་ཏེ་ཟུག་ངུའི་སྟོང་སྐད་སྒྲོག་བཞིན་འདུག་པ་ནི་འབུ་སྡོམ་བལ་དཀྱིལ་དུ་རང་འཕག་གི་རྒྱ་ལས་མ་འདས། ཡང་ཁོའི་བཤད་སྟངས་དེ་ལ་ལྐུགས་པའི་སྤྱང་མདོག་ཟེར་ཀྱང་འཐད།
སྒོར་མོ་དེ་འདྲ་ཞིག་བུ་མོ་དེ་ལ་ངོ་མ་གཏོང་འདོད་ཡོད་ན་ད་ནི་བོད་དོན་ཆེད་ཆབ་སྲིད་ཀྱི་ལས་འགུལ་གྲགས་ཅན་ཞིག་སྤེལ་ཐབས་བྱས་ན་འགྲིག་གི ཤེས་ཡོན་དང་ནད་པར་རོགས་སྐྱོར་སོགས་ལ་གང་འཚམས་རོགས་པ་བྱེད་མཁན་འདུག་པས་ཕལ་ཆེར་འགྲིག་འགྲོ་ས་རེད། དེང་སེང་གི་ཕྱིར་ཕ་ཡུལ་དུ་ལོག་པ་ལྟ་བུ་ལའང་དཔལ་འབྱོར་གྱི་རོགས་སྐྱོར་ཧ་ཅང་མཁོ་ངེས་རེད།
འདི་ཨེ་བདེན་ནམ། མི་ངོ་ཤེས་ན་མ་གཏོགས་གློག་འཕྲིན་སོགས་ནས་འདི་འདྲ་ཟེར་མཁན་མང་པོ་འདུག
དེ་བཞིན་ཚངས་དབྱངས་ལགས་ཀྱིས་ཀྱང་དང་པོ་ངའི་ངོ་ཤེས་ཨ་རིའི་༼རྒན་མོ་ཞིག༽གསུངས་པ་དང་། རྗེས་ནས་ཡང་༼ཁོང་ལོ་ན་ཤིན་ཏུ་ཕྲ་མོ་རེད་༽ གསུངས་པ་ཅུང་ཟད་ཏོགས་པའི་གནས་འདུག གང་ལྟར་དངོས་འབྲེལ་ཡིན་ཚེ་རྗེས་སུ་ཡི་རངས་ཡོད། འཕྲོད་བརྟེན་དང་ཤེས་ཡོན་སོགས་ཕྱོགས་གང་ཐད་ནས་འགྲིག་འགྲོ་གི་ཡོད། ད་སྐབས་ཆབས་སྲིད་ཀྱི་ལས་འགུལ་སྤེལ་པར་རོགས་དངུལ་ཁག་ཙམ་ཡོད་སྟབས། རབ་བྱུང་ན་ཆབ་སྲིད་ཀྱི་ལས་འགུལ་དེ་འདྲའི་ཆེད་གཏོང་ཐུབ་ན་ལེགས་པ་མེད་དམ་བསམ། རྨོངས་འཆར་ཙམ་ཡིན་ལགས།
དྲ་གྲོགས་ཚོ། ཚང་མས་དོ་འཁུར་གནང་བར་ཐུགས་རྗེ་ཆེ། གུས་པས་དྲ་ཐོག་ལ་བལྟས་ནས་བསམ་འཆར་ཅུང་ཞིབ་པ་ཡོད་པ་འགའ་ཞིག་ངེད་ཀྱི་བསམ་འཆར་གཉིས་པོའི་ཐོག་བསྣན་ནས་འབུལ་རྩིས་བྱེད་ཀྱི་ཡོད།
འདིར་མཆན་འགོད་པ་འགའ་ཤས་ཀྱིས་ཆབ་སྲིད་ཀྱི་ཐོག་རོགས་པ་བྱེད་ཟེར། ཆབ་སྲིད་ལས་གཞི་གང་གི་ཐོག་ལ་རོགས་པ་བྱེད་དགོས་པ་གསུངས་ན་ཕན་པ་འདུག ཆབ་སྲིད་ཅེས་ཟེར་ན་རྒྱ་ཆེན་པོ་རེད། དཔེ་གཅིག་གཉིས་ཤིག་འཇོག་རོགས་གནང་།
ཚང་མས་འདིར་དོ་སྣང་གནང་བར་ཐུགས་རྗེ་ཆེ།
སྐུ་ཞབས་རླུང་སྐོར་ནག་པོ་ལགས།
ཁྱེད་ཀྱིས་གུས་པར་དམིགས་བསལ་བསམ་འཆར་མང་པོ་བཏོན་ཡོང་གི་འདུག ཐུགས་རྗེ་ཆེ། དང་པོ་ངས་སྔོན་མ་ཇི་བཤད་དེ་ལུང་དྲངས། དེ་ནས་ཁྱེད་ཀྱི་ལྟ་བ་གསུངས་ན། ངེད་ཚོ་ཚང་མར་ཕན་པ་ཆེ་བ་འདུག ངས་དུས་ཚོད་རགས་ན། དེ་དག་ལ་ལན་ཞིབ་ཕྲ་འབུལ་ཆོག
ཚངས་དབྱངས་ཀྱིས་ད་དུང་རླུང་འཁོར་ནག་པོར་ལན་བཏབ་མི་འདུག་ག
ལན་ཅིག་འདེབས་རྒྱུ་ཡོད་ན་ད་འདེབས་རན་རེད་དོ།།
ཕྲན་གྱིས་བསམ་པར་ད་རེས་ཀྱི་ཨ་སྒོར་ཁྲི་བཞི་འདི་ངེས་པར་དུ་བོད་ནང་དུ་བོད་མི་ཚོའི་འཕྲོད་བསྟེན་གྱི་ཆེད་དུ་འབུལ་ཐུབ་པ་ཡིན་ན་ཧ་ཅང་གི་དགེ་ཕན་ཆེན་པོ་ཡོད་པར་སྙམ།རྒྱུ་མཚན་ནི་བོད་ནང་དུ་དངོས་གནད་དྲང་གནས་འཕྲོད་བསྟེན་ཀྱི་གནས་བབ་སྐྱོ་བོ་རེད། ལྷག་པར་དུ་མི་མང་ལ་འཕྲོད་བསྟེན་སྐོར་ཀྱྀ་ཤེས་བྱའི་གོ་རྟོགས་ཧ་ཅང་དམའ་ལ། འཕྲོད་བསྟེན་གྱི་གལ་གནད་ངོས་འཛིན་དང་དོ་སྣང་བྱེད་མཁན་དེ་བས་ཀྱང་ཉུང༌།དེར་བརྟེན། བོད་ནང་དུ་ལོ་རེ་ནས་ལོ་རེར་འཕྲོད་བསྟེན་གལ་ཆེན་གྱི་གནས་སྟངས་ལ་ངེས་ཤེས་མ་རྙེད་པས་དབང་གིས་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་འབོར་ཆེན་ཕྱིན་དང་འགྲོ་མུས་ཡིན་པས། ད་རེས་དངུལ་འདི་དག་ཆབ་སྲིད་ཀྱི་ལས་འགུལ་དང་མ་འབྲེལ་ཞིང་རྒྱ་ནག་གི་བོད་ནང་གི་བོད་མི་ཚོར་གནོན་ཤུགས་གང་ཡང་མི་ཐེབས་པའི་སྒོ་ནས་ཁོང་ཚོའི་མིག་སྔའི་འཕྲོད་བསྟེན་གྱི་དཀའ་ངལ་སེལ་ཐབས་ལ་གཏོང་ཐུབ་ན་དངོས་གནས་དགེ་བའི་ལས་ཟེར་ནའང་དེ་རེད་ལ། བོད་རང་བཙན་ཀྱི་ཆེད་དུའང་དེ་ལས་ལྷག་པའི་ལས་དོན་རླབས་ཆེན་གང་ཡང་སྒྲུབ་རྒྱུ་མེད་སྙམ། དེ་བས། ཚང་མས་ད་དུང་དགོངས་པ་ཡང་དག་ཅིག་བཞེས་ནས་བསམ་ཚུལ་གང་མང་སྤེལ་རོགས་ཞུ་རྒྱུ།
རང་ངོས་ནས་བཤད་ན་དངུལ་དེ་དག་བོད་ནང་ལ་གཏོང་བ་ལས་བཙན་བྱོལ་ནང་གི་གཞིས་ཆགས་འཚོ་བའིོ་རྟེན་གཞི་ཞན་ས་ཁག་ལ་སྤྲད་ན་ཕན་རླབས་ཆེའོ༌། དེཡང་རྒྱུ་མཚན་ནི་ད་ལྟའི་ཆར་བོད་ནང་ཤིན་ཏུ་ནས་དམ་དྲག་ཆེ་བས དེ་འདྲ་ཞིག་གཏོང་ཐུབ་་བར་དཀའ་སྙམ།
བསམ་གཏན་ལགས། ཁྱེད་ཀྱི་བཀའ་མོལ་དེ་ནོར་བ་མིན་ནམ། ང་རླུང་སྐོར་ནག་པོའི་ལན་སྒུག་བཞིན་ཡོད། ཁོང་གི་འདྲི་བ་བྱུང་ཚེ་ལན་རེ་རེ་བཞིན་འབུལ་རྩིས་ཡིན།
ཐུགས་རྗེ་ཆེ།
སྒོར་དེ་སྐད་ཡིག་དར་སྤེལ་དང་ཁྱབ་གདལ་ཆེད་དུ་བཀོལ་ན་འདོད། བོད་མི་ཀུན་གྱི་ཁ་ནས་མ་ཎི་བཞིན་བགྲང་བཞིན་པ་སྟེ་རིག་གནས་སྲུང་སྐྱོབ་དང་ནང་བསྟན་དར་སྤེལ་ཆེད་དུ་སྐད་ཡིག་སྐོར་གྱི་ལས་དོན་སྒྲུབ་ན་སྙམ། རྒྱུ་མཚན་བོད་ཀྱི་རིག་གནས་དང་ནང་ཆོས་སོགས་རང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་དར་སྤེལ་གཏོང་བ་ཡིན་ན། རང་ཉིད་གོ་ལ་འདིར་འཚོ་སྡོད་ཀྱི་གོ་སྐབས་ཇེ་ལེགས་སུ་གཏོང་ཐུབ་ལ་རང་གི་ནོར་བུ་ནམ་ཡང་རང་གི་ཡིན། གཞན་བོད་ཕྱི་ནང་གཉིས་སུ་སྐད་ཡིག་ཁོ་ནར་ལས་དོན་བསྒྲུབ་མཁན་དང་སྒོར་འབུལ་མཁན་དེ་ལས་ཉུང་བར་འདོད།
ཨ་སྒོར་ཁྲི་བཞིས་དོན་ཆུང་ཆུང་ཞིག་ལས་དོན་ཆེན་ཞིག་སྒྲུབ་ཨེ་ཐུབ་སྙམ། སྒོར་མོ་ཉུང་སོང་དོན་དག་ཆེ་སོང་བས་ཡིན། ཡིན་ན་ཡང་སློབ་གསོ་དང་འཕྲོད་བསྟེན་གཉིས་ཀྱི་ཕྱོགས་ལ་གཏོང་ན་ལེགས་སྙམ།
དྲང་བདེན་མེད་པའི་འཇིག་རྟེན་བསམ་པ་ཚོས། །
གནའ་ཡང་རྒྱུ་ནོར་རྩོད་པས་ཆོས་སྲིད་ཉམས། །
དེང་ཡང་རྒྱུ་ནོར་རྩོད་པས་ནང་འཁྲུག་བསློང་། །
གནའ་དེང་བརླག་པའི་སྟྭ་གྲི་སོ་གཉིས་ཚོགས། །
གང་ལ་གཡུག་ན་མི་བདེའི་གཞི་མ་མཐོང་། །
ཅི་དགར་ཁྱོད་རང་ལག་ན་ཡོད་པར་ལགས། །
ཁ་ནས་གང་ཐོན་རང་གི་བསམ་ཚུལ་རེད།།
ལག་ནས་གང་བྱེད་སྡེ་བའི་དོན་དག་རེད།།
ཁ་ལག་གཉིས་ཀྱི་གོ་དོན་མ་ནོར་བར།།
རིགས་ཞེན་གཙང་མའི་ལས་ཤིག་བྱེད་རོགས་ཞུ།།
དངུལ་དེ་འདྲ་ཡོད་མཁན་གྱི་བུ་མོ་ལགས་ཁྱེད་རང་ལ་བཞུ་འདོད་པ་ཞིག་ལ་ཁྱེད་རང་གི་བསམ་ན་སྒོར་དེ་བོད་དོན་ཅི་འདྲ་ཞིག་ལ་བཀོལ་སྤྱོད་བྱས་ན་ལེགས་སྙམ་གྱི་འདུག་གམ༌། དེ་ལ་ཨ་ལན་གསལ་པོ་ཞིག་གནང་རོགས་གནང༌།
རྒྱ་གར་དང་བལ་ཡུལ་དུ་བོད་མི་གསར་འབྱོར་བདག་མེད་མང་པོ་ཡོད་པས། དེ་ཚོར་འཕྲལ་སེལ་གྱི་ནུས་བ་འདོན་ཐུབ་ན་དེ་དག་གི་མ་འོངས་པའི་མདུན་ལམ་ལ་ཕན་ཐོགས་ཀྱི་རེད་ལ། བདག་མེད་གཞོན་སྐྱེས་དེ་ཚོ་འཕྲོ་བརླག་ཏུ་མ་ཤོར་ན་གཡང་པོ་རེད་བསམ་གྱིན་ཡོད།
འཇུ་སྐལ་བཟང་།
ཀ་བ་བུམ་པ་ཟེར་བའི་གྲྭ་བ་ཚོས་རིགས་ལམ་མི་རྩོད་སྒོར་མོ་རྩོད། །
ཁ་ཏོན་དགེ་སྦྱོར་བྱེད་པའི་ཨ་མཆོད་དག་དགེ་བ་མི་གསོག་སྒོར་མོ་གསོག །
ག་ལེར་ཉི་མ་སྐྱེལ་བའི་སྒོམ་ཆེན་རྣམས་སེམས་ངོ་མི་འཚོལ་སྒོར་མོ་འཚོལ། །
ང་ཁྱོད་ཕྱོགས་རིས་སྤངས་པའི་བྱ་བྲལ་ཡང་དབེན་གནས་མི་སྙོག་སྒོར་མོ་སྙོག །
ཀ་ཁ་ག་ང་སློབ་པའི་བྱིས་པ་ཚོས་དབྱངས་གསལ་མི་ཀློག་སྒོར་མོ་ཀློག །
ཁ་རོག་མ་ཎི་འདོན་རན་རྒས་འཁོགས་དག་ཕྲེང་བ་མི་བགྲང་སྒོར་མོ་བགྲང༌།
ག་བྱེད་འདི་བྱེད་མེད་པའི་ལས་བྱེད་རྣམས་བྱ་བ་མི་གཉེར་སྒོར་མོ་གཉེར། །
ང་ཅག་མི་རབས་གསར་བའི་ན་གཞོན་ཡང་མདུན་ལམ་མི་སེམས་སྒོར་མོ་སེམས། །
ཅ་ཅོས་འུར་གྱིས་ཁེངས་པའི་རྩོད་གྲྭ་ན་བརྩད་པའི་ངེས་དོན་སྒོར་མོ་རྙེད། །
ཆ་བཞི་མཐའ་དབུས་འཚོལ་བའི་སྒོམ་གྲྭ་ན་བསྒོམས་པའི་སྙིང་པོ་སྒོར་མོ་རྙེད། །
ཇ་ཆང་དགྱེས་དགུར་རོལ་པའི་སྔགས་འཆང་ཚོས་གདམས་པའི་ཡང་ཏིག་སྒོར་མོ་རྙེད། །
ཉ་སྟོང་སྨྱུང་གནས་སྲུང་བའི་དགེ་བསྙེན་དག་དགེ་བའི་ཉིང་ཁུ་སྒོར་མོ་རྙེད། །
ཅ་ནེའི་ཕོར་ཁ་རྩོད་པའི་ལས་ཁུངས་ན་བྱ་བའི་དོན་སྒོ་སྒོར་མོ་རྙེད། །
ཆ་བྱད་སྣ་ཚོགས་འཛོམས་པའི་གྲོང་ཁྱེར་ན་འཁོར་བའི་སྙིང་བོ་སྒོར་མོ་རྙེད། །
ཇ་ཆང་ཧབ་ཐོབ་བྱེད་པའི་མགོ་འདྲེན་པས་གསར་བརྗེའི་བདེན་དོན་སྒོར་མོ་རྙེད། །
ཉ་མོ་མགོ་བདེར་འཁྱུག་པའི་ཏང་ཡོན་དག་རྒྱང་རིང་དམིགས་འབེན་སྒོར་མོ་རྙེད། །
ཏ་ཐཱ་ག་ཏའི་བསྟན་བཤིག་ཟོག་པོ་ཚོ་སྒོར་མོ་ཡོད་ན་བསྟན་འཛིན་ཡིན། །
ཐ་སྙད་གཙུག་ལག་མི་ཤེས་བླུན་རྨོངས་པ་སྒོར་མོ་ཡོད་ན་དགེ་བཤེས་ཡིན། །
ད་ལྟ་རང་ངོ་མི་ཤེས་སྨྱོན་པ་དག་སྒོར་མོ་ཡོད་ན་གྲུབ་ཐོབ་ཡིན། །
ན་ནིང་རི་དྭགས་གསོད་པའི་རྔོན་པའང་སྒོར་མོ་ཡོད་ན་སྤྲུལ་སྐུ་ཡིན། །
ཏ་རིན་འཕོངས་ཚོས་ལྡག་པའི་ཐ་ཤལ་བ་སྒོར་མོ་ཡོད་ན་དབང་ཆ་ཡིན། །
ཐ་དད་སྐད་ཡིག་མི་ཤེས་ཚོང་འཁྱམ་ཚོ་སྒོར་མོ་ཡོད་ན་ལམ་ཡིག་ཡིན། །
ད་ནིང་བཙོན་ནས་བཏང་བའི་ཉེས་ཅན་རྣམས་སྒོར་མོ་ཡོད་ན་གཟི་བརྗིད་ཡིན། །
ན་ཚོད་ལང་ཚོ་ཡོལ་བའི་བགྲེས་པོའང་སྒོར་མོ་ཡོད་ན་ཕོ་གསར་ཡིན། །
པ་ཊུའི་ཁྲི་ལ་རྔམ་པའི་གཡོ་སྒྱུ་ཅན་མཁས་པའི་གྲགས་པ་སྒོར་གྱིས་ཉོས། །
ཕ་རོལ་ཐབས་ཀྱིས་བསླུ་བའི་ཚུལ་འཆོས་མཁན་བཙུན་པའི་སྙན་པ་སྒོར་གྱིས་བསླུ། །
བ་དན་རླུང་གིས་སྐྱོད་འདྲའི་ཅོལ་ཆུང་བ་བཟང་པོའི་ཡོན་ཏན་སྒོར་གྱིས་འགུགས། །
མ་རྒན་སེམས་ཅན་ཟེར་བའི་ཐུགས་བསྐྱེད་ཅན་སྙིང་རྗེའི་གཟིགས་ཡུལ་སྒོར་གྱིས་འབྱེད། །
པ་ཏྲའི་རིས་བཞིན་འཁྱོག་པའི་གཡོ་ཅན་ཚོས་མཐོན་པོའི་གོ་ས་སྒོར་གྱིས་ཉོ། །
ཕ་མེས་བརླ་རུས་རྡུང་བའི་རྐང་འདྲེན་དག་རང་རིགས་དབུ་འཕང་སྒོར་གྱི་དོན། །
བ་ལང་སུག་རྗེས་འབྲང་བའི་སོ་ནམ་པ་ལག་པའི་ཆུ་སེར་སྒོར་ལ་བརྗེ། །
མ་འབྲིའི་འོ་ཞོར་སྲེད་པའི་གནག་སྐྱོང་བ་རྐང་བའི་སེར་ཁ་སྒོར་གྱི་སླད། །
ཙ་རི་གནས་སྐོར་བྱེད་པའི་རྒྱལ་ཁམས་པ་སྒོར་མོ་མཐོང་ན་ཕྱིར་ལ་ལྡོག །
ཚ་གྲང་ཁྱད་དུ་གསོད་པའི་དཀའ་ཐུབ་པས་སྒོར་མོ་རྙེད་ཚེ་རང་མལ་སྙོག །
ཛ་ཡའི་དགོངས་དོན་དཔྱོད་པའི་ཐ་སྙད་པར་སྒོར་མོ་ཐོབ་ན་རིས་སུ་གཅོད། །
ཝ་མོ་གཟན་ལ་འདུར་འདྲའི་གྲོང་ཆོག་པ་སྒོར་མོ་མཐོང་ཚེ་འགྲམ་ཆུ་ལྡང༌། །
ཙ་ན་ཡིན་ཡང་འབད་པའི་སྔོན་ཐོན་པར་སྒོར་མོ་བསྟན་ན་གཉའ་བ་ལུགས། །
ཚ་གྲང་དཀའ་སྤྱད་མི་འདོད་རྗེས་ལུས་པར་སྒོར་མོ་བྱིན་ན་གོ་རྟོགས་སད། །
ཛ་དྲག་གཏུམ་པོར་སྤྱོད་པའི་ཁྲིམས་འཛིན་པར་སྒོར་མོ་བརྔན་ན་ཁྲིམས་ལུགས་སྤོང༌། །
ཝ་སྐྱེས་རུ་སྒོ་ཉུལ་འདྲའི་ཁྲལ་སྡུད་པར་སྒོར་མོ་ཐོབ་ན་རྩ་དོན་འདོར། །
ཞྭ་མདོག་དམར་སེར་རྩོད་པའི་བསྟན་འཛིན་པ་གྲུབ་མཐའི་ལ་རྒྱ་སྒོར་གྱིས་འཛིན། །
ཟ་འོག་མལ་དུ་གཟིམས་པའི་བླ་ཆེན་ཚོས་སྤྲུལ་སྐུའི་ཐུགས་ཐག་སྒོར་གྱིས་གཅོད། །
འ་འུར་མི་མགོ་སྐོར་བའི་ཟོག་པོ་དག་དགེ་འདུན་གྲལ་མགོ་སྒོར་གྱིས་འཛིན། །
ཡ་མཚན་སྤྱན་རས་སྒྱུར་བའི་ཕོ་འདེབ་ཚོས་གཤིན་པོའི་རྣམ་ཤེས་སྒོར་གྱིས་འདྲེན། །
ཞྭ་མོ་ཟུར་གྱོན་བྱེད་པའི་ཕོ་གསར་ཚོས་ལང་ཚོའི་རིན་ཐང་སྒོར་ལ་འཇལ། །
ཟ་ཚོད་སྣུམ་བག་སྤངས་པའི་གཞོན་ནུ་མས་མཛེས་སྡུག་འཕྱོར་སྒེག་སྒོར་གྱིས་ངོམ། །
འ་འུར་རྩེད་ར་འགྲིམ་པའི་བྱིས་པ་དག་མ་བཅོས་རྩེད་མོ་སྒོར་ལ་རྩེ། །
ཡ་གིའི་ཁྱིམ་ཕུག་ཉལ་བའི་བགྲེས་པོའང་མི་ཚེའི་ཕྱི་མིག་སྒོར་ལ་ལྟ། །
ར་བསྡུས་བསེ་བསྡུས་བརྩད་པའི་ཐ་མ་ལ་སྣང་སྲིད་ཆོས་ཅན་སྒོར་མོར་ཐལ། །
ལ་ལུང་ཕུག་པར་བསྒོམས་པའི་རྟིང་མ་རུ་ལྷ་ཞལ་མ་མཇལ་སྒོར་ཞལ་མཐོང༌། །
ཤ་ཐང་ངལ་བས་དཔྱད་པའི་མཐར་ཐུག་ལ་ཀ་བ་སྟོང་ཡང་སྒོར་མོ་སྣང༌། །
ས་བཅུ་ལམ་ལྔ་བསྟེན་པའི་ཐོག་མ་རུ་དང་པོར་བགྲོད་པ་སྒོར་གྱི་ས། །
ར་བཟང་ལུག་བཟང་བརྩད་པའི་ཐ་མ་ལ་ཅི་ཡང་མི་བཟང་སྒོར་མོ་བཟང༌། །
ལ་རྒྱ་མགོ་རྣ་བཟུང་བའི་མཐར་ཐུག་ལ་གང་ཡང་མི་ཟིན་སྒོར་མོ་ཟིན། །
ཤ་ཁྲག་གདོས་བཅས་ལུས་ལ་གྲུབ་ཟིན་ནས་ང་དང་ཁྱོད་ལ་ཁྱད་མི་འདུག །
ས་སྟེང་འདི་ན་འཚོ་བའི་སྐྱེ་བོ་དག་ཐམས་ཅད་འཚོ་བ་སྒོར་གྱི་དོན། །
ཧ་ལམ་དེ་ལྟར་ལགས་ཀྱང་ཆོས་པ་ཚོ་ཡོད་ཚད་དེ་འདྲ་ག་ལ་ཡིན། །
ཨ་ཅང་ཀུ་རེ་ཡིན་མོད་ཨ་ཁུ་རྣམས་ཕལ་ཆེར་དེ་ཚོད་ཡིན་པ་འདྲ། །
ཧ་ཅང་ཞིབ་མོར་དཔྱད་ན་ཁྱིམ་པ་ཚོ་འགའ་ཞིག་དེ་འདྲ་མིན་ལས་ཆེ། །
ཨ་མཚར་རྩེད་མོ་ལགས་ཀྱང་ཨ་རྩོམ་འདི་ཅུང་ཟད་བདེན་ཤས་ཆེ་ཡང་སྲིད། །
ཅེས་ པའང་སྙུག་ཐོགས་པ་འཇུ་སྐལ་བཟང་དུ་འབོད་པས་ད་ལྟ་ཐམས་ཅད་སྒོར་མོ་སྒོར་མོ་ཟེར་ བ་འདིས་ཡིད་སུན་ནས་ཁམས་དང་སྣང་བ་མི་དྭངས་པའི་ཉིན་ཞིག་ལ་གནའ་མཁར་ཟི་ལི་གྲོང་ གི་གྲུ་ག་ཞིག་ཏུ་ཤར་མར་བྲིས་པའོ། ། དགེའོ། །
གོང་དུ་འཇུ་སྐལ་བཟང་ལགས་ཀྱི་བཤད་སྟངས་ལ་བསམས་ན་ཕལ་ཆེར་ང་ཚོ་བོད་མིའི་སྤྱི་ཚོགས་ཁྲོད་ཨ་སྒོར་ཁྲི་བདུན་དེ་ཉར་འཚགས་བྱས་ན་ཁེ་ཕན་མེད་པའི་བཟོ་འདྲ་འདུག་པས་ད་མེར་བསྲེག་གཏང་ན་ག་འདྲ་འདུག
ངས་བསམ་ན་དེ་ཐབས་ཤེས་ཡག་ཤོས་ཤིག་ཡིན་པ་འདྲ། ཕལ་ཆེར་འཇུ་སྐལ་བཟང་ལགས་ཀྱི་དགོངས་དོན་ཡང་དེ་མིན་འགྲོ།
ཁ་བ་རི་བའི་སྤུན་ཟླ་རྣམས་ལ་འཚམས་འདྲེ་བཀྲ་ཤིས་བདེ་ལེགས་ཞུ།་
ང་རང་ཁ་བརྡ་ནང་འཛུལ་ཞུགས་ཐོག་མ་ཡིན་པ་མ་ཟད།
དེ་རིང་འདིར་བོད་ཕྲུག་རྩམ་ཟན་ཚོའི་ངེས་པར་དུ་ཕྱོགས་ཞེན་གྱི་དུག་ཆུ་བོར་ནས་ཕ་སྐད་གཙང་མ་བསྐྱར་གསོ་གནང་བར་དགོངས་འཇག་འཚལཌྷ།་
མ་ཟད་དྲ་གནས་འདིར་ཕེབས་མཁན་མང་པོའི་ཞིག་གིས་རང་རང་གི་ཡུལ་ཁུག་སྐད་ཆ་མང་པོ་བེད་སྤྱད་ན་མི་ལེགས་འདུག་པའི་གྷཐུགས་གཟབ་མཛོད་
ངས་བལྟ་ན་ཨ་སྒོར་དེ་ཙམ་གྱིས་ལས་དོན་ཆེན་པོ་ཞིག་སྒྲུབ་པ་ལ་ནུས་པ་མི་ཡོངས་དྲན་ རང་ཉིད་ཀྱིས་དྲན་ཚུལ་དཔའ་བོ་དཔའ་མོ་རྣམས་ཀྱིས་མཚན་མ་ལུས་པ་རྡོ་རིང་ལ་བཀོད་ཐུབ་ན་དྲན་རྟེན་དང་ལོ་རྒྱུས་ལ་འཁོད་ཐུབ་པའི་བྱ་བ་ཆེ་པོ་ཞིག་རེད་དྲན་བཞིན་འདུག་ དངོས་ཡོད་ཀྱི་སྒོར་མོ་ཡིན་མིན་ལ་དྭོགས་པ་ཡོད་པས་ཡིད་མི་ཆེས་ ཡིན་ན་ཡང་བགྲོ་གླེང་རྒྱ་ཆེ་གནང་སོང་བས་མ་འོངས་ལམ་གསལ་ལྟ་བུ་ཞིག་ངོས་འཛིན་བྱེད་བཞིན་ཡོད་།
ཀ་ནས་སྒོར་མོ་མེད་ན།
ཁ་ནང་བག་ལེབ་མི་འོང་།
ག་ནས་བསམས་ཀྱང་སྒོར་མོ།
ང་དང་ཀུན་ལ་དགོས་འདུག