གྱི་ན་བ་བློ་བཟང་རྡོ་རྗེ།
རྒྱབ་ལྗོངས།
བོད་ཀྱི་ཐེབས་རྩ་ཁང་འདི་ནི་རིན་ཆེན་དར་ལོ་ཨ་རི་སྐུ་ཚབ་དོན་གཅོད་འཁྱུར་སྐབས། དེ་དུས་ཀྱི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་དྲིལ་བསྒྲགས་བཀའ་བློན་བཀྲ་ཤིས་དབང་འདུད་གཉིས་ཀྱིས་བཀའ་ཤག་ལ་ཞུས་ནས། དོན་གཅོད་གསར་པ་ཟླ་བ་ཚེ་རིང་ལ་རྩིས་སྤྲོད་མི་དགོས་པར་ཨ་རི་དོན་ཁང་གི་ཟུར་སྐྱོང་སྡེ་ཚན་གྱི་ངོ་བོར་བསྒྱུར་བ་ཞིག་ཡིན་པ་ཡོངས་གྲགས་རེད།
ཕྱིས་སུ་ཐེབས་རྩའི་ནང་ལས་བྱེད་ཅིག་གིས་ལྐོག་དངུལ་འབོར་ཆེན་ཟོས་པའི་རྙོག་དྲ་བྱུང་བ་མ་ཟད། སྤྱི་འཐུས་གྲོས་ཚོགས་ནང་ཐེབས་རྩ་ཁང་དེ་སྤྱི་རྒྱུ་སྒེར་བདག་ཏུ་འགྲོ་མི་རུང་བའི་སྐོར་སོགས་ལབ་གླེང་མང་པོ་བྱུང་སྟེ། མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་གྱིས་སྐབས་དེའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ལ། རིན་པོ་ཆེའི་རྐང་པ་ཡ་གཅིག་ཨ་རིའི་སྒྲོ་ལར་ནང་ཐིམ་ཡོད་ཚུལ་སྐྱོན་འཛུགས་བྱས་པས། བཀའ་བློན་ཁྲི་པས་བཀའ་བློན་རྣམས་ཁྲིད་ནས་གྲོས་ཚོགས་ར་བ་ནས་ཕྱིར་ཐོན་པའི་གནས་ཚུལ་ཡང་བྱུང་ཡོད།
དོན་གཅོད་ཁང་དུ་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩ་ཟེར་བ་ཞིག་ཡོད་པ་དེ་བཀའ་ཁྲི་མཛེས་བཅུ་ཚང་བསོད་སྟོབས་ཀྱི་སྐབས་སུ་དཔལ་འབྱོར་བཀའ་བློན་བཟོད་པ་རྒྱ་མཚོས་བཙུགས་པ་ཞིག་ཡིན་པ་དང་། ཟམ་གདོང་རིན་པོ་ཆེའི་སྐབས་སུ་དགེ་རྩ་དེར་ལས་ཀ་གང་ཡང་མེད་པ་མ་ཟད། དཔལ་འབྱོར་སྒེར་བདག་ཅན་དུ་བསྒྱུར་རྗེས། དགེ་རྩ་དེ་སྒོ་རྒྱག་པའི་ཐབས་ཤེས་ཀྱང་གནང་ཡོད་ཚོད་འདུག
རྩོད་གཞི།
༢༠༡༤།༣།༣༡ ཉིན། ཨ་རི་བོད་ཀྱི་ཐེབས་རྩ་ནས་དོན་ཁང་ལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་གཡར་རྒྱུ་དང་། སྐྱིན་ཚབ་ལོ་ངོ་ ༣༠ ནང་ཕྱིར་སློག་དགོས་པའི་གན་རྒྱ་བཞག་ཡོད་པ་དང་། གན་རྒྱ་དེའི་སྟེང་སྐབས་དེའི་དོན་གཅོད་སྐལ་རྡོར་ནས་མཚན་རྟགས་བཀོད་ཡོད་པ་ཐེབས་རྩ་ཁང་གི་དྲ་རྒྱ་ནང་ཡོངས་བསྒྲགས་ཀྱིས་བཞག་ཡོད།
སྤེན་པ་ཚེ་རིང་དང་སྲིད་སྐྱོང་དབར་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་རྩོད་གཞི་གཙོ་བོ་ནི། སྤེན་ཚེས་ཐེབས་རྩ་དང་དོན་གཅོད་དབར་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་ཡིན་པའི་གན་རྒྱ་ཡི་གེ་ཞིག་བཞག་འདུག་སྟབས། དོན་གཅོད་ཀྱི་རྩིས་ཁྲའི་ནང་དུའང་སྤྲོད་བསྡད་འབྲི་དགོས་ཀྱི་རེད་ལབ་འདུག་པ་དང་། སྤྲོད་བསྡད་འབྲི་དགོས་པའི་རྒྱུ་མཚན་དུ་ཨ་རིའི་རྩིས་དང་ཁྲིམས་ཀྱི་འགྲོ་སྟངས་དང་མཐུན་གྱི་མེད་པ་དང་། ཡུལ་ཁྲིམས་ལ་བརྩི་སྲུང་མ་བྱས་ཚེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ཟླ་ཆགས་ཀྱི་ཡོད་སྐོར་བཀོད་འདུག
སྲིད་སྐྱོང་གིས་དོན་གཅོད་ཀྱི་རྩིས་ཁྲའི་ནང་སྤྲོད་བསྡད་འབྲི་དགོས་དོན་མེད་པ་དང་། སྤྲོད་བསྡད་འབྲི་མི་དགོས་པའི་རྒྱུ་མཚན་དུ། དངུལ་འབོར་དེ་དག་ཕར་སློག་དགོས་ཀྱི་མེད་པ་དང་། གན་ཡིག་དེ་ནི་བོད་ཀྱི་ཐེབས་རྩ་ཁང་གི་དགོས་མཁོའི་ཆེད་དུ་བཟོས་པ་ཞིག་ལས། དངུལ་སློག་སྤྲོད་ཀྱི་ཆེད་དུ་བཟོས་པ་ཞིག་མིན་ཚུལ་གསུངས་ཡོད།
གླེང་རྙོག
བཀའ་ཤག་གི་གསལ་བཤད་དོན་ཚན་ ༡༠ ཅན་ནང་། སྔ་ལོ་ ༢༠༡༦ ཕྱི་ཟླ་ ༩ ནང་སྦེལ་ལྗམ་རྒྱལ་ས་སྦར་སིལ་དུ་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུར་དོན་གཅོད་སྤེན་པ་ཚེ་རིང་ལགས་ནས་ཨ་རི་བོད་ཀྱི་ཐེབས་རྩའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་རྒྱལ་ས་ཌི་སི་དུ་ཡོད་པའི་དོན་གཅོད་ཀྱི་ཁང་པའི་རིན་བབས་སུ་སྤྲད་འདུག་པ་དེ་བུ་ལོན་ཡིན་དང་མིན་ཞེས་སྲིད་སྐྱོང་ལ་དྲི་བ་གནང་ཡོད། སྐབས་དེར་ཚོགས་ཕེབས་སྐུ་ཚབ་དོན་གཅོད་ཚང་མའི་མདུན་སྲིད་སྐྱོང་ནས་དངུལ་འབབ་དེ་ཨ་རི་བོད་ཀྱི་ཐེབས་རྩ་ནས་གནང་སྦྱིན་རོགས་དངུལ་ཡིན་པ་ལས་བུ་ལོན་མིན་པའི་གསལ་བཤད་ལམ་སྟོན་ཞིབ་གསལ་གནང་ཡོད་རུང༌། དེར་ཡིད་ཆེས་ཆ་འཇོག་གཏན་ནས་མེད་པར་འདི་ལོ་རྩིས་ཞིབ་སྐབས་འབྲེལ་ཡོད་གོང་རིམ་ཕྱི་དྲིལ་ལས་ཁུངས་དང་བཀའ་ཤག་ལ་དགོངས་སྐོར་ཙམ་ཡང་མ་ཞུས་པར་རྩིས་ཞིབ་པར་གོང་གསལ་དངུལ་འབབ་ཨ་རི་བོད་ཀྱི་ཐེབས་རྩ་ཁང་ལ་བུ་ལོན་སྤྲོད་བསྡད་ཡིན་པ་བཏོན་དགོས་པ་རྩིས་ཞིབ་པར་ནན་བརྗོད་གནང་ཡོད། རྒྱལ་ས་ཌི་སིར་ཡོད་པའི་ཨ་རི་དོན་གཅོད་ཁང་གི་ཁང་པའི་རིན་འབབ་བྱུང་སོང་ཆ་ཚང་རྩིས་ཁྲར་གསལ་འཁོད་ཡོད་པ་དང་དེ་འབྲེལ་རྩིས་ཞིབ་དག་མཆན་སོགས་ཡིག་ཆ་ཆ་ཚང་བསྟན་རྒྱུ་ཡོད་ཅེས་བཀོད་འདུག་པ་དང་།
༢༠༡༧ ཟླ་ ༡༡ ཚེས་ ༡༨ ཉིན་སྲིད་སྐྱོང་གིས་མང་ཚོགས་ལ་གསུང་བཤད་གནང་བའི་ནང་། ས་ཡ་གཅིག་དང་འབུམ་ལྔ་རྡོག་སེ་སྤྲད་པ་ཡིན་ན། བོད་ཀྱི་ཐེབས་རྩ་ཚོགས་པ་ལ་ཁྲིམས་དང་ཁྲལ་ཀྱི་ཐོག་ནས་གནས་ཚུལ་ལངས་སྲིད་ཀྱི་རེད། དེ་སོང་ཙང་། ང་ཚོས་དངུལ་གནང་ཡ་དེ་དངུལ་གནང་ཡ་རང་ཡིན། གནང་སྟངས་དེ་བུ་ལོན་གྱི་རྣམ་པའི་ཐོག་ནས་གནང་གི་ཡིན། གནང་བ་ཡིན་ན་ག་རེ་ཆགས་ཀྱི་རེད་ཟེར་ན། ལོ་ལྔ་དྲུག་བདུན་གི་ནང་ལ་ང་ཚོས་རྩིས་བསུབ་གཏོང་གི་ཡིན། གནང་སྟངས་དེ་བུ་ལོན་གྱི་རྣམ་པའི་ཐོག་ནས་གནང་དགོས་ཀྱི་འདུག ང་ཚོས་འགྲིག་གི་འདུག་ཞུས་ཡིན།
༢༠༤༣ སྐབས་དེར་ས་ཡ་གཅིག་དང་ཕྱེད་ཀ་སློག་དགོས་ཀྱི་རེད་ཟེར་ཡ་དེ་བཀོད་ཀྱི་ཡིན། ཡིན་ན་ཡང་སློག་ཡ་མ་རེད། ལོ་བཞི་ལྔ་དྲུག་ནང་ལ་རྩིས་བསུབ་བཏང་ཡ་ཡིན། རྩིས་བསུབ་གཏོང་བའི་ལུགས་སྲོལ་ཡོད་པ་རེད། དངུལ་འདི་འདྲ་ཞིག་གཡར་བ་ཡིན། ཡིན་ན་ཡང་ལོ་བཞི་ལྔ་དྲུག་གི་ནང་ལ་དགོས་པ་རྒྱུ་མཚན་འདི་འདྲ་ཞིག་ལ་བརྟེན་ནས་རྩིས་བསུབ་བཏང་བ་ཡིན་ཟེར་ཡ་ཡོད་པ་རེད། དེ་འདྲ་སེ་ནང་དོན་བཀའ་མོལ་འགྲིག་བསྡད་ཡོད་པ་རེད། བོད་ཀྱི་ཐེབས་རྩ་ནས་ཀྱང་ལོ་གསུམ་གྱི་ནང་ལ་ང་ཚོར་དངུལ་འདི་འདྲ་ཞིག་སློག་དགོས་ཀྱི་ཡོད་ཟེར་ནས་ཡི་གེ་གཅིག་ཀྱང་ཡོད་པ་མ་རེད། སྐྱེད་ཀ་སྤྲད་དགོས་ཟེར་ནས་ཡི་གེ་གཅིག་ཀྱང་ཡོད་པ་མ་རེད། ག་རེ་ཟེར་ན་ང་ཚོ་ནང་དོན་འགྲིག་བསྡད་ཡོད་པ་རེད་ཝ། ད་ང་ཚོས་ཀྱང་དངུལ་དེ་སློག་གི་ཡིན་ཟེར་བའི་ཡི་གེ་གཅིག་ཀྱང་ཡོད་པ་མ་རེད། ག་རེ་བྱས་ནས། ནང་དོན་འགྲིག་བསྡད་ཡོད་པ་རེད། ད་འཇམ་ཐིང་ངེར་འགྲོ་བསྡད་ཡོད་པ་རེད། ང་ཚོ་བར་ལ་འགྲིག་བསྡད་ཡོད་པ་རེད།
༢༠༡༧།༡༢།༦ ཉིན་བོད་ཀྱི་ཐེབས་རྩའི་གསལ་བསྒྲགས་ཤིག་བཀྲམ་པའི་ནང་། བོད་མིའི་སྒྲིག་འཛུགས་ནས་བུན་དངུལ་ཡིག་ཆའི་འབྲུ་དོན་རྩ་འཛིན་དང་། བོད་ཀྱི་ཐེབས་རྩ་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཕན་ཚུན་བརྩི་མཐོང་དང་། གཅིག་ཕན་གཅིག་གྲོགས་བྱུང་ཚེ། བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ནས་འབྱུང་འགྱུར་དུས་སྐབས་རན་པ་ཞིག་ལ་བུན་ལོན་རོགས་དངུལ་དུ་ག་བསྒྱུར་ཞུ་ཐུབ་པའི་རེ་འདུན་ལ་མུ་མཐུད་བསམ་ཞིབ་ཞུ་བཞིན་ཡོད་ཅེས་བཀོད་ཡོད།
༢༠༡༧།༡༢།༧ ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་བོད་ཀྱི་དུས་བབ་ཀྱི་གསར་འགོད་པས་སྲིད་ཚབ་གཡུ་ཐོག་ཀརྨ་དགེ་ལེགས་ལ་བཅར་འདྲི་ཞུ་སྐབས། དངུལ་རྩིས་དང་འབྲེལ་བའི་བརྒྱུད་རིམ་ཚང་མ་བོད་ཀྱི་ཐེབས་རྩ་ནས་གོ་སྒྲིག་བྱས་ཏེ། ང་ཚོས་ཕན་ཚུན་དབར་ནང་ཁུལ་གན་ཡིག་བཞག་ཡོད་ཀྱང་། ནང་ཁུལ་ཡིག་ཆ་དེ་ནང་ཁུལ་དུ་འཇོག་མ་ཐུབ་པར་བརྟེན་ཐེངས་འདིའི་ཟིང་འཁྲུག་བྱུང་བ་རེད། བོད་ཀྱི་ཐེབས་རྩ་ཁྲིམས་དང་བསྟུན་དགོས་ཡོད་སྟབས། ཁོ་རང་ཚོའི་གསུངས་པ་དེར་ཁག་ཡོད་པ་མ་རེད། འོན་ཀྱང་། ང་ཚོས་བོད་ཀྱི་ཐེབས་རྩ་ལྷན་དུ་ནང་ཁུལ་སྐད་ཆ་བཤད་ཡོད་པ་དེ་རྩ་འཛིན་བྱེད་ཀྱི་ཡོད་ལ། ནང་གི་སྐད་ཆ་དེ་ང་ཚོ་ནང་ཁུལ་དབར་ཕན་ཚུན་ཡིད་ཆེས་བྱས་ཏེ་གཏན་འཁེལ་བྱུང་བ་ཞིག་ཡིན་ལ། བོད་ཀྱི་ཐེབས་རྩའི་འགྲོ་ལུགས་བརྒྱུད་རིམ་དེ་ཁོ་རང་ཚོའི་བྱེད་སྒོ་དབྱིན་སྐད་དུ་(Business)ཡི་བཟོ་ལྟ་འདྲ་མིན་འགྲོ་བསམ་གྱི་འདུག་ཅེས་བརྗོད་འདུག
སྤེན་པ་ཚེ་རིང་གིས་ ༢༠༡༧།༡༢།༨ ཉིན་ཤོག་གྲངས་ ༩༧ ཅན་ཞིག་བཀྲམ་པའི་ནང་། དོན་གཅོད་རྙིང་པ་སྐལ་རྡོར་གྱིས་ཁོ་རང་ལ་རྩིས་སྤྲོད་ལེན་སྐབས་སུ་གནས་ཚུལ་དེའི་སྐོར་བཤད་མེད་པ་མ་ཟད། རྩིས་སྤྲོད་རྩིས་ལེན་གྱི་ཡིག་ཆ་དང་། ལས་ཁུངས་ཀྱི་ཡིག་སྣོད་གང་གི་ནང་དུ་ཡང་གན་ཡིག་དེ་བཞག་མི་འདུག་ཅེས་དང་།
རྩིས་ཞིབ་པར་ཡོང་བསྡད་གསལ་དགོས་ཀྱི་མ་རེད་དམ་ཞེས་བཤད་དགོས་ནི། གནད་དོན་འདི་ལྟ་བུ་གནས་ཡུལ་གཞུང་གི་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་གཉིས་ཀར་འགལ་བའི་ཆ་ནས་སྒྲིག་འཛུགས་ཀྱི་ཁེ་ཕན་ཆེད་དྲང་པོ་ཞུས་ཞེས་དང་།
གལ་སྲིད་རྩིས་ཞིབ་པར་དེ་ལྟར་མ་བཤད་ན། མ་འོངས་པར་ཁྲིམས་དང་རྩིས་ཀྱི་དཀའ་ངལ་འཕྲད་ཚེ། བོད་མིའི་སྒྲིག་འཛུགས་ལ་དོ་ཕོག་འགྲོ་གཞི་ཆགས་ཡོད་པ་དང་། གལ་སྲིད་དཀའ་ངལ་འཕྲད་དེ་ཞིབ་འཇུག་གནང་དགོས་པ་ཆགས་ཚེ། དེ་ནི་དོན་གཅོད་ལས་ཐོག་པས་རྩིས་ཞིབ་པར་དངོས་ཡོད་གནས་ཚུལ་སྦས་སྐུང་བྱས་པའི་ཁྲིམས་འགལ་ཆགས་ཀྱི་ཡོད་ཅེས་དང་། དེའི་སྒྲུབ་བྱེད་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཡིག་གི་རྩ་འཛིན་དུ་བཅའ་ཁྲིམས་དོན་ཚན་དྲུག་པ་ལུང་དྲངས་འདུག
འབེབས་ས།
ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་ཨ་རི་དོན་ཁང་དང་བོད་ཀྱི་ཐེབས་རྩ་དབར་ནང་ཁུལ་སྐད་ཆ་བཤད་ནས་འགྲིག་བསྡད་པ་ཞིག་ཆགས་ཡོད་ན། སྤེན་པ་ཚེ་རིང་ལ་དོགས་པ་ཡོང་དགོས་དོན་ཅི་ཡིན་ནམ་ཟེར་ན། སྐལ་རྡོར་གྱིས་དོན་གཅོད་གསར་པ་སྤེན་པ་ཚེ་རིང་ལ་བུན་གཡར་སྐོར་ངོ་སྤྲོད་མ་བྱས་པར་གསང་བ་བྱས་པ་དང་། དོན་གཅོད་ཁང་གི་ཡིག་སྣོད་དུ་གན་ཡིག་དེའི་ངོ་བཤུས་ཙམ་ཡང་བཞག་མེད་པས། ཐེབས་རྩའི་འགན་འཛིན་ནས་ཚུར་བུ་ལོན་ཡིན་སྐོར་མ་གསུངས་བར་དུ་དོན་གཅོད་གསར་པས་ལས་ཁུངས་ཀྱི་དངུལ་རྩིས་ཕོན་འབོར་ཆེན་པོ་དེའི་སྐོར་གང་ཡང་ཤེས་ཚོར་མེད་པར་བསྡད་ཡོད་པ་དང་། སྲིད་སྐྱོང་ལ་དེའི་སྐོར་བཀའ་འདྲི་ཞུ་སྐབས་སུ། དངུལ་འབབ་དེ་གནང་སྦྱིན་རོགས་དངུལ་ཡིན་པ་ལས་བུ་ལོན་མིན་ཞེས་གསལ་བཤད་ལམ་སྟོན་གནང་ཡོད་ལུགས་འགྲེལ་བཤད་བསྐྱོན་པ་དེས། ཡིག་ཐོག་ཏུ་གན་རྒྱ་བཞག་འདུག་པ་དེའི་གསང་བ་འགྲོལ་ཐབས་མེད། རྒྱ་མཚན་ནི། སྤེན་པ་ཚེ་རིང་གི་ངོས་འཛིན་ནི། སྲིད་སྐྱོང་དང་སྐལ་རྡོར་གྱི་གནང་སྟངས་འདི། “གནས་ཡུལ་གཞུང་གི་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་གཉིས་ཀར་འགལ་བ་”ཡིན་ཞེས་ཐག་ཆོད་པོས་བྲིས་འདུག
སྲིད་སྐྱོང་དང་སྐལ་རྡོར་གྱི་གནང་སྟངས་དེ། བོད་ཀྱི་ཐེབས་རྩ་ཚོགས་པ་ལ་ཁྲིམས་དང་ཁྲལ་ཀྱི་ཐོག་ནས་གནས་ཚུལ་མི་ཡོང་བའི་ཆེད་དུ་ཡིན་ཟེར་བ་དེ་བདེན་ན། ཡུལ་ཁྲིམས་སུ་དེབ་སྐྱེལ་བྱས་པའི་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩ་དང་ཐེབས་རྩ་དབར་གན་རྒྱ་མ་བཞག་པར། ཕྱི་རྒྱལ་གྱི་ལས་ཁུངས་ Foreign agency ཀྱི་ངོ་བོར་ཡོད་པའི་དོན་གཅོད་དང་ཐེབས་རྩ་དབར་གན་རྒྱ་འཇོག་དགོས་དོན་ཅི་ཡིན་དང་། སྤྱི་ཚོགས་ཡར་རྒྱས་དགེ་རྩའི་འགན་འཛིན་ལྷན་ཚོགས་ལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་ལེན་ཆོག་པའི་བཀའ་འཁྲོལ་ཞུ་དགོས་དོན་ཅི། བོད་ཀྱི་ཐེབས་རྩ་ལ་ཨ་རིའི་ཁྲིམས་དང་ཁྲལ་ཀྱི་ཐོག་ནས་དཀའ་ངལ་མི་ཡོང་བའི་ཆེད་དུ་དགོངས་བཞེས་གནང་བ་རྒྱུ་མཚན་ཡིན་དུ་ཆུགས་ཀྱང་། སྒེར་བདག་ཅན་གྱི་ཚོགས་པ་ཞིག་གི་ཁེ་ཕན་སྒྲུབ་ཆེད། བཀའ་ཤག་དང་ཨ་རི་དོན་ཁང་ནས་ཨ་རིའི་དཔྱ་ཁྲལ་སྦས་སྐུང་དང་། ཁྲིམས་ཡིག་ལ་གཡོ་སྒྱུའི་དབུ་སྐོར་ཞུས་ཆོག་པ་ཡིན་ནམ།
བཀའ་ཤག་གི་གསལ་བཤད་ནང་། ཨ་རི་དོན་གཅོད་ཁང་གི་ཁང་པའི་རིན་འབབ་བྱུང་སོང་ཆ་ཚང་རྩིས་ཁྲར་གསལ་འཁོད་ཡོད་པ་དང་དེ་འབྲེལ་རྩིས་ཞིབ་དག་མཆན་སོགས་ཡིག་ཆ་ཆ་ཚང་བསྟན་རྒྱུ་ཡོད་ཅེས་བཀོད་པ་བདེན་ན། སྤེན་པ་ཚེ་རིང་གིས། རྩིས་ཞིབ་པར་དོན་གཅོད་ཀྱི་རྩིས་ཁྲའི་ནང་དུའང་སྤྲོད་བསྡད་འབྲི་དགོས་ཀྱི་མ་རེད་དམ་ཞེས་དྲི་གླེང་བྱས་པ་ཙམ་གྱིས་དངངས་འདྲོགས་དགོས་དོན་ཅི་ལ་ཡོད་དམ། ལྷག་པར་དུ་སྲིད་སྐྱོང་གིས་རང་གཞུང་གི་རྩིས་ཞིབ་སྤྱི་ཁྱབ་པ་དང་། ཐེབས་རྩའི་འགན་འཛིན་ལྷན་ཚོགས་ལ་སྔ་རྗེས་ཐུག་འཕྲད་ཀྱིས་གནོན་ཤུགས་དེ་ལྟར་སྤྲོད་དགོས་དོན་ཅི་ལ་ཡོད་དམ། དངུལ་འབོར་འདིའི་རྩོད་རྙོག་ཏིག་ཏིག་དེ་རྩིས་ཞིབ་སྙན་ཐོར་འགོད་མིན་དེ་ཡིན་པས། དོན་ཁང་ལ་རྩིས་ཞིབ་དག་མཆན་ཡིག་ཆ་བསྟན་རྒྱུ་ཡོད་ན། སྤེན་པ་ཚེ་རིང་གིས་རྩིས་ཞིབ་པར་དོན་ཁང་གི་རྩིས་ཁྲའི་ནང་ཡོང་བསྡད་གསལ་དགོས་ཀྱི་མ་རེད་དམ་ཞེས་བཤད་དགོས་དོན་མེད་པས། གསུང་མོལ་འདི་བཀའ་ཤག་གིས་ཞལ་རྫུན་གནང་བ་ཞིག་ཡིན་པ་ལས་མགོ་གཞུག་ཐུག་ཐབས་མེད།
སྲིད་ཚབ་ཀརྨ་དགེ་ལེགས་ཀྱིས། ནང་ཁུལ་ཡིག་ཆ་དེ་ནང་ཁུལ་དུ་འཇོག་མ་ཐུབ་པར་བརྟེན་ཐེངས་འདིའི་ཟིང་འཁྲུག་བྱུང་བ་རེད་ཅེས་བརྗོད་པ་དེ། སྤེན་པ་ཚེ་རིང་གིས་རྩིས་ཞིབ་པར་དྲི་གླེང་བྱས་པ་དེ་ཡིན་དགོས་དོན་མེད་དེ། རྩིས་ཞིབ་པ་རང་གཞུང་གི་ལས་བྱེད་ཡིན་པ་ལས། ཕྱི་མི་མིན་ལ། རྩིས་ཞིབ་པའི་སྙན་ཐོ་འབུལ་ཡུལ་བོད་མིའི་སྒྲིག་འཛུགས་ཡིན་པ་ལས་གཞན་ཞིག་མིན་པ་དང་། རྩིས་ཞིབ་པས་སྐྱོན་གནད་མཐོང་ན་མ་གཏོགས་སྙན་ཐོ་འབྲི་འགོད་མི་བྱེད། གལ་སྲིད་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེས་”ཟིང་འཁྲུག་”བསླངས་ཡོད་པའི་དབང་དུ་བཏང་ན། ”ཟིང་འཁྲུག་”སློང་མཁན་དེ་བཀའ་ཤག་དང་། སྲིད་སྐྱོང་ཡིན་པ་ལས་གཞན་ལ་ལེ་ཁག་དཀྲི་ས་མེད། རྒྱུ་མཚན་ནི་དེའི་སྐོར་གླེང་སློང་གནང་མཁན་སུ་ཡིན་ལ་བལྟས་ན་གསལ་པོ་ཡིན།
སྲིད་ཚབ་ཀྱིས་ད་དུང་། ཁང་པ་ཉོ་བྱེད་ཀྱི་དངུལ་དེའི་ཕྱེད་ཀ་དགའ་ལྡན་ཕོ་བྲང་ནས་གསོལ་རས་གནང་བ་རེད། གལ་སྲིད་དངུལ་དེའི་ཕྱེད་ཀ་ལ་དཀའ་ངལ་ཡོད་ཚེ་ཕྱེད་ཀ་གཞན་དེ་ལའང་དཀའ་ངལ་འཕྲད་ཀྱི་ཡོད་ཅེས་བརྗོད་སྟངས་དེར་བལྟས་ན། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་ཐོག་བཀའ་ཤག་ལ་རྙོག་དྲ་བྱུང་ཚེ། དགའ་ལྡན་ཕོ་བྲང་ཡང་ཐར་ས་མེད་པའི་བརྡ་སྟོན་བྱས་ཡོད་པས། གལ་སྲིད་ཁ་བཙུམ་ན་མ་བསྡད་ན། མི་མེད་བདག་མེད་བཟོ་གི་ཡིན་ཞེས་སྡིགས་སྐུལ་བྱས་པ་ཞིག་ཡིན། སྐབས་འདིར་དཀའ་ངལ་གང་ཞིག་འཕྲད་མིན་བརྗོད་མེད་ཀྱང་། དཀའ་ངལ་ཡོང་ཉེན་ཡོང་པ་ངོས་ལེན་གནང་བ་ནི། ཨ་རིའི་ཁྲལ་དང་ཁྲིམས་ཀྱི་ཐོག་ནས་བཙིར་སྲིད་པ་དེ་བསྟན་པ་ཞིག་ཡིན་དགོས་འདུག་ལ། གཅིག་བྱས་ན། ཨ་རིའི་ཁྲིམས་ཡིག་ལྟར་ན། དཔྱ་ཁྲལ་སྦས་སྐུང་དང་། གན་ཡིག་རྫུན་མ་བཟོ་མཁན་ཐེར་འདོན་བྱས་ཚེ། ཐེར་འདོན་བྱེད་མཁན་ལ་ཐེར་འདོན་བྱས་པའི་དངུལ་འབོར་གྱི་བརྒྱ་ཆ་ངེས་ཅན་ཞིག་གཟེངས་རྟགས་སུ་གནང་སྲོལ་འདུག་པས། ལྟད་མོ་འདིའི་ལེའུ་རྗེས་མ་ད་དུང་ཐོན་གྲབས་ཡོད་ས་རེད།
སྲིད་སྐྱོང་གིས། བོད་ཀྱི་ཐེབས་རྩ་ནས་ཀྱང་ལོ་གསུམ་གྱི་ནང་ལ་ང་ཚོར་དངུལ་འདི་འདྲ་ཞིག་སློག་དགོས་ཀྱི་ཡོད་ཟེར་ནས་ཡི་གེ་གཅིག་ཀྱང་ཡོད་པ་མ་རེད། སྐྱེད་ཀ་སྤྲད་དགོས་ཟེར་ནས་ཡི་གེ་གཅིག་ཀྱང་ཡོད་པ་མ་རེད་གསུངས་པ་ནི། ཐེབས་རྩ་དང་དོན་ཁང་དབར་གན་རྒྱ་ཡི་གེ་མེད་ཟེར་གྱི་ཡོད་ན་མ་གཏོགས། མངོན་སུམ་ལ་བསྙོན་པ་ཞིག་ཡིན། རྒྱུ་མཚན་ནི། གན་རྒྱ་ཡི་གེ་དེའི་ནང་། དངུལ་འབོར་དེ་དག་ ༢༠༤༣ ལོ་བར་ལོ་རེར་སྐྱེད་འབབ་བརྒྱ་ཆ་རེ་བཅས་འབུལ་དགོས་ཁ་གསལ་བཀོད་དེ། སྐལ་རྡོར་གྱི་མིང་རྟགས་བརྒྱབ་འདུག དེ་མིན་ན་གན་རྒྱ་དེ་རྫུན་མ་ཡིན་པ་སྒྲུབ་དགོས།
ཉེ་སྔོན་འཆར་འབུལ་གཙོ་འཛིན་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་དང་། བཀའ་ཤག་རྒྱབ་གཉེར་སྲིད་སྐྱོང་། སྤྱི་འཐུས་བཀའ་འཁྲོལ་ཚོགས་གཞོན་བསོད་ནམས་བསྟན་འཕེལ་བཅས་ཀྱིས་མཚན་རྟགས་བཀོད་པའི་བར་བརྒལ་བཀའ་འཁྲོལ་གྱི་ཡིག་ཆ་ཨང་ ༡༢༡།༡༣་་༡༤ ཅན་ཚེས་གྲངས་མི་གསལ་བ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། ཨ་རི་དོན་ཁང་ནས་ཝ་ཤིན་ཊོན་དུ་ཁང་པ་གསར་ཉོ་དང་། འཛིན་ཆས་སོགས་ཀྱི་ཆེད་དུ་བསྡོམས་ཨ་སྒོར་ས་ཡ་གཉིས་དང་བརྒྱད་འབུམ་བཀའ་འཁྲོལ་ཞུས་འདུག་པ་དང་། དངུལ་འབོར་དེ་རོགས་དངུལ་ཡིན་པ་དང་། རོགས་ཚོགས་ནི་ཏཱ་ལའི་བླ་མའི་དགེ་རྩ་དང་། བོད་ཀྱི་ཐེབས་རྩ་གཉིས་ཡིན་སྐོར་བྲིས་འདུག་ལ། རོགས་དངུལ་ལེན་མཁན་ནི་ཨ་རི་དོན་ཁང་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩ་ཡིན་ཞེས་བྲིས་འདུག་པས། སྤྱི་འཐུས་ལྷན་ཚོགས་ཏིང་ངེ་འཛིན་ལ་བཞུགས་ཡོད་ན་མ་གཏོགས། གྲོས་ཚོགས་ལ་མགོ་རྙོག་སྣ་རྩེ་ཁ་ལ་མི་ཐུག་པ་འདི་ལས་ལྷག་པའི་དབུ་སྐོར་གཏོང་སྲོལ་ཞིག་མེད།
དོགས་གཞི།
ཐེངས་འདིར་དོན་གཅོད་དང་ཐེབས་རྩ་ཁང་དབར་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་ཚོང་བརྒྱབ་པ་དེས་ཐེབས་རྩ་ཁང་ལ་ཁེ་བཟང་རག་པ་མ་ཟད། ད་ནས་བཟུང་ཐེབས་རྩ་ཁང་དེ་ཁྲིམས་མཐུན་གྱི་ཐོག་ནས་གཏན་འཇགས་སྒེར་བདག་ཆགས་ཏེ། བོད་གཞུང་དང་འབྲེལ་པ་མེད་པར་གྱུར་པ་རེད། རྒྱུ་མཚན་ནི། བོད་ཀྱི་ཐེབས་རྩ་ཁང་དེ་ནི་བཙན་བྱོལ་བོད་གཞུང་གིས་བཙུགས་པ་ཞིག་ཡིན་པ་དང་། དེའི་ཁང་ཁུངས་དང་མ་རྩ་ཡོངས་རྫོགས་བོད་གཞུང་ལ་བདག་གི་ཡོད་པས། དོན་ཁང་ནིའུ་ཡོཀ་ནས་ཝ་ཤིང་ཊོན་སྤོས་ན། སོག་པོ་དགེ་བཤེས་དབང་རྒྱལ་སོགས་ཀྱིས་ཞལ་འདེབས་ཐོག་ཉོས་པའི་དོན་གཅོད་ཀྱི་ནིའུ་ཡོཀ་ཏུ་ཡོད་པའི་ཁང་རྩེག་ཆ་ཚང་ཐེབས་རྩ་ཁང་ལ་བདག་འགྲོ་གི་ཡོད་པས། ཐེབས་རྩ་ཁང་དེ་སྒེར་བདག་བྱེད་མཁན་ཚོར་མཚོན་ན། དེ་ནི་མ་རྩ་མེད་པའི་ཐོག་ནས་རྒྱན་ཤོག་ཐོབ་པ་དང་གཅིག་པ་རེད། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་སྤྲད་རྗེས། ཐེབས་རྩ་ཁང་དེའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་བསགས་པའི་ཁ་རྗེ་དབང་ཐང་ཡོངས་རྫོགས་མི་ཁ་ཤས་ལ་བདག་པ་ཆགས་ཀྱི་ཡོད་ལ། ད་ནས་བཟུང་ཁོ་ཚོས་སྒེར་བདག་བྱས་པ་དེའང་བོད་གཞུང་ལ་ཁྲིམས་མཐུན་ཆགས་ཀྱི་ཡོད།
བོད་ཀྱི་ཐེབས་རྩའི་གསལ་བསྒྲགས་ནང་། བོད་ཀྱི་ཐེབས་རྩ་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཕན་ཚུན་བརྩི་མཐོང་དང་། གཅིག་ཕན་གཅིག་གྲོགས་བྱུང་ཚེ་ཞེས་ཆ་རྐྱེན་བཏོན་སྟངས་ལ་གཞིགས་ན། སྲིད་སྐྱོང་གིས་ཐེབས་རྩ་ཁང་ལ་ད་དུང་མུ་མཐུད་གཅིག་ཕན་གཅིག་གྲོགས་ཀྱི་འབྲེལ་བ་འཛུགས་རྒྱུའི་ཁས་ལེན་བྱས་ཡོད་པ་རྟོགས་ཐུབ་ལ། གཅིག་བྱས་ན། སྲིད་སྐྱོང་གིས་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་འགན་འཛིན་ལྷན་ཚོགས་སུ་དོན་ཟུར་སྐལ་རྡོར་དང་། བཀའ་ཟུར་པད་མ་ཆོས་འབྱོར་གཉིས་གསར་བསྐོ་གནང་ཟིན་པ་ལྟར། མ་འོངས་པར་དགེ་རྩ་དེ་ཐེབས་རྩ་ནང་བཞིན་སྒེར་བདག་ཏུ་བསྒྱུར་རྒྱུའི་འཆར་གཞི་ཡོད་སྲིད་པ་དང་། གཅིག་བྱས་ན་ཨ་རིའི་རོགས་དངུལ་རྣམས་ཐེབས་རྩ་མ་བརྒྱུད་པར་དགེ་རྩ་ནས་ཐད་ཀར་བླངས་པ་ཡིན་ན། ཐེབས་རྩར་གྱོང་གུན་ཕོག་ཉེན་ཡོད་པས། དེའི་ཐོག་ནས་ལྐོག་ཚོང་ངམ་ནང་མོལ་བྱུང་ཡོད་ཀྱང་སྲིད། ད་ལྟའི་ཐེབས་རྩའི་འགན་འཛིན་བློ་བཟང་སྙན་གྲགས་འདི་ཨ་རི་དོན་གཅོད་བྱེད་སྐབས་བློ་སེང་གི་ཉེ་གྲོགས་གྲས་ཡིན་ན་ནའང། སྐལ་རྡོར་ལ་ལས་ཀ་སྤྲོད་ཆེད་དོན་གཅོད་ཀྱི་ལས་ཀ་བླངས་ཏེ་ཐེབས་རྩ་ཁང་ལ་བཀོད་སྒྲིག་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོ་པ་ཚོར་”མུ་མཐུད་ཕན་ཚུན་བརྩི་མཐོང་དང་། གཅིག་ཕན་གཅིག་གྲོགས་”ཀྱི་འབྲེལ་བ་ཞིག་དགོས་སྐོར་ཡོངས་བསྒྲགས་བྱས་པ་འདིས། རྒྱན་རྩེད་མ་འདྲ་བ་ཞིག་འཛུགས་ཀྱི་ཡོད་པ་ཚོད་དཔག་བྱེད་ཆོག
སྲིད་སྐྱོང་བློ་སེང་དང་ཁོང་གི་གྲོགས་པོ་སྐལ་རྡོར་ལྟ་བུ་ཨ་རི་ནས་རྒྱ་གར་དུ་ཡོང་བ་ཡིན་སྟབས། འབབ་སའི་ཚང་དེ་ཨ་རི་ཡིན་པ་དང་། ༢༠༢༡ ལོར་ཕར་ལོག་སྐབས། དེ་སྔ་ཨིན་ལན་དང་ཨ་རི། ཇ་པན་སོགས་སུ་དོན་གཅོད་ཀྱི་ཟུར་སྐྱོང་ཐེབས་རྩ་ཁང་དེ་དག་སྒེར་བདག་ཏུ་བསྒྱུར་མྱོང་བའི་ལམ་སྲོལ་ཡོད་པ་རྣམས་ལས་སླ་པོར་བློས་གཏོང་བྱེད་མི་སྲིད། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་སྤེན་པ་ཚེ་རིང་གིས་རྩིས་ཞིབ་པར་དྲི་གླེང་བྱས་པ་ལ་བརྟེན་ནས། ཤ་རྡོག་ཁ་སྒོ་ནས་ཟགས་ཡོད་པ་དང་། དེ་ལས་ཀྱང་། སྤེན་པ་ཚེ་རིང་མུ་མཐུད་དོན་གཅོད་དུ་བསྡད་པ་ཡིན་ན། དེ་མཚུངས་ཀྱི་འཆར་གཞི་གཞན་པ་ལག་ལེན་དུ་འཁེལ་རྒྱུ་དཀའ་ལས་ཁག་པོ་ཡོད་པ་སྨོས་མེད་ཡིན་ལ། མ་འོངས་འགྲོ་སྟངས་ཇི་ལྟར་བཟོ་ཐུབ་མིན་དེ་འབྱུང་འགྱུར་གྱི་ལོ་གཉིས་དང་ཕྱེད་ཀའི་དུས་ཡུན་ལས་ལྷག་མེད་པས། དེའི་སྒང་ནས་བལྟས་ན། དོན་གཅོད་འཕོ་འགྱུར་གྱི་རྒྱུ་མཚན་ནི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ལ་ཐུག་ཡོད་གསུངས་པ་དེ་སྲིད་སྐྱོང་གི་དྲང་གཏམ་དུ་རྩིས་ཆོག་སྙམ།
སྨག་རུམ།
ཉེ་སྔོན། བོད་མི་ ༣༠ ཙམ་གྱིས་ཨ་རི་བོད་ཀྱི་ཐེབས་རྩའི་ཚོགས་ཆེན་ཚོགས་སའི་སྒོ་མདུན་དུ་འཕྲེད་དར་སྣ་ཚོགས་ཤིག་འཕྱར་ནས་ངོ་རྒོལ་གྱི་རྣམ་པ་བསྟན་འདུག་པ་དང་། དེ་ལ་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ནི། ཨུ་དཀར་ཚང་སྐལ་རྡོར་ཕྱི་ཚེས་ ༨ ཉིན་ཨ་རིར་འབྱོར་ཏེ། བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་གཡུ་སྒྲོན་དོན་ལྡན་སོགས་ཁག་ཅིག་ལ་ཟུར་མཇལ་ཐོག ཐེབས་རྩ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་ཐོག་ཏུ་ཕྱི་ཟླ་ ༣ པའི་གོང་ཐེབས་རྩ་ཁང་ནས་དོན་གཅོད་ལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་བུ་ལོན་སྤྲད་པའི་གན་ཡིག་དེ་གནང་སྦྱིན་ཡིན་པའི་ཡིག་ཆ་བཟོ་དགོས་སྐོར་ནང་དོན་སྐད་ཆ་ཤོད་དུ་ཡོང་ཡོད་པ་དེར་ངོ་རྒོལ་བྱས་པ་ཞིག་ཡིན་འདུག གོ་ཐོས་ལྟར་ན། སྐལ་རྡོར་ཐེངས་འདིར་སྲིད་སྐྱོང་གི་སྐུ་ཚབ་ཀྱི་མིང་ཐོག་ཡོང་ཡོད་པ་དང་། ཐེབས་རྩའི་ཚོགས་འདུའི་ཐོག་ཏུ་སྐལ་རྡོར་ནས་ཆུ་ཚོད་ཕྱེད་ཙམ་རིང་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་གནང་སྦྱིན་ཡིན་པའི་ཡིག་ཆ་བཟོ་བའམ། རྩིས་བསུབ་མ་བཏང་ཚེ་སྲིད་སྐྱོང་དང་བཀའ་ཤག་ལ་སྤྱི་ཚོགས་ནང་དཀའ་རྙོག་ཆེན་པོ་ཞིག་འཕྲད་བཞིན་པའི་གནས་སྟངས་རྣམས་གཏམ་བཤད་བྱས་འདུག
དེའི་གོང་དུ་ ༢༠༡༧།༡༢།༡༡ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་ཨ་རིར་གཞི་རྒྱ་ཆེ་བའི་ལས་འགུལ་ཐོག་ཕེབས་ཞོར་དུ། ཨ་རི་བོད་ཀྱི་ཐེབས་རྩའི་འགན་འཛིན་ཚོགས་མི་སྐོར་ཞིག་ལ་ཐུག་འཕྲད་གནང་སྟེ། དོན་གཅོད་ཀྱི་ཁང་པ་ཉོ་ཆེད་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུན་གཡར་གྱི་གན་ཡིག་བཞག་འདུག་པ་དེ་གནང་སྦྱིན་ཡིན་པའི་ཡིག་ཆ་བཟོ་དགོས་ལུགས་གསུངས་པ་མ་ཟད། གལ་སྲིད་གནང་སྦྱིན་ཡིན་པའི་ཡི་གེ་མ་སྤྲད་ཚེ། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་དངུལ་འབོར་ཆ་ཚང་ཐེབས་རྩ་ཁང་ལ་ཕྱིར་སློག་གནང་སྟེ། དེའི་ཚབ་ཏུ་༸གོང་ས་མཆོག་ལ་ཕྱག་དངུལ་གནང་རོགས་ཞུ་གི་ཡིན་ཞེས་གསུངས་འདུག་པ་མ་ཟད། དེར་འདུས་འགན་འཛིན་ཚོགས་མི་རྣམས་ལ་སྤེན་པ་ཚེ་རིང་ལས་ཀ་ཤོར་དགོས་དོན་ཡང་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་འདིར་ཐུག་ཡོད་སྐོར་གསུངས་འདུག
རྙོག་གླེང་འདི་སྲིད་སྐྱོང་དང་བཀའ་ཤག་གིས་མང་ཚོགས་ནང་འགྲེམས་བསྒྲགས་ཀྱིས་འགོ་བསླངས་པ་ཞིག་ཡིན་ལ། ཉིན་གྲངས་ ༡༠༠ ལྷག་གི་དུས་ཡུན་ནང་། སྲིད་སྐྱོང་དང་བཀའ་ཤག་གིས་མང་ཚོགས་ཀྱི་སྙན་ཞུ་དང་། ལས་འགུལ་རབ་དང་རིམ་པར་སྤེལ་བ་ལ་འགན་ཁུར་ལྡན་པའི་ཐོག་ནས་འགྲེལ་བཤད་དང་ཡ་ལན་བྱེད་ཀྱི་མེད་པ་དང་། སྤྱི་འཐུས་རྒྱུན་ལས་དང་། སྤྱི་འཐུས་རྣམ་པས་ཀྱང་། ཁ་ཟས་ཁྱི་ཡིས་ཁྱེར་ཀྱང་འཛུམ་དམུལ་དམུལ་དང་། མར་མེ་རླུང་གིས་བསྐྱོད་ཀྱང་འཛུམ་དམུལ་དམུལ་གྱི་ངང་ཚུལ་བཟུང་སྟེ་གོ་མེད་ཚོར་མེད་ངང་བཞུགས་ཡོད་པས། ༢༠༡༧ ལོ་འདི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་སྨག་རུམ་རྔམ་མཐུག་པའི་ལོ་ནག་ཅིག་དང་། གཅིག་བྱས་ན། ༢༠༡༧ ནས་བཟུང་ང་ཚོ་བཙན་བྱོལ་བ་འདྲ་འདྲ་ནང་ནས་མ་འདྲ་བ་ཡིན་ཞེས་སྤོབས་པ་བྱེད་པའི་ལོ་ཟླ་དེ་ཧ་ལམ་ལོ་རྒྱུས་ཀྱི་འཁོར་འགྲོས་ནས་ཡལ་བརླག་གི་འགོ་ཚུགས་པའི་རྟགས་ལྟས་དངོས་སུ་ཐོན་པ་འདྲ་ལ། ཡང་མིན་ན། བཙན་བྱོལ་བོད་མི་རྣམས་གོ་རྟོགས་སད་དེ་ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་ཏུ་གོམ་པ་སྤོ་བའི་ཡོ་ལང་ཕྱོགས་མཚམས་སུ་མཆེད་དེ་འགྱུར་བའི་དུས་ཚོད་སྨིན་པའི་སྔ་ལྟས་ཤིག་ཀྱང་ཡིན་སྲིད། །
ཡག་པོ་བྲིས་འདུག ཐུགས་རྗེ་ཆེ༏
་་་་་་་་་ ༢༠༡༤།༣།༣༡ ཉིན། ཨ་རི་བོད་ཀྱི་ཐེབས་རྩ་ནས་དོན་ཁང་ལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་གཡར་རྒྱུ་དང་། སྐྱིན་ཚབ་ལོ་ངོ་ ༣༠ ནང་ཕྱིར་སློག་དགོས་པའི་གན་རྒྱ་བཞག་ཡོད་པ་དང་། གན་རྒྱ་དེའི་སྟེང་སྐབས་དེའི་དོན་གཅོད་སྐལ་རྡོར་ནས་མཚན་རྟགས་བཀོད་ཡོད་པ་ཐེབས་རྩ་ཁང་གི་དྲ་རྒྱ་ནང་ཡོངས་བསྒྲགས་ཀྱིས་བཞག་ཡོད། ་་་་་་་་་་
བློ་བསྐྱེད་ཐེབས་པ་ཞིག་བྲིས་འདུག ད་རུང་སྔ་མ་སྔ་མའི་ཤུགས་རྐྱེན་ལས་ཕྱི་མ་ཕྱི་མས་རང་གི་ཁེ་སང་ཐོབ་པ་ཞིག་སྒྲུབ་བཞིན་ཡོད་མོད། སྟབས་མ་ལེགས་པར་རྙོག་དྲ་འདི་འདྲས་སྒེར་བདག་གི་རེ་བའི་རྨི་ལམ་རྩ་ནས་བཅོམས་སོང་། ཨ་རི་ན་ཡོད་པའི་བོད་མི་ཤེས་ལྡན་ཅན་དང་གསལ་ཆ་ཅན་ཚོས་གསལ་ཁ་འདོན་ན་ས་འཕྱུར་ནས་རྡོ་ལྷུང་ལ་འབུད་ཟེར་བ་བཞིན་ནམ་ཞིག་གཙང་མ་ཆགས་པར་ཐེམ་ཚོམ་མེད། མུ་མཐུད་ནས་དེ་དང་འབྲེལ་ནས་ཡོད་ཚད་གསལ་ཁ་བཟོ་ན་ད་གཟོད་སྤྱི་སྒེར་ཧམ་ཟ་བྱས་པ་ལྷང་ལ་འབུད་པ་ཐེ་མི་ཚོམ།
དོན་དངོས་གླེང་སྟེ་གནད་འགག་ལ་འཇུས་པའི་རྩོམ་རབ་ཅིག་རེད་འདུག རྩོམ་འདི་དང་བློ་རབ་ཀྱིས་བྲིས་པའི་༼བློ་སེང་དང་སྤེན་ཚེ་གཉིས་ཀྱི་གསར་བཤད་ལ་ཉན་རྗེས་ཀྱི་བསམ་ཚུལ་༽ཟེར་བ་གཉིས་རྩོམ་ཚད་ལྡན་རེད་འདུག དེ་གཉིས་ཡག་པོ་བཀླགས་ན་གནད་དོན་ཡངས་སུ་ཤེས་ཐུབ་ཅིང་། སུ་ཞིག་གིས་འདྲ་མིན་བཅོ་བརྒྱད་བྱས་པ་ཡིན་པ་མདུན་ལ་བཤམས་འདུག
གནས་དོན་འདི་དྲང་བདེན་དང་གསལ་པོ་ཆགས་དགོས་ན་ཨ་རིའི་ཁྲིམས་དང་རྒྱ་གར་གྱི་ཁྲིམས་ལ་གཏུག་ན་ཐེབ་རྩ་ཟེར་བ་དང་དགེ་རྩ་ཟེར་བ་དེ་ཚོ་ཁྲིམས་མཐུན་ཡིན་དང་ཁྲིམས་འགལ་ཡིན་གསལ་པོ་ཆགས་ཐུབ་།
གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་ཐེབ་རྩའི་མ་དངུལ་དང་དགེ་རྩིའི་མ་དངུལ་ག་པར་གཏོང་ཆོག་གི་འདུག་ག་པར་གཏོང་ཆོག་གི་མི་འདུག་ལུང་པ་དེའི་ཁྲིམས་ལ་གཏུག་ན་གསལ་པོ་ཆགས་རྒྱུ་ལས་ཕྱོགས་གཏོགས་དང་འགོ་འདྲེན་ལ་སྐྱབས་བཅོལ་ནས་དྲ་ནང་དུ་མིང་རྫུན་འོག་ནས་ཁ་དམག་དང་དཀྲུགས་ཤིང་རྒྱག་ཐུབ་པ་ཙམ་གྱི་ནམ་ཡང་གསལ་པོ་བཟོ་མི་ཐུབ་།
ངོ་མ་ཡང་པོ་བྲིས་འདུག་ཐུགས་རྗེ་ཆེ
འདི་ལྟར་ན། སྤེན་པ་ཚེ་རིང་གིས་བོད་གཞུང་གི་གཞུང་རྒྱུ་ཟེར་ནའང་འདྲ། ཨ་རིའི་དོན་གཅོད་ཀྱིས་སྟངས་འཛིན་འོག་ཡོད་པའི་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩེ་བློ་བཟང་སེང་གེ་སོགས་ཀྱིས་སྒེར་བདག་བྱེད་རྩིས་ཡོད་པ་ནས་ད་ནི་སྒེར་བདག་བྱེད་སྟངས་མི་ཤེས་པ་ཞིག་གནངས་འདུག་པའི་ཆ་ནས་གནང་སྟངས་ཡག་པོར་མཐོང་སོང་།
གཞན་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་ལྟ་བུས་བོད་ཀྱི་རྩ་དོན་ལ་ཕན་ཞེ་དྲག་ཕན་ཐོགས་སོང་བསམ་པ་མེད་ལ། མ་འོངས་པ་ན་ཕན་ཆེན་པོ་ཐོགས་ཀི་རེད་བསམ་པ་དེ་བས་མེད།
ཉེ་ཆར་བློ་བཟང་སེང་གེས་ཀླ་ཀློའི་བྱ་་སྤྱོད་མང་པོ་སྤེལ་བའི་ནང་ནས། ཇོ་བོ་དང་༧གོང་ས་མཆོག་སོགས་བོད་མི་རིགས་ཀྱི་སྙིང་གི་ནོར་བུ་ངོ་མ་རྣམས་ལ་ཁྱད་གསོད་དང་མཐོང་ཆུང་དང་བརྙས་བཅོས་ཚད་མེད་བྱས་ཏེ། ལྷ་ས་ནོར་བུའི་གླིང་ལ།། ནོར་བུ་མི་འདུག་མ་གསུངས།། སྲིད་སྐྱོང་བློ་བཟང་སེང་རྒྱས།། ནོར་བུ་མིན་ན་གང་ཡིན། ཞེས་ཇོ་བོ་དང་༧རྒྱལ་བ་རིན་པོ་ཆེ་བོད་ཀྱི་ནོར་བུ་མ་ཡིན་པར། བློ་སེང་ཁོ་རང་ནོར་བུ་ཡིན་ཟེར་ནས་ཧམ་སེམས་ཕྱིར་བསྟན་པ་དང་རྟེན་འབྲེལ་ངན་པ་འགྲིག་པའི་དབང་གིས་ཇོ་བོ་ཐུགས་ཕམ་བྱུང་ནས་མེས་ཚིག་པ་ཡིན་སྲིད། ཇོ་ཁང་ཚིག་ཚར་བ་རེད། ད་བོད་མི་ཚོས་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱིས་༧རྒྱལ་བའི་ཞབས་བརྟན་སྒྲུབ་དགོས། དེ་མིན་མི་ངན་བློ་སེང་གིས་རྟེན་འབྲེལ་ལོག་པར་བྱས་པས་ཉེན་ཁ་ཆེན་པོ་ཆགས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་མིང་བེད་སྤྱོད་བྱས་ནས་བློ་སེང་དང་གཡུ་ཐོགས་གཉིས་ཀྱིས་ཇོ་ཁང་མེ་སྐྱོན་བྱུང་མེད་ཅེས་ཁྱབ་སྒྲགས་བྱས་འདུག ཁོ་གཉིས་ལ་ཇོ་ཁང་མེ་སྐྱོན་ཤོར་བ་མིན་པའི་བདེན་དབང་གང་ཡོད་ངེས་པར་དུ་གསལ་བཤད་བྱེད་དགོས། བོད་མི་མང་དང་འཛམ་གླིང་གི་མི་རྣམས་ལ་མགོ་སྐོར་དང་སྐྱག་རྫུན་བཤད་དགོས་པའི་རྒྱུ་མཚན་གང་ཡིན།
བཀྲ་ཤིས་བདེ་ལེགས།
བཀའ་ཤག་གིས་རྒྱ་གཞུང་གི་མགྲིན་ཚབ་པ་བྱེད་དགོས་ཅི་ཡིན་ནམ།
(ལྷ་སའི་ཇོ་ཁང་ལ་མེ་སྐྱོན་དང་འབྲེལ་བའི་བཀའ་ཤག་གི་གསལ་བཤད་ལས་འཕྲོས་པ།)
བསྟན་འཛིན་བྱམས་ཆེན།
ཇོ་ཁང་མེ་སྐྱོན་དང་འབྲེལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ངོས་སུ་བཀའ་ཤག་ནས་གནས་འཕྲིན་ཞིག་བཏང་འདུག་པ་གཟབ་ནན་གྱིས་བལྟས་པ་ཡིན། འོན་ཀྱང་བལྟས་ཚར་བ་དང་བློ་ཕམ་དང་ཡི་ཆད་སྔ་ན་མེད་པ་ཞིག་བྱུང་།
བཀའ་ཤག་གིས་་མང་ཚོགས་ཀྱིས་ཤེས་ཟིན་པའི་དོན་དག་ཅིག་ལས་གཞན་གང་ཡང་ཤེས་མི་འདུག་པ་དང་། མང་ཚོགས་ཀྱིས་ཤེས་པའི་གནད་དོན་འགང་ཆེན་མང་པོ་ཞིག་ཀྱང་ཤེས་མི་འདུག ད་དུང་ཁུངས་ལུང་གསལ་པོ་གང་ཡང་མེད་བཞིན་དུ་ཇོ་བོ་བཞུགས་གནས་ཀྱི་ཇོ་ཁང་ལ་གནོད་འཚེ་ཕོགས་མེད་ཚུལ་གྱི་མཐའ་སྡོམ་ཧམ་པ་ཅན་ཞིག་ཀྱང་བརྒྱབ་འདུག རྫབ་ཆེན་ཞིག་ལ་བཤད་པ་དེ་དག་གི་ཁུངས་ལུང་རྒྱ་ནག་གི་ཤིན་ཧྭ་གསར་ཁང་གི་སྤེལ་གནས་ལ་གཞི་རྟེན་བཅོལ་འདུག ལོ་གསར་སོགས་མང་ཚོགས་འདུ་འཛོམས་སྐབས་ཡིད་གཟབ་དགོས་ཞེས་ཇོ་ཁང་མེར་ཤོར་དང་འབྲེལ་བ་མེད་པའི་དོན་དག་དག་བཤད་འདུག་པར་གཞིགས་ན་བཀའ་ཤག་གིས་ཇོ་ཁང་མེ་སྐྱོན་གྱི་འབྱུང་རྐྱེན་བོད་མིའི་སྟེང་དུ་ཡོད་ངེས་པའི་རྣམ་འགྱུར་ཞིག་ཀྱང་བསྟན་འདུག
སྤྱིར་ན་ཇོ་ཁང་ལ་མེ་སྐྱོན་གྱི་གནོད་འཚོ་ཇི་འདྲ་ཕོགས་མིན་སོགས་ནི་རྒྱ་ནག་གཞུང་དང་འབྲེལ་ཡོད་གྲོང་ཁྱེར་ལྷ་སའི་སྤྱི་ཁྱབ། ལྷ་ལྡན་གཙུག་ལག་ཁང་གི་དོ་དམ་མི་སྣས་བྱེད་དགོས་པ་ཞིག་ཡིན། གང་ཡིན་ཞེ་ན་ཁོང་ཚོས་གསལ་ཐང་ཤེས་ངེས་རེད་ལ། ཁོང་ཚོས་ཇོ་ཁང་བཙན་བདག་བྱེད་ཀྱིན་ཡོད་པས་ཁོང་ཚོར་འོས་འགན་ཀྱང་ཡོད་པ་རེད། འོན་ཀྱང་བཀའ་ཤག་གིས་ཧ་མི་གོ་བཞིན་དུ་བར་དེ་ནས་ཧོལ་རྒྱུགས་འདི་འདྲ་ཅིའི་ཕྱིར་བྱ་བཞིན་ཡོད་དམ། ཇོ་ཁང་གི་གནས་ཚུལ་འདིར་བོད་རིགས་མང་ཚོགས་དང་། བོད་ཀྱི་བླ་ཆེན་དང་། ཤེས་ཡོན་ཅན་དག་གིས་རྒྱ་གཞུང་ལ་འདྲི་གཏུགས་རྩད་གཅོད་བྱེད་རྒྱུར་གྲྭ་སྒྲིག་བྱེད་བཞིན་པའི་སྐབས་སུ་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་དྭངས་བླངས་ཀྱིས་ལན་འདེབས་པར་ཅིའི་ཕྱིར་ཐོན་པ་རེད་དམ། ཇོ་ཁང་གི་གནས་ཚུལ་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་དང་། བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་རྒྱ་གཞུང་ལ་འདྲི་ཞིབ་རྩད་གཅོད་བྱེད་བཞིན་པ་དང་བྱེད་ངེས་པའི་སྐབས་སུ་བཀའ་ཤག་ཅིའི་ཕྱིར་དྭངས་བླངས་ཀྱི་ལན་འདེབས་པར་ཐོན་པ་རེད་དམ། ད་དུང་དེ་ལས་ཡ་མཚན་པ་ཞིག་ལ་བཀའ་ཤག་གིས་གནས་འཕྲིན་དང་བསམ་འཆར་དེ་དག་གི་ནང་དུ་རྒྱ་ནག་གཞུང་ཕྱོགས་ལ་ཇོ་ཁང་སོགས་བོད་ཀྱི་དད་རྟེན་དང་རིག་དངོས་བདག་དམ་དང་འབྲེལ་བའི་བསམ་འཆར་དང་། རེ་འདུན་ཅི་ཡང་གསལ་སྟོན་བྱས་མི་འདུག མདོར་ན་གསལ་བཤད་དང་འབྲེལ་བའི་གནས་འཕྲིན་འདིིའི་ནང་དུ་བཀའ་ཤག་བོད་མི་མང་གི་མགྲིན་ཚབ་པའི་ངོ་བོར་མ་བསྡད་པར་རྒྱ་གཞུང་གི་འབྲེལ་ཡོད་གསར་གནས་ལ་ཁུངས་བཅོལ་གྱིས། རྒྱ་གཞུང་གིས་ངེས་པར་འཛམ་གླིང་དང་བོད་མི་མང་ལ་ལེན་འདེབས་གསལ་བཤད་བྱེད་དགོས་པའི་གནས་དོན་ཞིག་ལ་བཀའ་ཤག་དྭངས་བླངས་ཀྱིས་ཐོན་འདུག མདོར་ན་སྐབས་འདི་འདྲ་ཞིག་ལ་བཀའ་ཤག་གིས་རྒྱ་ནག་གཞུང་ཕྱོགས་ཀྱི་མགྲིན་ཚབ་པ་ཅིའི་ཕྱིར་བྱ་དགོས་པ་རེད་དམ།
ཧཧ
བོད་མི་རིགས་འདས་མ་འོངས་ད་ལྟ་གསུམ་གྱི་སྐྱབས་གནས་དང་བསོད་ནམས་ཀྱིས་རྒྱབ་བསྟེན་ཇོ་བོ་རིན་པོ་ཆེའི་ལྷ་ཁང་ལ་མེ་སྐྱོན་ཤོར་བའི་སྐོར་ལ་དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་དང་ནང་བསྟན་ལྷན་ཚོགས་ལ་འབོད་བསྐུལ་ག་རེ་གནང་ཡོད་མེད་ཤེས་མ་སོང་ན་མང་ཚོགས་ལ་གནས་དོན་འདིའི་ཐོག་བར་མཐའ་གསུམ་ཇི་ཆགས་གསལ་པོ་བཟོ་དགོས་པ་དེ་གལ་ཆེན་མིན་པ་ཡིན་ནམ་།
ཡག་པོ་བྲིས་གནང་འདུག
གྱི་ན་བ་བློ་བཟང་རྡོ་རྗེ་ལགས་ཀྱིས་རྩོམ་ཡག་པོ་ཞིག་བྲིས་འདུག ངས་ཚོད་དཔག་བྱས་ན་ཁོང་ངོ་མ་གཟུར་གནས་ཤིག་མིན་ནམ་སྙམ། གང་ལྟར་དེ་འདྲའི་གདེངས་འཇོག་ཞུ་གི་ཡོད། འོན་ཀྱང་ཁོང་གི་རྩོམ་དེ་བཀླགས་རིམ་བཞིན་ཞན་ཆ་ཇེ་མང་ཇེ་མང་དུ་སོང་བའི་ཚོར་བ་ཞིག་བྱུང་། དེ་ལ་གུས་རང་ཉིད་ཀྱི་བསམ་ཚུལ་དང་མཐུན་པར་མཆན་འགའ་ཞིག་འཇོག་འདོད།
དེ་དུམ་ཚན་རེ་བཞིན་བསམ་ཚུལ་མ་བརྗོད་ན་ཆ་མ་ཚང་བར་འགྱུར་བ་དང་། བརྗོད་ན་ཧ་ཅང་མང་དྲགས་པར་འགྱུར་བའི་དཀའ་ངལ་ཞིག་བྱུང་། གང་ལྟར་གང་ཐུབ་ཀྱིས་གནད་བསྡུས་བྱས་ཁུལ་བསམ་ཚུལ་འགའ་འབུལ་རྒྱུ་ཡིན།
དེ་ཡང་འབོལ་རྩོམ་དེའི་ནང་དུ་གནད་བསྡུས་བྱས་ནཿ ཀ མ་ཉེས་ཁ་གཡོག་གསུམ། ཁ། ཁུངས་སྐྱེལ་མེད་པའི་གཏམ་འདྲ་བཟོ་གཉིས། ག། གསལ་བཤད་དགོས་པ་གསུམ། ང། བློ་མཁྱོགས་པའི་གཏམ་བཞི། ཅ། རྣམ་རྟོག་དགྲ་ལང་གི་གཏམ། ཆ། རང་གི་གསལ་བཤད་ཐུབ་པ་གཉིས། ཇ། རིག་པ་ཚ་བོ་གཅིག ཉ། གོ་བ་གཏན་ནས་མ་ལོན་པ་གཉིས་བཅས་ཡོད་པར་སྣང་། འདི་དག་ནི་གང་ཟིན་གྱིས་བཏུས་ནས་དེའི་ནང་ནས་དོན་དག་ཅུང་གལ་ཆེ་བར་མཐོང་བ་དག་ལ་ཕྱོགས་བསྡུས་བགྱིས་ཁུལ་ཡིན།
ཀ མ་ཉེས་ཁ་གཡོག་གསུམ།
༡། “རྙོག་གླེང་འདི་སྲིད་སྐྱོང་དང་བཀའ་ཤག་གིས་མང་ཚོགས་ནང་འགྲེམས་བསྒྲགས་ཀྱིས་འགོ་བསླངས་པ་ཞིག་ཡིན་ལ།”་ཞེས་པ་དང་།
༢། “ལས་འགུལ་རབ་དང་རིམ་པར་སྤེལ་བ་ལ་འགན་ཁུར་ལྡན་པའི་ཐོག་ནས་འགྲེལ་བཤད་དང་ཡ་ལན་བྱེད་ཀྱི་མེད་པ་དང་།”་ཞེས་པ་དང་།
༣། “གལ་སྲིད་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེས་”ཟིང་འཁྲུག་”བསླངས་ཡོད་པའི་དབང་དུ་བཏང་ན། ”ཟིང་འཁྲུག་”སློང་མཁན་དེ་བཀའ་ཤག་དང་། སྲིད་སྐྱོང་ཡིན་པ་ལས་གཞན་ལ་ལེ་ཁག་དཀྲི་ས་མེད།”་ཅེས་པ་འདི་དག་ནི་བཀའ་ཤག་ལ་མ་ཉེས་ཁ་གཡོག་བྱས་པ་རང་རེད། དེའི་རྒྱུ་མཚན་དག་འདིར་གསལ་བཤད་བྱས་བསྡད་ན་རིང་དྲགས་པར་བསམ། གཞན་གྱི་བསམ་ཚུལ་མཁྱེན་འདོད་ན་ཞིབ་འཇུག་མཐིལ་ཕྱིན་གནོངས། ཉེ་ཆར་ཁོ་བྲིས་པའི་རྩོམ་འདྲ་ཞིག་ཡོད་པ་དེ་ལ་ཡང་གཟིགས།
ཁ། ཁུངས་སྐྱེལ་མེད་པའི་གཏམ་འདྲ་བཟོ་གཉིས།
༡། “༢༠༡༧།༡༢།༡༡ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་ཨ་རིར་གཞི་རྒྱ་ཆེ་བའི་ལས་འགུལ་ཐོག་ཕེབས་ཞོར་དུ། ཨ་རི་བོད་ཀྱི་ཐེབས་རྩའི་འགན་འཛིན་ཚོགས་མི་སྐོར་ཞིག་ལ་ཐུག་འཕྲད་གནང་སྟེ། དོན་གཅོད་ཀྱི་ཁང་པ་ཉོ་ཆེད་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུན་གཡར་གྱི་གན་ཡིག་བཞག་འདུག་པ་དེ་གནང་སྦྱིན་ཡིན་པའི་ཡིག་ཆ་བཟོ་དགོས་ལུགས་གསུངས་པ་མ་ཟད། གལ་སྲིད་གནང་སྦྱིན་ཡིན་པའི་ཡི་གེ་མ་སྤྲད་ཚེ། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་དངུལ་འབོར་ཆ་ཚང་ཐེབས་རྩ་ཁང་ལ་ཕྱིར་སློག་གནང་སྟེ། དེའི་ཚབ་ཏུ་༸གོང་ས་མཆོག་ལ་ཕྱག་དངུལ་གནང་རོགས་ཞུ་གི་ཡིན་ཞེས་གསུངས་འདུག”་ཅེས་བྲིས་པར། སྐད་ཆ་འདི་འདྲ་ཞིག་རྩ་དོན་གླིང་གི་ཚོགས་མི་ཞིག་གིས་བཤད་ཀྱིན་ཡོད་པ་ངས་གོ་བྱུང་བ་དེ་ཙམ་ལ་གཞི་བཞག་ནས་བྲིས་པ་ཡིན་ན་གཞི་རྩ་གང་ཡང་མེད་པ་རེད། གལ་སྲིད་རྩོམ་པ་པོ་བཤད་པ་པོ་ཁོ་རང་ཡིན་ན་ཁྱེད་ཀྱིས་ངེས་པར་དུ་འདིའི་ཁུངས་སྐྱེལ་གསལ་བོ་གནང་དགོས། དེ་མིན་དཀྲོགས་གཏམ་ཞེས་པ་འདི་འདྲ་ལས་གཞན་ལ་མེད།
༢། “སྤེན་པ་ཚེ་རིང་གིས། རྩིས་ཞིབ་པར་དོན་གཅོད་ཀྱི་རྩིས་ཁྲའི་ནང་དུའང་སྤྲོད་བསྡད་འབྲི་དགོས་ཀྱི་མ་རེད་དམ་ཞེས་དྲི་གླེང་བྱས་པ་ཙམ་གྱིས་དངངས་འདྲོགས་དགོས་དོན་ཅི་ལ་ཡོད་དམ། ལྷག་པར་དུ་སྲིད་སྐྱོང་གིས་རང་གཞུང་གི་རྩིས་ཞིབ་སྤྱི་ཁྱབ་པ་དང་། ཐེབས་རྩའི་འགན་འཛིན་ལྷན་ཚོགས་ལ་སྔ་རྗེས་ཐུག་འཕྲད་ཀྱིས་གནོན་ཤུགས་དེ་ལྟར་སྤྲོད་དགོས་དོན་ཅི་ལ་ཡོད་དམ།”་ཅེས་བྲིས་པར། འདི་ཡང་གོང་བཞིན་རེད།
མ་ཟད་དྲི་གླེང་ཙམ་བྱས་པ་མ་རེད། གལ་སྲིད་ཡིན་ན་དེའི་ལན་ཕུལ་ཟིན་པ་རེད། གཞུང་གི་རིམ་པ་མཐོ་ཤོས་ཀྱིས་ལན་ཕུལ་ཟིན་ན་ཡང་དེར་ཆ་མ་བཞག་པ་དེ་དྲི་གླེང་ཙམ་མིན་པ་ར་འཕྲོད་པ་རེད། སྤེན་ཚེ་ཁོ་རང་གིས་དྲི་བ་ཙམ་ཡིན་ཞེས་གསུང་པ་ཡང་ཞལ་རྫུན་ཡིན་པར་དེ་གར་གསལ་བོར་སོང་བ་རེད་ལགས།
ག གསལ་བཤད་དགོས་པ་གསུམ།
༡། “སྤེན་ཚེས་ཐེབས་རྩ་དང་དོན་གཅོད་དབར་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་ཡིན་པའི་གན་རྒྱ་ཡི་གེ་ཞིག་བཞག་འདུག་སྟབས། དོན་གཅོད་ཀྱི་རྩིས་ཁྲའི་ནང་དུའང་སྤྲོད་བསྡད་འབྲི་དགོས་ཀྱི་རེད་ལབ་འདུག་པ་དང་། སྤྲོད་བསྡད་འབྲི་དགོས་པའི་རྒྱུ་མཚན་དུ་ཨ་རིའི་རྩིས་དང་ཁྲིམས་ཀྱི་འགྲོ་སྟངས་དང་མཐུན་གྱི་མེད་པ་དང་།”་ཞེས་བྲིས་པར། ཨ་རིའི་རྩིས་དང་ཁྲིམས་ཀྱི་དོན་ཚན་གང་དང་གང་ལ་འགལ་གྱི་ཡོད་པ་ཁ་གསལ་འདོན་དགོས་ཀྱི་འདུག་ལགས། དེ་ནི་རང་གཞན་ཚང་མར་ཕན། དེར་མ་ཟད། ཁྲིམས་ཡིག་གི་འགྲོ་སྟངས་ལ་དོན་ཚན་སྔ་མ་ཞིག་ལ་བཀག་ཡོད་ན་ཡང་གནས་སྟངས་དང་རྒྱུ་མཚན་དམིགས་བསལ་བའི་དབང་གིས་དོན་ཚན་ཕྱི་མ་ཞིག་ལ་གནང་བ་ཡོད་སྲིད། དེ་འདྲ་མེད་པ་ཡང་གསལ་སྟོན་བྱ་དགོས། དེ་བྱུང་ན་ད་གཟོད་འཁྱལ་གཏམ་དུ་མི་འགྱུར་བ་ཡིན།
༢། “རྒྱ་མཚན་ནི། སྤེན་པ་ཚེ་རིང་གི་ངོས་འཛིན་ནི། སྲིད་སྐྱོང་དང་སྐལ་རྡོར་གྱི་གནང་སྟངས་འདི། “གནས་ཡུལ་གཞུང་གི་ཁྲིམས་དང་རྩིས་ཀྱི་འགྲོ་སྟངས་གཉིས་ཀར་འགལ་བ་”ཡིན་ཞེས་ཐག་ཆོད་པོས་བྲིས་འདུག”་ཅེས་བྲིས་པར། གོང་བཞིན་དོན་ཚན་ཁ་གསལ་གནང་རོགས།
༣། “ད་ནས་བཟུང་ཐེབས་རྩ་ཁང་དེ་ཁྲིམས་མཐུན་གྱི་ཐོག་ནས་གཏན་འཇགས་སྒེར་བདག་ཆགས་ཏེ། བོད་གཞུང་དང་འབྲེལ་པ་མེད་པར་གྱུར་པ་རེད། རྒྱུ་མཚན་ནི། བོད་ཀྱི་ཐེབས་རྩ་ཁང་དེ་ནི་བཙན་བྱོལ་བོད་གཞུང་གིས་བཙུགས་པ་ཞིག་ཡིན་པ་དང་། དེའི་ཁང་ཁུངས་དང་མ་རྩ་ཡོངས་རྫོགས་བོད་གཞུང་ལ་བདག་གི་ཡོད”་ཅེས་བྲིས་པ་ལ། བོད་ཀྱི་ཐེབས་རྩ་ཁང་ཨ་རིའི་མི་སེལ་ཡིན་པའི་བོད་པ་ཁག་ཅིག་གིས་བཙུགས་པ་ཡིན་རབས་ཡོད་ཀྱང་། བཙན་བྱོལ་བོད་གཞུང་གིས་བཙུགས་པ་ཡིན་ན་དེའི་ཁུངས་སྐྱེལ་ཡོད་དགོས་ཀྱི་འདུག དེ་མིན་དཀྲོགས་གཏམ་དུ་འགྱུར་།
ང། བློ་མཁྱོགས་པའི་གཏམ་བཞི།
༡། རྩིས་ཞིབ་པ་རང་གཞུང་གི་ལས་བྱེད་ཡིན་པ་ལས། ཕྱི་མི་མིན་ལ། རྩིས་ཞིབ་པའི་སྙན་ཐོ་འབུལ་ཡུལ་བོད་མིའི་སྒྲིག་འཛུགས་ཡིན་པ་ལས་གཞན་ཞིག་མིན་པ་དང་། རྩིས་ཞིབ་པས་སྐྱོན་གནད་མཐོང་ན་མ་གཏོགས་སྙན་ཐོ་འབྲི་འགོད་མི་བྱེད། འདི་ནི་སྲིད་ཚབ་ཀྱིས་གསུང་བའི་ནང་དང་ཕྱི་ཟེར་བ་གཉིས་ཀྱི་གོ་དོན་མཁྱོགས་བརྗོད་བྱས་པ་ཙམ་རེད།
༢། “སྲིད་ཚབ་ཀྱིས་ད་དུང་། ཁང་པ་ཉོ་བྱེད་ཀྱི་དངུལ་དེའི་ཕྱེད་ཀ་དགའ་ལྡན་ཕོ་བྲང་ནས་གསོལ་རས་གནང་བ་རེད། གལ་སྲིད་དངུལ་དེའི་ཕྱེད་ཀ་ལ་དཀའ་ངལ་ཡོད་ཚེ་ཕྱེད་ཀ་གཞན་དེ་ལའང་དཀའ་ངལ་འཕྲད་ཀྱི་ཡོད་ཅེས་བརྗོད་སྟངས་དེར་བལྟས་ན། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་ཐོག་བཀའ་ཤག་ལ་རྙོག་དྲ་བྱུང་ཚེ། དགའ་ལྡན་ཕོ་བྲང་ཡང་ཐར་ས་མེད་པའི་བརྡ་སྟོན་བྱས་ཡོད་པས། གལ་སྲིད་ཁ་བཙུམ་ན་མ་བསྡད་ན། མི་མེད་བདག་མེད་བཟོ་གི་ཡིན་ཞེས་སྡིགས་སྐུལ་བྱས་པ་ཞིག་ཡིན།”་ཅེས་བྲིས་པར་། སྲིད་ཚབ་ཀྱིས་སྐུ་སྒེར་ནས་བྱུང་བའི་དངུལ་དེ་ཡང་གཅིག་མཚུངས་ཀྱི་སྐྱོན་མེད་ཅིག་ཡིན་པ་གསལ་བཤད་ཙམ་ཡིན་པ་ལས་སྡིག་སྐུལ་གྱི་དྲི་ཙམ་ཡང་མི་བྲོ་ན་ནང་འཇིགས་སྐུལ་ཡིན་ཞེས་པ་ནི་མཁྱོགས་བརྗོད་བྱས་པ་རེད།
༣། “དོན་ཁང་ནིའུ་ཡོཀ་ནས་ཝ་ཤིང་ཊོན་སྤོས་ན། སོག་པོ་དགེ་བཤེས་དབང་རྒྱལ་སོགས་ཀྱིས་ཞལ་འདེབས་ཐོག་ཉོས་པའི་དོན་གཅོད་ཀྱི་ནིའུ་ཡོཀ་ཏུ་ཡོད་པའི་ཁང་རྩེག་ཆ་ཚང་ཐེབས་རྩ་ཁང་ལ་བདག་འགྲོ་གི་ཡོད་པས། ཐེབས་རྩ་ཁང་དེ་སྒེར་བདག་བྱེད་མཁན་ཚོར་མཚོན་ན། དེ་ནི་མ་རྩ་མེད་པའི་ཐོག་ནས་རྒྱན་ཤོག་ཐོབ་པ་དང་གཅིག་པ་རེད། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་སྤྲད་རྗེས། ཐེབས་རྩ་ཁང་དེའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་བསགས་པའི་ཁ་རྗེ་དབང་ཐང་ཡོངས་རྫོགས་མི་ཁ་ཤས་ལ་བདག་པ་ཆགས་ཀྱི་ཡོད་ལ། ད་ནས་བཟུང་ཁོ་ཚོས་སྒེར་བདག་བྱས་པ་དེའང་བོད་གཞུང་ལ་ཁྲིམས་མཐུན་ཆགས་ཀྱི་ཡོད།”་ཅེས་བྲིས་པར། སྒེར་བདག་ཅེས་པ་ཅི་འདྲ་ཞིག་ལ་ཟེར་བ་ཡིན། ཡུལ་གྲུ་གང་དུ་ཡང་ཁྲིམས་ཐོག་ལ་ཐེབས་རྩ་ཁང་དུ་དེབ་སྐྱེལ་བྱས་ཡོད་ན་ཇི་སྲིད་ཀྱི་བར་དུ་ཐེབས་རྩ་ཁང་དུ་གནས་ཀྱི་ཡོད་པ་ལས་མི་སྒེར་བའི་མིང་ཐོག་ལ་ཡོང་ཐབས་མེད། དེིའི་ནང་གི་ཡོང་སྒོ་མང་པོ་ཞིག་ལྐོགས་ཟས་བྱས་པ་ཟེར་བ་ཡིན་ན་ནི་དེ་ལ་སྒེར་བདག་ཅན་དུ་མི་ཟེར། དེ་ཐེར་འདོན་བྱས་ན་ཉེས་ཆད་ཕོགས་ཀྱི་རེད། སྒེར་བདག་ཡིན་ན་རང་གི་ཡོང་སྒོ་རང་གིས་སྤྱད་ན་ཉེས་ཆད་ཅིའི་ཕྱིར་ཕོགས། ལར་ནས་དོན་གཅོད་ཁང་ཐེབས་རྩ་ཁང་ལས་ལོགས་སུ་ཐོན་པ་ཙམ་གྱིས་ཐེབས་རྩ་ཁང་བོད་གཞུང་གི་ངོས་ནས་སྒེར་བདག་ཅན་ལ་ངོས་ལེན་ཐོབ་འགྲོ་བའི་གཏན་ཚིགས་གང་ཞིག་ཡོད། དེའི་ཕྱིར་འདི་ཡང་མཁྱོགས་བརྗོད་རེད་འདུག
༤། “དངུལ་འབོར་འདིའི་རྩོད་རྙོག་ཏིག་ཏིག་དེ་རྩིས་ཞིབ་སྙན་ཐོར་འགོད་མིན་དེ་ཡིན་པས། དོན་ཁང་ལ་རྩིས་ཞིབ་དག་མཆན་ཡིག་ཆ་བསྟན་རྒྱུ་ཡོད་ན། སྤེན་པ་ཚེ་རིང་གིས་རྩིས་ཞིབ་པར་དོན་ཁང་གི་རྩིས་ཁྲའི་ནང་ཡོང་བསྡད་གསལ་དགོས་ཀྱི་མ་རེད་དམ་ཞེས་བཤད་དགོས་དོན་མེད་པས། གསུང་མོལ་འདི་བཀའ་ཤག་གིས་ཞལ་རྫུན་གནང་བ་ཞིག་ཡིན་པ་ལས་མགོ་གཞུག་ཐུག་ཐབས་མེད།”་ཅེས་བྲིས་པར། སྤེན་ཚེས་བཤད་པ་དང་མི་མཐུན་པས་བཀའ་ཤག་གི་ཞལ་བརྫུན་ཡིན་པར་སྒྲུབ་པ་ལས་བཀའ་ཤག་གི་གསུང་པ་དང་མི་མཐུན་པས་སྤེན་ཚེས་ཞལ་བརྫུན་ཡིན་པར་སྒྲུབ་ན་འོས་བབ་ཅུང་ཆེ་བ་རེད། འོན་ཀྱང་ད་སྐབས་ཁྱེད་སྤེན་ཚེས་གསུང་བ་སྒྲ་ཇི་བཞིན་དུ་ཁས་ལེན་པའི་སྐབས་ཡིན་པས་དེ་ཙམ་གྱིས་བཞག
ཅ། རྣམ་རྟོག་དགྲ་ལང་གི་གཏམ་གཅིག
“གཅིག་ཕན་གཅིག་གྲོགས་བྱུང་ཚེ་ཞེས་ཆ་རྐྱེན་བཏོན་སྟངས་ལ་གཞིགས་ན། སྲིད་སྐྱོང་གིས་ཐེབས་རྩ་ཁང་ལ་ད་དུང་མུ་མཐུད་གཅིག་ཕན་གཅིག་གྲོགས་ཀྱི་འབྲེལ་བ་འཛུགས་རྒྱུའི་ཁས་ལེན་བྱས་ཡོད་པ་རྟོགས་ཐུབ་ལ། གཅིག་བྱས་ན། སྲིད་སྐྱོང་གིས་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་འགན་འཛིན་ལྷན་ཚོགས་སུ་དོན་ཟུར་སྐལ་རྡོར་དང་། བཀའ་ཟུར་པད་མ་ཆོས་འབྱོར་གཉིས་གསར་བསྐོ་གནང་ཟིན་པ་ལྟར། མ་འོངས་པར་དགེ་རྩ་དེ་ཐེབས་རྩ་ནང་བཞིན་སྒེར་བདག་ཏུ་བསྒྱུར་རྒྱུའི་འཆར་གཞི་ཡོད་སྲིད་པ་དང་། གཅིག་བྱས་ན་ཨ་རིའི་རོགས་དངུལ་རྣམས་ཐེབས་རྩ་མ་བརྒྱུད་པར་དགེ་རྩ་ནས་ཐད་ཀར་བླངས་པ་ཡིན་ན། ཐེབས་རྩར་གྱོང་གུན་ཕོག་ཉེན་ཡོད་པས། དེའི་ཐོག་ནས་ལྐོག་ཚོང་ངམ་ནང་མོལ་བྱུང་ཡོད་ཀྱང་སྲིད། ད་ལྟའི་ཐེབས་རྩའི་འགན་འཛིན་བློ་བཟང་སྙན་གྲགས་འདི་ཨ་རི་དོན་གཅོད་བྱེད་སྐབས་བློ་སེང་གི་ཉེ་གྲོགས་གྲས་ཡིན་ན་ནའང། སྐལ་རྡོར་ལ་ལས་ཀ་སྤྲོད་ཆེད་དོན་གཅོད་ཀྱི་ལས་ཀ་བླངས་ཏེ་ཐེབས་རྩ་ཁང་ལ་བཀོད་སྒྲིག་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོ་པ་ཚོར་“མུ་མཐུད་ཕན་ཚུན་བརྩི་མཐོང་དང་། གཅིག་ཕན་གཅིག་གྲོགས་ཀྱི”་འབྲེལ་བ་ཞིག་དགོས་སྐོར་ཡོངས་བསྒྲགས་བྱས་པ་འདིས། རྒྱན་རྩེད་མ་འདྲ་བ་ཞིག་འཛུགས་ཀྱི་ཡོད་པ་ཚོད་དཔག་བྱེད་ཆོག”་ཅེས་བྲིས་པ་ལ་ སྲིད་པ་ཐམས་ཅད་སྲིད་པ་དང་། སྲིད་པ་ཐམས་ཅད་མི་སྲིད་པ་ཡང་སྲིད། མདོར་ན་འདི་ལ་སྙིང་པོ་ཅི་ཡང་མི་འདུག”་བྲིས་པར། འདི་འདྲ་ལ་གཞི་བཅོལ་ནས་བཤད་ཁྱོད་རང་གི་ཁ་ནང་དུ་འགྲོ་བཞིན་པའི་ཇ་ཧུབ་གང་དེ་ཡང་གཅིག་གིས་ཆེད་མངགས་དུག་བཏབ་པའི་ཇ་ཞིག་ཡིན་སྲིད་པར་འཁྲིད་ཐུབ།
(འདི་ནས་དྲ་གྲོགས་གཞན་ལ་བསམ་ནས་མཆན་རྗེས་མ་རྣམས་དུས་ཚོད་འགའ་ཞིག་གི་རྗེས་སུ་འགོད་པར་བྱའོ་། ཀློག་པ་པོ་རྣམས་ལ་དགོངས་དག་ཞུ)
རྩོམ་པ་པོའི་གཙོས་དྲ་གྲོགས་རྣམས་ལ་འཚམས་འདྲི་ཞུ། ཁ་སང་ངས་བསམ་ཚུལ་མཆན་འགའ་ཞིག་བྲིས་པ་ལ་རྩོམ་པ་པོ་སོགས་ཀྱིས་གསུང་ལན་འདྲ་འབྱུང་གི་རེད་བསམ་ནས་འཚམས་བཞག་ཀྱང་དེ་འདྲ་བྱུང་མི་འདུག་པས་དེ་རིང་ལྷག་མ་རྣམས་འགོད་རྒྱུ་ཡིན།
ཆ། རང་གི་གསལ་བཤད་ཐུབ་པ་གཉིས།
༡། “དོན་གཅོད་རྙིང་པ་སྐལ་རྡོར་གྱིས་ཁོ་རང་ལ་རྩིས་སྤྲོད་ལེན་སྐབས་སུ་གནས་ཚུལ་དེའི་སྐོར་བཤད་མེད་པ་མ་ཟད། རྩིས་སྤྲོད་རྩིས་ལེན་གྱི་ཡིག་ཆ་དང་། ལས་ཁུངས་ཀྱི་ཡིག་སྣོད་གང་གི་ནང་དུ་ཡང་གན་ཡིག་དེ་བཞག་མི་འདུག”་ཅེས་བྲིས་པར། སྤེན་ཚེ་གཅིག་བུས་གསུང་པ་ཙམ་ལ་ཡིད་ཆེས་དཀའ་བ་དང་། འདི་ཅི་ཡིན་གྲོས་ཚོགས་ཀྱི་རྗེས་སུ་གསལ་སྲིད་པས་དེ་བར་དུ་མུན་ནག་མདའ་འཕེན་བྱེད་དགོས་དོན་མེད། ཅི་སྟེ་དེ་བདེན་རུང་ཡིག་ཆ་དེ་དོན་གཅོད་ནང་དུ་མེད་པར་གསལ་བ་རེད། གལ་སྲིད་ཡིག་ཆ་དེ་དོན་ཁང་དུ་བཞག་མེད་ན་སྐྱོན་ཆེན་པོ་ཞིག་ཡིན་པར་ད་བར་བསྒྲུབས་མི་ཐུབ། དོན་གཅོད་ཀྱི་དང་འབྲེལ་བའི་ཡིག་ཆ་ཡོངས་རྫོགས་དོན་གཅོད་རང་གི་ནང་དུ་ངེས་པར་དུ་ཡོད་དགོས་པ་ཞིག་མ་རེད། དོན་གཅོད་དུ་མེད་པའི་ཡིག་ཆ་ཞིག་སྤེན་ཚེ་ལ་མ་སྤྲད་ཀྱང་མི་འགྲིག་པ་མེད་པ་ཞིག་རེད། གནད་དོན་གཙོ་བོ་ཡིག་ཆ་དེ་སྤེན་ཚེ་ལ་མ་སྤྲད་པའམ་སྦས་པས་སྲིད་སྐྱོང་སོགས་ཀྱི་སྒེར་ལ་ཕན་ཐོགས་གང་འབྱུང་གི་ཡོད་པའི་ར་སྤྲོད་ཡོད་དགོས། དེ་མེད་ན་དོན་མེད་ཀྱི་རྙོག་དྲ་བསླངས་བ་ཙམ་རེད།
༢། “བོད་ཀྱི་ཐེབས་རྩ་ལ་ཨ་རིའི་ཁྲིམས་དང་ཁྲལ་ཀྱི་ཐོག་ནས་དཀའ་ངལ་མི་ཡོང་བའི་ཆེད་དུ་དགོངས་བཞེས་གནང་བ་རྒྱུ་མཚན་ཡིན་དུ་ཆུགས་ཀྱང་། སྒེར་བདག་ཅན་གྱི་ཚོགས་པ་ཞིག་གི་ཁེ་ཕན་སྒྲུབ་ཆེད། བཀའ་ཤག་དང་ཨ་རི་དོན་ཁང་ནས་ཨ་རིའི་དཔྱ་ཁྲལ་སྦས་སྐུང་དང་། ཁྲིམས་ཡིག་ལ་གཡོ་སྒྱུའི་དབུ་སྐོར་ཞུས་ཆོག་པ་ཡིན་ནམ།”་ཞེས་བྲིས་པར། ཨ་རིའི་ཐེབས་རྩ་ལ་ཁྲིམས་ཐོག་ནས་དཀའ་ངལ་མི་ཡོང་བའི་ཆེད་དུ་ཟེར་བ་ནི་ཨ་རིའི་ཐེབས་རྩ་ལ་བཀའ་ཤག་ལ་དངུལ་སྤྲོད་པར་དཀའ་ངལ་མི་ཡོང་བའི་ཆེད་དུ་ཡིན། འདི་བཀའ་ཤག་གི་ཆེད་དུ་ཡིན་པ་ལས་ཐེབས་རྩའི་ཆེད་དུ་མ་ཡིན་པ་ཤེས་དགོས། ཨ་རིའི་དཔྱ་ཁྲལ་སྐུང་བྱས་པ་མ་རེད། གཅིག་གིས་གཅིག་ལ་གནང་སྦྱིན་བྱས་པ་མ་རེད། གཅིག་གིས་གཅིག་ལ་རྩིས་སྤྲོད་བྱས་པ་རེད། གཅིག་གིས་གཅིག་ལ་ཐོབ་སྐལ་རྩིས་སྤྲོད་རྩིས་ལེན་བྱས་པ་ཙམ་རེད། ཁྲིམས་ཐོག་ནས་གནང་སྦྱིན་གྱི་མིང་བཏག་པ་རེད། མདོར་ན་འདི་གཅིག་གི་ས་ནས་གཅིག་ལ་ཡོང་འབབ་བྱུང་བ་སྦས་སྐུང་བྱས་པ་ཞིག་མ་རེད། དངུལ་དེའི་ཡོང་ཁུངས་དང་སོང་ཁུངས་ཚང་མ་ཕྱི་གསལ་ནང་གསལ་རེད། འདི་ལ་ཨ་རིའི་དཔྱ་ཁྲལ་སྦས་སྐུང་གི་ཐ་སྙད་འཐོབ་དོན་མེད། དེའི་ཕྱིར་འདི་ཁྲིམས་ལ་འགལ་བ་ཞིག་ཀྱང་མ་རེད།
ཇ། རིག་པ་ཚ་བོ་གཅིག
“སྲིད་སྐྱོང་གིས། བོད་ཀྱི་ཐེབས་རྩ་ནས་ཀྱང་ལོ་གསུམ་གྱི་ནང་ལ་ང་ཚོར་དངུལ་འདི་འདྲ་ཞིག་སློག་དགོས་ཀྱི་ཡོད་ཟེར་ནས་ཡི་གེ་གཅིག་ཀྱང་ཡོད་པ་མ་རེད། སྐྱེད་ཀ་སྤྲད་དགོས་ཟེར་ནས་ཡི་གེ་གཅིག་ཀྱང་ཡོད་པ་མ་རེད་གསུངས་པ་ནི། ཐེབས་རྩ་དང་དོན་ཁང་དབར་གན་རྒྱ་ཡི་གེ་མེད་ཟེར་གྱི་ཡོད་ན་མ་གཏོགས། མངོན་སུམ་ལ་བསྙོན་པ་ཞིག་ཡིན། རྒྱུ་མཚན་ནི། གན་རྒྱ་ཡི་གེ་དེའི་ནང་། དངུལ་འབོར་དེ་དག་ ༢༠༤༣ ལོ་བར་ལོ་རེར་སྐྱེད་འབབ་བརྒྱ་ཆ་རེ་བཅས་འབུལ་དགོས་ཁ་གསལ་བཀོད་དེ། སྐལ་རྡོར་གྱི་མིང་རྟགས་བརྒྱབ་འདུག དེ་མིན་ན་གན་རྒྱ་དེ་རྫུན་མ་ཡིན་པ་སྒྲུབ་དགོས།”་ཅེས་བྲིས་པར། འདི་ངོ་མ་ཁྱེད་ཀྱིས་རིགས་པ་ཚ་བོ་ཞིག་བཏང་འདུག འོན་ཀྱང་རིགས་པ་ནི་རིགས་པ་རང་ཡིན་པ་ལས་དེས་མཐའ་གཅིག་ཏུ་དོན་དངོས་མཚོན་པའི་ངེས་པ་མེད་པ་རེད། ཐེབས་རྩ་ཁང་གི་ངོས་ནས་གནང་སྦྱིན་ལ་བསྒྱུར་རྩིས་ཡོད་པ་རྙོག་དྲ་འདི་མ་བྱུང་གོང་སྟེ། ༢༠༡༦་ལོའི་ཡིག་ཆའི་ནང་དུ་ཡང་མ་འོངས་པར་འདི་གནང་སྦྱིན་དུ་བསྒྱུར་ཆོག་རྒྱུ་ཞེས་གསལ་བོར་བྲིས་ནས་ཚོགས་པ་རང་གི་དྲ་རྒྱར་བཀོད་ཡོད་པ་དེས་རིགས་པ་དེས་དོན་དངོས་མཚོན་གྱི་མེད་པ་འམ་སྲིད་སྐྱོང་གིས་བདེན་པ་བརྗོད་ཀྱི་ཡོད་པ་ར་སྤྲོད་བྱས་འདུག
ཉ། གོ་བ་གཏན་ནས་མ་ལོན་པ་གཉིས།
༡། “བར་བརྒལ་བཀའ་འཁྲོལ་གྱི་ཡིག་ཆ་ཨང་ ༡༢༡།༡༣་་༡༤ ཅན་ཚེས་གྲངས་མི་གསལ་བ་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། ཨ་རི་དོན་ཁང་ནས་ཝ་ཤིན་ཊོན་དུ་ཁང་པ་གསར་ཉོ་དང་། འཛིན་ཆས་སོགས་ཀྱི་ཆེད་དུ་བསྡོམས་ཨ་སྒོར་ས་ཡ་གཉིས་དང་བརྒྱད་འབུམ་བཀའ་འཁྲོལ་ཞུས་འདུག་པ་དང་། དངུལ་འབོར་དེ་རོགས་དངུལ་ཡིན་པ་དང་། རོགས་ཚོགས་ནི་ཏཱ་ལའི་བླ་མའི་དགེ་རྩ་དང་། བོད་ཀྱི་ཐེབས་རྩ་གཉིས་ཡིན་སྐོར་བྲིས་འདུག་ལ། རོགས་དངུལ་ལེན་མཁན་ནི་ཨ་རི་དོན་ཁང་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩ་ཡིན་ཞེས་བྲིས་འདུག་པས། སྤྱི་འཐུས་ལྷན་ཚོགས་ཏིང་ངེ་འཛིན་ལ་བཞུགས་ཡོད་ན་མ་གཏོགས། གྲོས་ཚོགས་ལ་མགོ་རྙོག་སྣ་རྩེ་ཁ་ལ་མི་ཐུག་པ་འདི་ལས་ལྷག་པའི་དབུ་སྐོར་གཏོང་སྲོལ་ཞིག་མེད།”་ཅེས་བྲིས་པ། འདི་རོགས་དངུལ་ཡིན་པ་ལ་མིན་པར་བཙན་གྱིས་ཁས་བླངས་ནས་དེ་སྤྱི་འཐུས་ལ་རོགས་དངུལ་ཡིན་ཞེས་ཞུས་འདུག་ཅེས་པའི་དོན་མིན་ན་དུམ་བུ་འདིའི་གོ་བ་ཡེ་ནས་ལོན་མ་སོང་།
༢། “སྲིད་སྐྱོང་དང་སྐལ་རྡོར་གྱི་གནང་སྟངས་དེ། བོད་ཀྱི་ཐེབས་རྩ་ཚོགས་པ་ལ་ཁྲིམས་དང་ཁྲལ་ཀྱི་ཐོག་ནས་གནས་ཚུལ་མི་ཡོང་བའི་ཆེད་དུ་ཡིན་ཟེར་བ་དེ་བདེན་ན། ཡུལ་ཁྲིམས་སུ་དེབ་སྐྱེལ་བྱས་པའི་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩ་དང་ཐེབས་རྩ་དབར་གན་རྒྱ་མ་བཞག་པར། ཕྱི་རྒྱལ་གྱི་ལས་ཁུངས་ Foreign agency ཀྱི་ངོ་བོར་ཡོད་པའི་དོན་གཅོད་དང་ཐེབས་རྩ་དབར་གན་རྒྱ་འཇོག་དགོས་དོན་ཅི་ཡིན་དང་། སྤྱི་ཚོགས་ཡར་རྒྱས་དགེ་རྩའི་འགན་འཛིན་ལྷན་ཚོགས་ལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་བུ་ལོན་ལེན་ཆོག་པའི་བཀའ་འཁྲོལ་ཞུ་དགོས་དོན་ཅི།”་ཞེས་བྲིས་པ། འདིའི་ནང་དོན་ནི་ཚོད་དཔག་ཙམ་ཡང་གོ་བ་ལོན་མ་སོང་།
འོ་ཧོ་ཧོ་ཧོ་འདི་ན་ཡང་ཁྱི་སྨྱོན་ཞིག་འདུག་ད་སྐབས་རྒྱ་ཁྱི་འདི་འདྲ་མང་བ་ལ།
ངོ་མ་དཔྱད་རྩོམ་མར་ཁུ་འདྲ་ཞིག་སྤེལ་འདུག་