རྟ་ནག་སྐལ་བཟང་ལུང་རིགས།
ཨང་ཧྲན་སོའུ་ཅེ་གློད་པ་ཐོབ་རྗེས་སྟེ། སྤྱི་ཟླ་༡༡། ༡༤། ཉིན་འབར་མའི་རྒྱལ་ས་རུ་མི་དམངས་ལ་གཏམ་བཤད་སྤེལ་བ།
ཐོག་མར། གང་ག་འདིར་མཉམ་དུ་འཛོམས་ནས་བྱེད་སྒོ་འདི་ལྟ་བུ་ཞིག་གིས་བདག་ལ་རྒྱབ་སྐྱོར་མཛད་པར་ལྷག་བསམ་ཟོལ་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་བ་དང་། བདག་གིས་ཀྱང་སྐད་ཆ་ཁ་ཤས་ཤིག་ཀུན་གྱི་བགོ་སྐལ་དུ་བསྟབ་ན་བསམས་སོ།། ང་ཚོིའི་གྱེས་བྲལ་གྱི་དུས་ཡུན་ནི་ཤིན་ཏུ་ནས་རིང་བ་ཞིག་རེད་མོད། དེ་ལྟ་ནའང་། ང་ཚོ་འཕྲད་ཐབས་མེད་པའི་དབང་དུ་སོང་ནའང་། བདག་གིས་ཤེས་འོང་བ་ཞིག་ནི་ང་ཚོའི་བར་དུ་བྱམས་པ་དང་བརྩེ་བ་ཡིས་དྲངས་པའི་ཡིད་ཆེས་ཡོད་པ་དེ་དང་། དེ་དག་གིས་ང་ཚོའི་འབྲེལ་བ་ནི་སུས་ཀྱང་གཅོད་མི་ཐུབ་པར་དམ་དུ་བསྡམས་ནས་ཡོད་པ་དེའོ།།
ཚང་མས་ཅི་ཞིག་ལ་རེ་སྒུག་བྱས་ཡོད་པ་བདག་གིས་རྟོགས་ཡོད་དོ།། གལ་ཆེ་བ་ཞིག་ཡོད་དེ། དེ་ནི་ང་ཚོའི་རེ་སྒུག་དེ་མངོན་གྱུར་བྱ་ཐུབ་མིན་རྟོགས་རྒྱུ་དེ་ཡིན་ནོ།། ང་རང་མི་སྒེར་གྱི་ལྟ་ཚུལ་ཡིན་ན། དོན་དངོས་སུ་ཆབ་སྲིད་ཅེས་བསྙད་པ་ནི“སློབ་སྦྱོང་གི་རྒྱུད་རིམ”ཞིག་རེད་དོ།།
བདག་ན་གཞོན་ཚོ་དང་མཉམ་དུ་གླེང་མོལ་ལ་ཞུགས་པ་དེའི་ཚེ་ན། དེ་དག་གི་ཁྲོད་ཀྱི་མིའི་ལེགས་ཉེས་ཀྱི་ཁྱད་པར་གཏན་ནས་བསྙད་པ་མེད་དོ།། བླ་མེད་དང་ཐ་ཤལ་ཞེས་པའི་ཁྱད་པར་ལ་ང་རང་ཡིད་ཆེས་པ་གཞི་ནས་མེད་དེ། མིའི་ལེགས་ཉེས་ཀྱི་དབྱེ་འབྱེད་ནི་བསླབ་པ་ལ་ཞུགས་དང་མ་ཞུགས་ཀྱི་ཁྱད་པར་གྱིས་འབྱེད་པས་སོ།། བདག་གི་སྤུན་ཟླ་ཐམས་ཅད་ཀྱིས་རིག་པའི་གནས་ལ་བསླབ་ཐུབ་པར་བདག་གིས་ཡིད་ཆེས་བྱེད་ཀྱིན་ཡོད་དོ།།
དེ་ལྟ་ནའང་། རེ་སྨོན་དེ་ཙམ་གྱིས་ཚིམས་ན་མི་འགྲིག་གོ།། རེ་སྨོན་དངོན་གྱུར་བྱ་བར་འགྱུར་བ་ཅི་ལྟར་གཏོང་མིན་དེའོ།། ཡང་དག་པའི་ཐབས་ཤེས་ཤིག་སྟེ་འཚོལ་སྙེག་དང་རེ་སྨོན་རིགས་ཤིག་ཏུ་བརྟེན་པ་ནི་ཤིན་ཏུ་ནས་འགངས་ཆེ་བ་ཞིག་གོ།།
རྒྱུ་མཚན་ཅི་ཞིག་གི་ཆེད་དུ། ང་ཚོ་ཡང་དག་པའི་འགུལ་སྐྱོད་ཅིག་ལ་བརྟེན་དགོས་སམ། རྒྱུ་མཚན་ནི་ང་ཚོ་འཕགས་པའི་གོ་འཕང་བརྙེས་པའི་ཆེད་དུ་མ་རེད་དོ།། བདག་གིས་ཉམས་མྱོང་གཞི་ལ་བཞག་ནས་བཤད་ན། གལ་སྲིད་ང་ཚོའི་འགུལ་སྐྱོད་ཀྱི་ཐབས་ཤེས་དྲང་བདེན་མིན་ཚེ། ང་ཚོའི་དམིགས་ཡུལ་དེའང་ཡང་དག་པ་ཞིག་གཏན་ནས་མ་རེད་དོ།། དེར་བརྟེན། ངེས་པར་དུ་དྲང་བདེན་གྱི་ཐབས་ཤེས་སྤྱད་དེ་རང་ཉིད་ཀྱི་དམིགས་ཡུལ་དངོན་གྱུར་བྱ་དགོས་པ་དེའོ།། ཁྱེད་ཅག་གིས་གནད་དོན་ཤིན་ཏུ་ནས་མང་བོ་ཞིག་བདག་ལ་དྲི་སྙམ་པ་ངས་ཤེས་རྟོགས་བྱུང་ཡོད། བདག་གིས་ཀྱང་ཁྱེད་ཅག་གི་སྐད་སྒྲ་ལ་ཉན་ན་བསམས་སོ།། དེ་ལྟ་ནའང་། གལ་སྲིད་ཁྱེད་ཅག་ཚང་མས་འདི་ལྟར་དུས་གཅིག་ཏུ་འུར་འུར་ཟང་ཟིང་གིས་དྲི་བ་གདོན་པ་ཡིན་ན། ཁྱེད་ཅག་ལ་དགོས་ངེས་ཀྱི་ནང་དོན་གང་ཡིན་པ་དེ་བདག་གིས་ཀྱང་རྟོགས་དཀའ་འོ།། དེ་བས་ཁྱེད་ཅག་མི་རེ་རེ་ཡི་སྐད་སྒྲ་ལ་ཉན་རྒྱུ་ནི་བདག་གི་རེ་བའི་རེ་བ་ཡིན་ནོ།།
ང་རང་བཟང་བཙོན་དུ་ཡོད་པའི་དུས་ཚོད་ནང་དུའང་། བདག་གིས་ད་དུང་ཁྱེད་ཅག་གིས་ཅི་ཞིག་བཤད་པ་དང་། ཁྱེད་ཅག་ལ་གང་ཞིག་དགོས་མིན་གྱི་སྐོར་རྒྱུན་བསྲིངས་ནས་ཉན་པས་(རླུང་འཕྲིན་དང་གློག་བརྙན་གྱི་ལེ་ཚན)ཤེས་རྟོགས་བྱུང་ཡོད་དོ།། འདི་ནི་ང་ལ་མཚོན་ནས་བཤད་ན་ཆེས་ལྷོད་ཡངས་ཀྱི་ལས་ཀ་ཞིག་གཏན་ནས་མ་ཡིན་ནའང་། ཁྱེད་ཅག་ཚང་མའི་སླད་དུ་རླུང་གློག་འཕྲིན་ལ་ཉན་པའི་གོམས་གཤིས་འདི་རྒྱུན་བསྐྱངས་ནས་ཡོང་བ་ཡིན་ནོ།། བྱེད་ ཐབས་འདིའི་བརྒྱུད་རིམ་ཁྲོད་དུ་བདག་གིས་ག་ལེར་རྟོགས་སོང་བ་ནི་ཁྱེད་ཅག་གིས་ གནས་སྟངས་གང་འདྲ་ཞིག་གི་ཁྲོད་དུ་འཚོ་བ་ཇི་ལྟར་སྐྱེལ་བཞིན་པ་དེའོ།།
དེ་ལྟ་ནའང་། ཐམས་ཅད་ཀྱི་ཐམས་ཅད་གསལ་རྟོགས་བྱ་ཐབས་ཡེ་ནས་མེད་དོ།། བདག་གིས་ཕ་རོལ་བའི་བྱེད་ཐབས་ལ་གཟབ་ནན་གྱིས་ཉན་པའི་འདུན་པ་ཤུགས་དྲག་པོ་མངའ་ལ། དེའི་རྗེས་སུ་ཁྱེད་ཅག་མི་རེ་རེ་དང་བསམ་ཚུལ་བརྗེ་རེས་བགྱིས་ན་བསམས་སོ།། བྱེད་ཐབས་འདི་བརྒྱུད་ནས་བདག་གིས་ཅི་ཞིག་བསྒྲུབ་འོས་པའི་ཐད་ལ་མནོ་བསམ་ཞིབ་མོ་ཞིག་གཏང་ན་བསམ་པ་ཞིག་འདུག་གོ།།
གལ་སྲིད་ཁྱེད་ཅག་གིས་ལས་དོན་གང་ཞིག་བསྒྲུབས་ཀྱང་མངོན་གྱུར་བྱ་ཐབས་བྲལ་བ་དེ་ཁྱེད་ཅག་ཚང་མས་གསལ་རྟོགས་བྱུང་ཡོད་རྒྱུ་རེད་སྙམ། མི་དམངས་ཀྱིས་རང་ཉིད་ཀྱི་སླད་དུ་དམངས་གཙོ་རྩོད་ལེན་བྱ་བ་འདི་ནི་ང་ཚོའི་རྒྱལ་ཁབ་ཙམ་དུ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ཤེས་རྟོགས་བྱུང་ན་བསམ་པའི་རེ་སྨོན་སྙིང་ལབཅངས་ཡོད། དོན་དངོས་འདི་གཞིར་བཟུང་ནས། ང་ཚོས་སྒྱིད་ལུག་དོར་ནས་བརྟུན་པ་སྐྱེད་དགོས། ང་ཚོས་ཞི་བདེ་དང་། དྲང་བདེན་གྱི་ལམ་བུ་བརྒྱུད་ནས་སོང་ན་ང་ཚོའི་དམིགས་ཡུལ་མངོན་གྱུར་བྱ་ཐུབ་པར་ང་རང་ཡིད་ཆེས་ཀྱིས་ཁེངས་ནས་ཡོད་དོ།།
ང་ཚོ་ལ་བསྒྲུབ་འོས་པའི་བྱ་གཞག་ད་དུང་མང་བོ་ཡོད། དེ་ལྟ་ནའང་། གལ་སྲིད་ང་ཚོས་བྱ་གཞག་ཡོད་ཚད་དོན་ཐོག་ཏུ་མ་བསྐྱལ་བ་ཡིན་ན་ཡོད་ཚད་སྟོང་བཤད་འབའ་ཞིག་རེད་དོ།།
ང་ཚོ་འབར་མ་བ་རྣམས་གནད་དོན་ཅི་ཞིག་དང་འཕྲད་ཡོང་ནའང་། མ་བརྟགས་བྱུང་རྒྱལ་གྱིས་འདི་ལྟར་བསམས་ཏེ། “འདི་ནི་ལས་དབང་རེད་དོ”ཞེས་པའོ།། བདག་གིས་ཀྱང་ཐེངས་ཁ་ཤས་སུ་ན་གཞོན་རྣམས་ལ་འདི་ལྟར་སྨྲ་མྱོང་ངོ།། ཁྱེད་ཅག་གིས་དངོས་གནས་ལས་དབང་ཞེས་པའི་ཐ་སྙད་འདིའི་གོ་དོན་རྟོགས་ཡོད་དམ། འགུལ་སྐྱོད་ནི་ལས་དབང་གི་རྨང་རྡོའོ།། ཁྱེད་ཀྱིས་ཡང་བསྐྱར་ལས་དབང་ཞེས་པ་ནན་བཤད་ཇི་ལྟར་བགྱིས་ནའང་། ཕལ་ཆེར་རང་ཉིད་ཀྱིས་འགུལ་སྐྱོད་བགྱིས་མིན་ལ་ཐུག་ཡོད་དོ།།
གལ་ སྲིད་ཁྱེད་ཀྱིས་འཐབ་རྩོད་དེ་རྒྱལ་ཁའི་རིན་ཐང་མངའ་བ་ཞིག་ཏུ་བྱ་འདོད་ན་ཁྱེད་ ཀྱིས་ངེས་པར་དུ་ཁྱེད་ཀྱིས་འགུལ་སྐྱོད་ཕྱིར་འདོན་བྱས་དགོས་སོ།། “མངོན་གྱུར་བྱ་མི་སྲིད་པ་དག་ནི་དྲང་བདེན་དུ་འགྱུར་སྲིད”ཅེས་པའི་དམ་བཅའ་འདི་ཙམ་གྱིས་དམངས་སེམས་གཅིག་ཏུ་སྒྲིལ་བའི་ཐབས་ཤེས་མེད་པ་ཡིན་ནོ།།
ང་ཚོ་ཚང་མས་བརྟུན་པ་བསྐྱེད་དགོས། མི་དམངས་རྣམས་གསར་གཏོད་ཀྱི་ལམ་བུར་སྔོན་སྐྱོད་བྱས་ན་འོས་སོ།། མདུན་སྐྱོད་ཀྱི་ལམ་དུ་བདག་གིས་ནུས་པ་ཕྲན་བུ་ཞིག་གདོན་ཐུབ་ན་སྙམ་པའི་རེ་སྨོན་ཤིན་ཏུ་ནས་ཟབ་པོ།། དམངས་གཙོ་གསར་གཏོད་ཀྱི་ལམ་དུ་ཞུགས་རྒྱུ་ནི་ལས་སླ་བོ་ཞིག་ཡེ་ནས་མིན་ཏེ། ང་ཚོ་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་དུ་སྐྱོད་དགོས་པས་སོ།། ང་ཚོའི་དམིགས་ཡུལ་ཡང་བརྒྱུད་རིམ་འདི་ཁོ་ནའི་ཁྲོད་དུ་མངོན་གྱུར་བྱ་ཐུབ་པ་ཡིན་ནོ།།
དམངས་གཙོ་མངོན་གྱུར་བྱ་བ་ནི་བསྡད་ནས་འགྲུབ་པ་ཞིག་ཡེ་ནས་མ་རེད་དེ། སྐྱེ་བོ་གཞན་དག་ལ་བཙན་དབང་བཀོལ་ནས་ཞུགས་སུ་གཞུག་རུང་བ་ཞིག་དེ་ལས་མིན་ནོ།། རང་ནུས་རང་འདོན་དང་མ་བསྐུལ་དང་བླངས་ཀྱིས་མཉམ་ཞུགས་བྱས་ཡོང་ཚེ་གཞི་ནས་མངོན་དུ་འགྱུར་ཐུབ་པ་ཡིན་ནོ།། བདག་གིས་ཤེས་ཡོད་དེ། ཁྱེད་ཚོས་བདག་ལ་རེ་སྒུག་བྱས་ཟབ་མོ་བྱས་ཡོད་པས། ཚང་མ་འདི་ལ་འཛོམས་ནས་ང་ལ་འདི་ལྟ་བུའི་རྒྱབ་སྐྱོར་གྱི་བྱེད་སྒོ་སྤེལ་སོང་བ་དེའོ།། ཁྱེད་ཅག་གི་རེ་སྒུག་དེས་བདག་གི་ལུས་སྟེང་དུ་ཆེས་ལྕི་བའི་འགན་འཁྲི་ཞིག་ཡོད་པ་ཚོར་དུ་བཅུག་བྱུང་ངོ་།། དེ་ལྟ་ནའང་། འགན་འཁྲི་འདིར་བདག་སྐྲག་སྣང་ཡེ་ནས་མེད་དོ།། ང་ལ་ཆེས་ལྕི་བའི་སེམས་ཁྲལ་ཞིག་བདོག་པ་ནི་འགན་འཁྲི་འདི་མཐའ་རུ་བསྐྱལ་ཐུབ་མིན་དེའོ།། དེ་བས། བདག་གིས་མ་འོངས་པར་རང་ནུས་གང་ཡོད་ཀྱིས་འགན་འཁྲི་འདི་ཕྲག་ཏུ་ལེན་ངེས་སོ།།
དུས་ཚོད་འདིར། ཁྱེད་ཅག་སྐྱེ་བོ་རེ་རེ་ཡིས་བདག་ལ་བསམ་འཆར་དང་། བསླབ་བྱ་རེ་བསྩལ་རྦྱུའི་རེ་བ་ཤིན་ཏུ་ཆེ། བདག་ལ་སྟོབས་ཤུགས་སྩོལ་ཅིག བདག་ལ་སྐྱོན་བརྗོད་གྱིས་ཤིག ལྷག་བསམ་རྣམ་དག་དང་དྲང་བདེན་གྱི་སྐྱོན་བརྗོད་དེ་དག་ནི་ང་ལ་མཚོན་ནས་བཤད་ན་ཆེས་རླབས་ཆེ་བའི་སྡོངས་གྲོགས་ཤིག་རེད་དོ།། ཁྱེད་ ཅག་གིས་བདག་ལ་བསྩལ་བའི་བསམ་འཆར་དང་སྐྱོན་བརྗོད་དེ་དག་ནི་བདག་གི་དམིགས་ཡུལ་ མངོན་གྱུར་བྱ་བར་ཆེ་བླ་ན་མེད་པའི་རྒྱབ་སྐྱོར་ཞིག་རེད་དོ།།
བདག་གིས་འདི་ནས་ཚང་མ་ལ་རེ་སྐུལ་ནན་མོ་བྱེད་ཀྱིན་ཡོད། ང་ཚོ་གནད་དོན་གང་དང་ཅི་ཞིག་ལ་གདོང་འཕྲད་ནས་ཡོང་ནའང་། བློ་དཀར་གཞུང་དྲང་ལ་བསྙེས་ནས་ཡོད་པས་བསྙེངས་མི་དགོས་སོ།། ང་ ཚོས་ལྟ་ཚུལ་མི་མཐུན་པ་གཉིས་རྒྱུན་བསྐྱངས་ནས་འགྲོ་མི་ཐུབ་པའི་དུས་ཀྱི་ཚེ་ དགག་གཞག་བྱེད་ངེས། འདི་ནི་དམངས་གཙོ་རིང་ལུགས་ཀྱི་ཆེས་རྨང་གཞི་ཡིན་པའི་སྨྲ་བརྗོད་རང་དབང་ཞེས་པ་ དེ་རེད་དོ།། སྨྲ་བརྗོད་རང་དབང་ཞེས་བསྙད་པ་དེ་དོན་མེད་ཀྱི་ཉོག་བཤད་བགྱིས་ཏེ་ཁ་འཛིངས་ བྱེད་པ་ལ་མི་ཟེར་རོ།།
མཚམས་ལན་རེར་ང་ཚོས་སྐད་ཤུགས་དྲག་པོས་རྩོད་པ་བྱེད་པའི་སྲིད་པ་ཡོད་དོ།། དེ་ལྟ་ནའང་། གཙོ་བོ་ལས་ཀྱང་གཙོ་བོ་ནི་ཕན་ཚུན་གྱི་བསམ་ཚུལ་བརྗེ་རེས་ཁྲོད་དུ་ཁ་གཏད་ལ་དཀྱེལ་ཡངས་དང་གུ་ཡངས་བྱ་དགོས་པ་དེའོ།། ཕྱོགས་གཉིས་ཀྱི་བསམ་ཚུལ་གཅིག་གྱུར་བྱུང་སོང་བའི་དབང་དུ་བྱས་ན། འདི་ལྟ་བུའི་ནུས་ཤུགས་ཀྱི་སྦྱང་བ་ནི་མེད་དུ་མི་རུང་བ་ཞིག་གོ།། སྦྱོང་བརྡར་འདི་བརྒྱུད་ནས་འབྱུང་འགྱུར་ཡང་ང་ཚོས་བསམ་ཚུལ་བརྗེ་རེས་ཀྱི་ཐབས་རྩལ་འདི་དམ་འཛིན་བྱ་རིགས་སོ།།
དེ་རིང་བདག་འདི་རུ་བསླེབས་པའི་དུས་སུ་མངོན་ཡོང་བ་ཞིག་ནི་སྐྱེ་བོ་མང་བོ་ཞིག་གིས་པར་ཆས་ནུས་ལྡན་གྱི་ལག་འཁྱེར་ཁ་པར་བཟུང་ཡོད་པ་དེའོ།། འདི་ལྟ་བུའི་ལག་འཁྱེར་ཁ་པར་གང་ས་གང་དུ་མཐོང་རྒྱུ་མང་ངོ་།། འདི་ཡང“བསམ་ཚུལ་སྤེལ་རེས”ཞིག་གོ།།
དྲིལ་བསྒྲགས་ཀྱི་ཁྱབ་ཁོངས་འདི་ལས་ང་ཚོས་ཆེས་ཆེ་བའི་འཕེལ་རྒྱས་ཤིག་ལ་བསྙེག་ཐུབ་པ་ཡིན་ནོ།། བསམ་པ་དཀར་པོ་ཞིག་གི་དམིགས་ཡུལ་གྱི་ཐོག་དྲངས་ནས་འདི་ལྟ་བུའི་གསར་བྱུང་གི་དངོས་པོ་དག་ཀྱང་ལེགས་པར་སྤྱད་དགོས་པ་ཡིན་ནོ།། ཁྱེད་ ཚོས་གསར་བྱུང་གི་ཅ་དངོས་དེ་དག་སྤྱད་དེ་བསམ་ཚུལ་སྤེལ་རེས་བྱེད་པའི་སྐབས་སུ་ རང་གཞན་གཉིས་ཀྱི་ཤེས་རྟོགས་གོང་དུ་སྤེལ་བ་དང་། ཕན་ཚུན་གྱི་མཐུན་ལམ་ལེགས་སུ་གཏོང་དགོས་སོ།།
ཁ་སང་བདག་གིས་ཆེས་ཐོག་མར་འདི་ལྟ་བུའི་ལག་འཁྱེར་ཁ་པར་བེད་སྤྱད་པ་ཡིན་ཏེ། ལོ་དྲུག་གི་ཡར་སྔོན་དུ་འདི་ལྟ་བུའི་དངོས་པོ་ད་དུང་མེད་པས་སོ།། ཁ་པར་བེད་སྤྱོད་ཀྱི་སྐབས་སུ་མཆུ་སྒྲོས་གང་དུ་སྦྱར་ནས་སྐད་ཆ་བཤད་དགོས་མིན་ཡང་ཤེས་མ་སོང་ངོ་།།
ད་ལྟ་བདག་གི་སྐད་སྒྲ་ཐོས་མི་ཐུབ་པའི་སྐྱེས་བོ་དག་ལ་གཅིག་མཚུངས་ཀྱི་དངོས་པོ་ཞིག་བསྟན་ན་བསམས་སོ།། (མཐོ་རུ་བཏེགས་པའི་ཤོག་བུ་ཞིག་གི་སྟེང་དུ། “བདག་གི་མི་དམངས་ཡ། ང་ཁྱེད་ལ་དགའ་འོ།”) དགའ་བ་དང་བརྩེ་བ་ཙམ་མ་ཡིན་ནོ།། ང་ཚོས་ངེས་པར་དུ་འབོད་སྐུལ་གྱི་འགུལ་སྐྱོད་བྱེད་དགོས། བརྩེ་བ་ནི་ཅི་ཞིག་རེད། བརྩེ་བ་ནི་སེམས་བསམ་པའི་གཏིང་དུ་སྦྲུམ་ཞིང་། རང་གཞན་གྱིས་བདེ་སྐྱིད་ལོངས་སུ་སྤྱོད་པའི་རེ་སྨོན་གྱི་འགུལ་སྐྱོད་ཅིག་གོ།
བདག་གིས་ཁྱེད་ཅག་ཚང་མར་རེ་སྐུལ་ནན་མོ་ཞིག་ཞུ་རྒྱུ་ཡོད་དེ། བདག་གིས་བཤད་ཚར་མ་ཐག་པ་ལྟར། ཁྱེད་ཅག་གི་སེམས་པའི་གཏིང་གི་བསམ་བྱ་ཡོད་ཚད་བདག་ལ་བརྒྱུད་སྤྲོད་ཀྱིས་བསྩལ་བའི་རེ་བ་ཤིན་ཏུ་ཆེའོ།། ཁྱེད་ཀྱིས་བདག་ལ་འཕྲིན་པ་བསྐུར་ནའང་འགྲིག གལ་སྲིད་སྦྲག་སྲིད་ལས་ཁུངས་ལ་ཡིད་མི་ཆེས་པ་དེ་འདྲ་ཡིན་ཚེ། ཐད་ཀར་དུ་བདག་གི་ལག་ཏུ་གཏད་པས་ཆོག་གོ། བདག་གིས་སེམས་ཁུར་བྱ་ས་ཉག་གཅིག་ནི་ཁྱེད་ཅག་གང་ག་ལ་ཇི་ལྟ་བུའི་བསམ་བྱ་ཞིག་ཡོད་མེད་དེའོ།།
དྲུག་ཅུ་རེ་བདུན་ལ་སོན་པའི་ལོ་འདིར། མི་དམངས་ཀྱི་བསམ་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡོད་མེད་དང། ཇི་ལྟ་བུ་ཞིག་ཏུ་འགྱུར་ཡོད་པ་བདག་གིས་ཡང་དག་པའི་གསེད་དགྲོལ་བྱ་ཐབས་བྲལ་སོང་། འདི་ལྟ་བུའི་གསེད་དགྲོལ་བྱ་ཐབས་དེ་གློ་རྡེག་ཏུ་ཐོབ་དཀའ་འོ།། དེར་བརྟེན། བདག་ལ་མཚོན་ནས་བཤད་ན་ཡང་བསྐྱར་སློབ་སྦྱོང་ཞིག་གི་མགོ་གཟུག་དགོས་སོ།།
རྒྱལ་ཁབ་འདིའི་མི་རེ་རེ་དང་མཉམ་དུ་ཐད་ཀར་དུ་བསམ་ཚུལ་སྤེལ་རེས་་བྱེད་པའི་སྐལ་བ་ཁྱོན་ནས་མེད་སོང་། གལ་སྲིད་ཡོང་སྲིད་པ་ཞིག་ཡིན་ཚེ། བདག་ལ་དེ་ལྟ་བུའི་གོ་སྐབས་ཤིག་ཐོབ་པའི་རེ་བ་ཤིན་ཏུ་ཆེའོ།། ད་ལྟ་བདག་ཁྱེད་ཅག་གི་ཁ་གཏད་དུ་བསྡད་ནས་ཁྱེད་ཅག་གི་སྐད་ཆ་ལ་ཉན་བཞིན་ཡོད། དེ་ལྟ་ནའང་། ངའི་རེ་སྨོན་ཟབ་ཤོས་ནི་ཁྱེད་ཅག་མི་རེ་རེ་ཡིས་བདག་དང་གླེང་མོལ་བགྱིས་ན་བསམས་སོ།།
བདག་གིས་ཡང་བསྐྱར་ནན་བཤད་བྱ་རྒྱུ་ཞིག་ནི། ཁྱེད་ཚོས“ཆབ་སྲིད་དང་རང་ཉིད་འབྲེལ་བ་མེད་པ”ཞིག་ཏུ་མ་བསམས་རོགས་ཞུའོ།། བཤད་སྟངས་འདི་རང་བཙན་མ་ཐོབ་པའི་སྔོན་ནས་ཡོད། ཁྱེད་ཀྱིས་རང་ཉིད་དང་ཆབ་སྲིད་འབྲེལ་མེད་ཅིག་ཏུ་འདོད་པའི་དབང་དུ་བཏང་ནའང་། ཆབ་སྲིད་ནི་རང་འགུལ་གྱིས་ཁྱེད་ཀྱི་སྒོ་འགྲམ་དུ་བསླེབ་ངེས་པས་ཁྱེད་རང་དུས་ཀུན་ཏུ་དེ་ལ་གཡོལ་ཐབས་ཡེ་ནས་མེད་དོ།།
ཡོད་ཚད་ཆབ་སྲིད་རེད་དེ། འདིར་ཡོང་ནས་ང་ལ་རྒྱབ་སྐྱོར་བྱེད་མིན་དེ་ཡང་གཞི་ནས་ཆབ་སྲིད་རེད་པས་སོ།། ཁྱིམ་བདག་མས་རང་ཁྱིམ་དུ་བཟའ་བཏུང་གཡོ་སྐོལ་བྱེད་པ་དེའང་ཆབ་སྲིད་ཡིན་ཏེ། རང་ཉིད་ཀྱི་དཔལ་འབྱོར་གྱི་འཁོས་ཀ་དང་བསྟུན་ནས་བཟའ་བ་གཡོ་སྦྱོར་བྱེད་དགོས་པས་སོ།། བུ་ཕྲུག་སློབ་གྲྭར་སྐྱེལ་བའང་ཆབ་སྲིད་རེད་པས་ཡོད་ཚད་ཆབ་སྲིད་རེད་དོ།།
སྐྱེ་བོ་སུ་ཞིག་ཡིན་ཡང་ཆབ་སྲིད་དང་ཁ་གྱེས་ཐབས་ཡེ་ནས་མེད་དོ།། “ཆབ་སྲིད་དང་རང་ཉིད་འབྲེལ་བ་མེད་ལ། ཆབ་སྲིད་དང་འབྲེལ་ཡོད་ཅིག་ཏུའང་བསྒྱུར་མི་འདོད་པའི”ལྟ་ཚུལ་འདིའི་རིགས་ནི་ཆབ་སྲིད་འབྱུང་ཁུངས་མ་ཤེས་པ་ལས་བྱུང་བ་ཡིན་ནོ།།
ང་ཚོའི་མི་དམངས་ཀྱིས་ཆབ་སྲིད་ཤེས་རྟོགས་ཡོང་བྱོས་ཤིས་ཞེས་ཞུ་རྒྱུ་དང་། ཚང་མས་ང་ལ་ཆབ་སྲིད་བསླབ་རོགས་ཞུ་ཞེས་ཞུའོ།། ང་ཚོས་ཕན་ཚུན་ལ་ངེས་པར་དུ་སློབ་སྦྱོང་བྱས་ན་འོས། མི་དམངས་དང་དམངས་གཙོ་རིང་ལུགས་བྲེལ་རྒྱུག་གིས་དབུ་ཁྲིད་ཐུབ་མཁན་བདོག་ཚེ་ང་ཚོས་ད་གཟོད་ནོར་འཁྲུལ་བཟོ་མི་སྲིད་དོ།།
དམངས་གཙོའི་གནད་འགག་ཅི་ཞིག་རེད། རྒྱབ་ཕྱོགས་ཀྱི་མི་དེས་ངེས་པར་དུ་མདུན་ཕྱོགས་ཀྱི་སྐྱེ་བོ་དག་གི་བྱ་གཞག་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐུལ་བ་སྟེ། རང་དབང་འདི་ངེས་པར་དུ་ཡོད་ཚེ་དམངས་གཙོ་ཞེས་བྱ་བ་དེའོ།། གྲངས་མང་བའི་མི་དམངས་ཀྱིས་གྲངས་ཉུང་དབང་སྒྱུར་བའི་དབང་ཆ་ངེས་པར་དུ་བཀོལ་སྤྱོད་བྱེད་པ་སྟེ། འདི་ནི་གཞི་ནས་དམངས་གཙོ་རེད་དོ།།
མི་ དམངས་ཀྱིས་ང་ཚོ་བཀོལ་སྤྱོད་བགྱིས་ནའང་བདག་གིས་དང་དུ་ལེན་མི་ཕོད་པ་མེད་ཀྱང་། མི་དམངས་ཀྱི་ཁོངས་སུ་མི་གཏོགས་པའི་མི་དེ་རིགས་ཀྱིས་ང་ཚོའི་རང་དབང་གི་ཚད་ འཛིན་པ་ནི་ང་ཚོས་དང་ལེན་བྱ་མི་ཕོད་དོ།། རང་ཉིད་ཀྱི་སེམས་ལ་དྲན་ཚུལ་ཙམ་བཤད་པ་ཡིན་པས། བདག་གིས་བཤད་པའི་སྐད་ཆ་འདི་དག་ལ་ནང་དོན་གཞན་ཅི་ཡང་མེད་དོ།།
ང་རང་འཇམ་བཀག་གི་ཁྱིམ་དུ་ཡོད་པའི་དུས་ཚོད་ནང་དུ། བདག་གིས་ལྟ་སྲུང་དག་དང་མཉམ་དུ་བསམ་ཚུལ་སྤེལ་རེས་བྱས་པ་ཡིན། ཁོ་ཚོ་ང་ལ་ཤིན་ཏུ་བཟང་། བདག་གིས་བཤད་པའི་སྐད་ཆ་ཀུན་ལྷག་བསམ་ཟོལ་མེད་ཡིན་ནོ།། ཐུགས་རྗེ་ཆེ་ཞུ་འོས་པའི་མི་དག་ལ་ངེས་པར་དུ་ཐུགས་རྗེ་ཆེ་ཞེས་ཞུ་དགོས། ལྟ་སྲུང་བའི་འགན་ལེན་པའི་མི་དེ་དག་ལ་བདག་གིས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་དོ།། འདི་ནི་སེམས་གཏིང་གི་སྐད་ཆ་ཡིན།
མི་དམངས་ཀྱིས་ཕན་ཚུན་ལ་དཀྱེལ་ཡངས་དགོངས་དྭངས་བྱས་ན་འོས། ཕན་ཚུན་གྱི་དྲིན་ལན་སྙིང་ལ་གཞག་ན་འོས།
བདག་ན་སོ་ཤིན་ཏུ་ནས་ཆུང་བའི་དུས་སུ་སྐྱེས་ཆེན་དམ་པ་ཞིག་གིས་འདི་ལྟར་གསུངས་མྱོང་སྟེ། “བཀའ་དྲིན་སྙིང་ལ་བཅང་མཁན་ནི་ཉུང་བ་ལས་ཀྱང་ཆེས་ཉུང་ངོ་།། བཀའ་དྲིན་རྟོགས་མཁན་ཀྱང་ཉུང་བ་ལས་ཀྱང་ཆེས་ཉུང་ངོ་།།” ཞེས་པའོ།། དེ་དུས་བདག་ལོ་ན་ཆུང་བས་སྐད་ཆ་དེར་ཡི་རངས་བྱ་ཐུབ་མ་སོང་ངོ་།།
ཐུགས་རྗེ་ཆེ་ཞེས་བསྙད་ཤེས་མཁན་གྱི་སྐྱེ་བོ་ཤིན་ཏུ་ཉུང་བ་བདག་གིས་ཀྱང་མོས་མཐུན་བྱ་ཐུབ་སྟེ། མི་རེ་རེ་ཐུགས་རྗེ་ཆེ་ཞེས་བརྗོད་ཤེས་མཁན་ཞིག་ཏུ་འགྲུབ་ཐབས་མེད་པས་ཡིན་ནོ།། དེ་ལྟ་ནའང་། “བཀའ་དྲིན་ཤེས་མཁན་གྱི་སྐྱེ་བོ་ཤིན་ཏུ་ནས་ཉུང་ངོ་།།”ཞེ་ན་བདག་མོས་མཐུན་མེད་དེ། སྐྱེ་བོ་ཚང་མས་དྲིན་ལན་ཤེས་ངེས་སོ།། གལ་སྲིད་ཐུགས་རྗེ་ཆེ་ཞུ་འོས་པའི་རིན་ཐང་ངེས་པར་དུ་ལྡན་ཚེ་ང་ཚོས་ངེས་པར་དུ་ཐུགས་རྗེ་ཆེ་ཞུ་དགོས་སོ།།
དུས་དེ་རིང་ནས་བཟུང་བདག་གིས་ཆབ་སྲིད་ཀྱི་ལས་འགུལ་ཇི་ལྟར་ཁྱབ་སྤེལ་དུ་གཏོང་བར་ཚང་མས་ཤེས་འདོད་དམ། མི་དམངས་ཀྱིས་བྱ་གཞག་དར་སྤེལ་བྱ་བ་ལ་བལྟོས་ནས་ངེས་པར་དུ་མི་དམངས་ཀྱི་ལྟ་ཚུལ་གཅིག་གྱུར་རྒྱུན་འཛིན་བགྱིས་ན་བསམས་སོ།།
བདག་དང་མི་དམངས་བར་དང་། སྐྱེ་བོ་གཞན་དག་གི་བར་གྱི་གླེང་མོལ་རྒྱུན་བསྲིངས་ནས་འགྲོ་དགོས། སྐྱེ་ བོ་དེ་ལ་གཏན་དུ་མཐུན་སྦྱོར་བྱ་དཀའ་བ་དང་། གཞན་དེ་ལ་གྲོས་མོལ་གྱི་ཐབས་ཤེས་ཁྱོན་ནས་མེད་པ་སྟེ་ཁ་གཏད་ཀྱི་མི་དེ་ཅི་འདྲ་ ཞིག་ཡིན་ནའང་། མཐུན་སྦྱོན་བྱ་འདོད་ཀྱི་སེམས་ཡོད་ན་བསྒྲུབ་ཐུབ་ལ་བསམ་ཚུལ་སྤེལ་རེས་ཀྱང་བྱ་ ཐུབ་བོ།། དེ་རིང་ནས་བཟུང་སྟེ་བདག་གིས་བྱེད་ཐབས་འདི་ལག་ལེན་གདབ་རྒྱུ་ཡིན་ནོ།། ང་ཚོ་ལ་ངེས་པར་དུ་མི་དམངས་ཀྱི་སྟོབས་ཤུགས་མཁོའོ།།
ངས་ད་ལྟ་བཤད་པ་ལྟར་དུ། བྱ་གཞག་ཅིག་བསྒྲུབ་པར་ཐག་གཅོད་ཇི་ལྟར་བགྱིས་ནའང་། ང་ཚོས་ངེས་པར་དུ་མི་དམངས་ལ་བཤད་འོས། མིག་སྔར་བདག་གིས་ད་དུང་བདག་གི་ཏང་ཤོག་གི་འགོ་ཁྲིད་རིམ་པ་ལ་གཟབ་ནན་གྱིས་བགྲོ་གླེང་བྱས་མེད། བགྲོ་གླེང་བྱས་རྗེས་ང་ཚོས་ཀྱང་རང་འགུལ་གྱིས་བསྒྲུབ་མི་སྲིད་དེ། འབྱུང་འགྱུར་ང་ཚོས་ཀྱང་དམངས་གཙོ་རིང་ལུགས་བྲེལ་རྒྱུག་གི་ཚོགས་པ་དང་མཉམ་དུ་འགུལ་སྐྱོད་བྱ་བ་དེའོ།།
མི་དམངས་ཀྱི་བྱ་གཞག་གསར་སྤེལ་ཐག་གཅོད་བྱུང་རྗེས་སུ་བདག་གིས་མི་དམངས་ལ་གསལ་བཤད་བྱ་ཆོག མཚམས་ལན་རེར། མི་དམངས་ཀྱིས་ང་ཚོའི་བྱ་གཞག་ལ་མོས་མཐུན་མི་བྱེད་པ་དེ་འདྲ་འབྱུང་སྲིད། འདི་ནི་ཡོང་སྲིད་པའི་བྱ་བ་མངོན་གྱུར་བ་ཞིག་ཏེ། སྐྱེ་བོ་ཡོད་ཚད་ཀྱི་བསམ་ཚུལ་གཅིག་པ་མ་ཡིན་པས་ཕྱིར་དང་། བསམ་ཚུལ་མི་མཐུན་པ་དང་དུ་ལེན་པ་འདི་ནི་དམངས་གཙོ་་རང་ལུགས་ཀྱི་དགོངས་བཞེད་ཀྱི་ཆ་ཤས་གཅིག་ཡིན་པས་ཕྱིར་རོ།།
དེ་ལྟ་ནའང་། ང་ཚོས་ངེས་པར་དུ་གསལ་བཤད་ཅིག་བྱས་ན་འོས་ཏེ། རྒྱུ་མཚན་ཅིའི་ཕྱིར་དུ་ང་ཚོས་ངེས་པར་དུ་བྱ་གཞག་གསར་སྐྲུན་དང་དར་སྤེལ་གྱི་ཕྱོགས་སུ་གཞོལ་དགོས་པ་དང་། ཅིའི་ཕྱིར་དུ་མི་དམངས་ཀྱི་བསམ་ཚུལ་མི་མཐུན་པ་དག་ཀྱང་ང་ཚོས་བསྒྲུབ་དགོས་པ་རེད། འདི་ནི་ངེས་པར་དུ་མི་དམངས་ཀྱི་ཤེས་རྟོགས་ཐོབ་དགོས་སོ།།
འབྱུང་འགྱུར་གྱི་དུས་སུ་ང་ཚོ་ལ་མི་དམངས་ཀྱི་ཤེས་རྟོགས་དང་གྲོགས་དན་ཐོབ་པ་ཡིན་ན་བྱ་གཞག་གསར་སྤེལ་རྒྱུན་བསྲིངས་བྱ་རྒྱུ་ཡིན་པ་ལས། དགོངས་དག་ཞུ་འོས་པ་ཞིག་ལ་བདག་གིས་དེ་རིང་འདི་ནས་ཞིབ་ཅིང་ཕྲ་བ་ཞིག་བཤད་ཐུབ་ཀྱིན་མི་འདུག་གོ། གང་ལྟར་བདག་གི་བཟང་བཙོན་གྱི་དུས་ཚོད་ཀྱང་ཐག་གཅོད་བྱས་མ་ཐག་པ་ཡིན་པས། བྱ་གཞག་གསར་སྤེལ་གྱི་སྟ་གོན་དག་བཤད་པའི་དབང་དུ་བཏང་ནའང་བསམ་བློ་གཏིང་ཟབ་པའི་བརྒྱུད་རིམ་ཞིག་ད་དུང་མི་འདུག་པས་སོ།། བདག་ གིས་ཉེ་ཆར་གྱི་སྐྱེ་བོ་དག་གི་འབོད་སྐུལ་ལ་གཟབ་ནན་གྱིས་ཐེངས་མང་ཉན་པ་དང་དུས་ མཚུངས་སུ་འབྱུང་འགྱུར་གྱི་ལམ་བུར་ཇི་ལྟར་བགྲོད་དགོས་མིན་ཐག་གིས་གཅད་རྒྱུ་ ཡིན་ནོ།།
ཆེས་ ཆེ་བའི་གནད་འགག་ཅིག་ནི་ང་ཚོ་མི་དམངས་ཀྱི་སྟོབས་ཤུགས་གསར་སྤེལ་གྱི་འགུལ་ སྐྱོལ་ལ་བརྟེན་དགོས་པ་དེ་དང་། འབྱུང་འགྱུར་དུས་སུ་བདག་གིས་དམངས་གཙོ་འཚོལ་སྙེག་མཁན་གྱི་ཚོགས་པ་ཚང་མ་དང་ མཉམ་དུ་ལག་སྦྲེལ་གྱིས་མདུན་དུ་བསྐྱོད་ན་བསམ་པ་དེའོ།། བདག་ཅག་གི་གླེང་མོལ་དག་མངོན་གྱུར་བྱ་བར་བྱ་གཞག་གི་ལམ་དུ་ཞུགས་དགོས་པ་དང་། གླེང་མོལ་མངོན་གྱུར་བྱ་བའི་སླད་དུ་བརྟུན་པ་གང་ཐུབ་ཀྱིས་བསྐྱེད་ཅིང་། མི་དམངས་ལ་གནོད་པ་དང་འཚེ་བ་མི་འབྱུང་བར་དེ་ལས་གཡོལ་ཐབས་བྱ་དགོས་སོ།། དེ་ལྟ་ནའང་། ང་ཚོས་གནོད་པ་དང་འཚེ་བ་གཏན་ནས་མི་འབྱུང་བར་ཐག་གིས་གཅད་དཀའ་ལ། དེ་ལྟ་བུའི་ཐག་གཅོད་བགྱིས་པ་ནི་དམངས་སེམས་བསླུ་བྲིད་བྱས་པ་རེད་དོ།།
བདག་ལ་རྒྱབ་སྐྱོར་མཛད་པ་ཡིན་ན་མི་སུ་དང་གང་ལའང་གནོད་པ་དང་འཚེ་བ་མི་འབྱུང་ཞེས་བདག་གིས་ཀྱང་བཤད་དཀའ་སྟེ། མཚམས་ལན་རེར་གནོད་པ་འབྱུང་སྲིད་པ་ཞིག་གོ། ང་ཚོར་སྟོངས་གདབ་པའི་སྐྱེ་བོ་དག་ལ་ངེས་ཅན་དུ་ཉེ་ཞོ་འབྱུང་སྲིད་ལ། ང་ཚོ་ལའང་གནོད་པ་དང་འཚེ་བ་འབྱུང་སྲིད་པ་ཡིན། དེ་ལྟ་ནའང་ང་ཚོས་ཆེས་ཆེ་བའི་ཆག་སྒོ་དང་གནོད་པ་ལས་གཡོལ་བའི་ཐབས་ཤེས་ལ་བསྙེག་རིགས་སོ།།
ང་ཚོའི་མི་དམངས་ལགས། ཁྱེད་ཅག་གིས་མཚམས་ལན་རེར་ཉེ་ཞོ་དང་གནོད་པ་འབྱུང་ངེས་རེད་སྙམ་ཏེ་སྐྲག་མི་དགོས་སོ།། བདག་གིས་དེ་རིང་འདི་ནས་བཤད་བསམས་པ་ཞིག་སྟེ། ང་ཚོས་ངེས་ཅན་དུ་དཀར་ནག་གསལ་རྟོགས་བྱ་འོས། ང་ཚོས་ངེས་པར་དུ་དྲང་བདེན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱ་འོས། བདེན་ དང་རྫུན་ཞེས་པ་ནི་སྐབས་སྐབས་སུ་དུས་ཚོད་ལ་བསྟུན་ནས་འགྱུར་བ་འབྱུང་སྲིད་ལ། ཡུལ་དུས་ཀྱི་འགྱུར་བ་ལ་བལྟོས་ནས་གནད་དོན་ལའང་འགྱུར་བ་འབྱུང་ངེས་སོ།།
དེ་ལྟ་ནའང་། ཁྱེད་ཅག་གིས་ངེས་པར་རྟོགས་དགོས་པ་ཞིག་ནི། གང་ཞིག་བསྒྲུབ་ཏུ་རུང་བ་དང་གང་ཞིག་བསྒྲུབ་ཏུ་མི་རུང་བ་དེའོ།། གང་འདྲ་ཞིག་བཤད་ན་འོས་ཏེ་བདག་གི་ཡབ་ཆེན་གྱིས་དེ་སྔ་འདི་འདྲ་ཞིག་བཤད་མྱོང་། “བདག་ངོ་གནོང་མི་དགོས་པར་དང་ལེན་བྱ་ཕོད་པ་ཞིག་ནི་རྒྱུ་འབྲས་བློ་མིག་མངའ་བའི་ཁྲིམས་ཁང་གི་འདྲི་གཅོད་དག་གོ།” ཞེས་པའོ།།
དོན་དངོས་སུ་བདག་གིས་ཀྱང་ཁྲིམས་ཁང་གི་འདྲི་གཅོད་དང་དུ་ལེན་མྱོང་། དེ་ལྟ་ནའང་། བདག་ གི་རེ་བ་ནི་རྒྱུ་འབྲས་བློ་མིག་མངའ་བའི་ཁྲིམས་ཁང་ཞིག་གི་འདྲི་གཅོད་དང་དུ་ ལེན་རྒྱུ་དེ་དང་། ང་ཚོའི་མི་དམངས་ཀྱིས་ཀྱང་རྒྱུ་འབྲས་བློ་མིག་མངའ་བའི་ཁྲིམས་ཁང་ཞིག་གི་འདྲི་ གཅོད་ཉིན་རེ་བཞིན་དང་དུ་བླངས་རྗེས་ཀྱི་དྲིས་ལན་ཁག་བདག་ལ་འབྱོར་རྒྱུ་དེ་ཡིན་ ལ། དེ་ལྟར་ཕྱིན་ཚེ་བདག་གིས་ཀྱང་བསྒྲུབ་འོས་པ་དག་ངེས་དུ་བསྒྲུབ་ངེས་སོ།། གལ་སྲིད་དྲིས་ལན་ཁག་འབྱོར་བ་ཡིན་ན་ང་ཚོས་བརྟུན་པ་བསྐྱེད་པ་ལའང་རིན་ཐང་ཆེན་པོ་ཞིག་ལྡན་སོང་བ་ཡིན་ནོ།།
ཡང་དག་པའི་བགྲོད་ལམ་ལ་དཀའ་སྤྱད་ཀྱི་གཞོགས་འདེགས་མེད་ཚེ་ཤིན་ཏུ་ནས་ཉེན་ཁ་ཆེ་ཞིང་། ཡང་དག་པའི་བགྲོད་ལམ་དུ་ཞུགས་པ་འདི་ཙམ་གྱིས་རིན་ཐང་ཞིག་གསལ་བོར་མཚོན་པ་ཡིན་ཡང་། དཀའ་སྤྱད་ཀྱིས་ཡང་དག་པའི་བགྲོད་ལམ་ལ་རམ་འདེགས་བགྱིས་པའི་ནུས་ཕྱོད་དེས་མི་སུ་ཞིག་ཡིན་ནའང་ཉམས་རྒུད་ཀྱི་གཡང་ལས་བསྐྱབ་ཐུབ་པ་ཡིན་པས། ངའི་རེ་བ་ཡིན་ན་ཚང་མས་འདི་ཡིད་ལ་བརྣག་པར་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེའོ།། སྐྱེ་བོ་ཚང་མས་མི་གཞན་ལ་དཀྱེལ་ཡངས་བྱ་བ། བསམ་ཤེས་བྱ་བ། བཟོད་སྒོམ་བྱ་བ་བཅས་ནི་བདག་གི་རེ་བ་ཡིན་ནོ།།
ད་ལྟ་རང་ཚང་མར་བཏོན་པའི་རེ་བ་ཞིག་ཡང་བསྐྱར་ཞུ་ཆོག་པའི་དགོངས་པ་སྩོལ་རོགས་ཞུ། ཚང་མས་མཉམ་རུབ་ཀྱིས་འགུལ་སྐྱོད་བགྱིས་པ་ཡིན་ན་ད་གཟོད་བྱ་བ་ལེགས་འགྲུབ་འབྱུང་སྲིད་པ་ཡིན་ལ། རེ་སྒུག་ཁོ་ནས་ནམ་ཡང་ལེགས་འགྲུབ་ཡོང་མི་སྲིད་པ་ཡིན་ནོ།། སེམས་ལ་དྲན་པ་ཙམ་གྱིས་ཅི་ཡང་ཐོབ་མི་སྲིད་ལ། ལག་ཏུ་བསྟར་ཏེ་འགུལ་སྐྱོད་བགྱིས་པ་ཡིན་ན་སེམས་ཀྱི་རེ་བ་ཡོད་ཚད་མངོན་དུ་འགྱུར་བའི་སྐལ་བ་ཡོད་སྲིད་པའོ།། འགུལ་སྐྱོད་དོན་ཐོག་ཏུ་འབབ་པའི་སྙིང་སྟོབས་ལྡན་ཚེ་དངོས་གནས་འགུལ་སྐྱོད་ཀྱི་འགོ་བརྩམ་སྲིད་ལ། དེའི་ཚེ་འདོད་པ་ལྟར་འགྲུབ་སྲིད་དོ།།
འབྱུང་འགྱུར་བདག་གིས་ཆེས་ལེགས་པའི་བྱེད་ཐབས་ཤིག་འཚོལ་སྙེག་བྱ་རྒྱུ་ཡིན་ལ། བདག་གིས་བཤད་ཟིན་པ་ཞིག་ཡང་བསྐྱར་བཤད་ན། ང་ཚོས་ཆེས་ལེགས་པའི་བྱེད་ཐབས་ཤིག་བཙལ་ཏེ་དམིགས་ཡུལ་མངོན་དུ་འགྱུར་བ་བྱ་དགོས་སོ།། བདག་གིས་ཡིད་ཆེས་བྱ་སའི་ཐབས་ལམ་ཉག་གཅིག་ནི་གླེང་མོལ་བྱ་བ་དེ་ཡིན་པས། ང་ཚོས་ངེས་པར་དུ་ཐབས་ཤེས་འདི་སྤྱད་པར་བདག་ཡིད་ཆེས་ཟབ་མོ་ཡོད་དོ།།
བདག་དེ་རིང་འདིར་ཡོང་ནས་བདག་གི་ལྷན་རྒྱས་ཚོའི་མདུན་དུ་སེམས་གཏིང་གི་སྐད་ཆ་བཤད་པར་རྒྱབ་སྐྱོར་བྱ་བའི་རེ་བ་ཡོད། ལྟ་སྲུང་བ་ཚོ་ལའང་བདག་གིས་སྡང་སེམས་གཏན་ནས་བཟུང་བ་མེད་ལ་འཛིན་པའང་མི་སྲིད་དོ།།
མི་སུ་དང་གང་ལའང་སྡང་སེམས་མི་འཛིན་པར་བདག་གི་གཤིས་རྒྱུད་ཀྱིས་ཐག་གིས་བཅད་ནས་ཡོད་པས། བདག་གི་སེམས་སུ་སྡང་སེམས་ཅི་ཡང་མེད། བཀག་སྡོམ་པས་བདག་གི་རང་དབང་ཚོད་འཛིན་བྱེད་པའི་སྐབས་སུ་ལྟ་སྲུང་འགན་ལེན་པས་བདག་ལ་འཚེར་སྣང་བྱེད་ཀྱིན་འདུག བདག་གིས་དངོས་གནས་བཤད་པ་ཡིན། ཁོང་ཚོས་བདག་ལ་དངོས་གནས་འཚེར་སྣང་བྱེད་ཀྱིན་འདུག་པ་བདག་གི་སེམས་ལ་དམ་པོར་ཉར་ཡོད། ཁོང་ཚོར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་དོ།།
གོ་ས་མཐོ་དམན་ཅི་འདྲ་ཞིག་ཡིན་ཡང་ཆོག མངའ་ཁོངས་གང་ཞིག་ཡིན་ཡང་རུང་། མི་རེ་རེ་ཡིས་འདི་ལྟར་དཀྱེལ་ཡངས་པའི་འགྲོ་འོང་བྱ་རྒྱུ་ནི་བདག་གི་རེ་བ་ཡིན་ནོ།། གལ་ སྲིད་ཚང་མས་འདི་ལྟར་འཚེར་སྣང་དང་དཀྱེལ་ཡངས་ཀྱི་ཀུན་སྤྱོད་འཛམ་གླིང་མི་དམངས་ ཀྱི་ཆེད་དུ་སྤྱད་ཐུབ་ཚེ་དེ་ནི་ཆེས་ལེགས་པའི་མིག་དཔེ་ཞིག་ཡིན་ནོ།།
ང་རང་བཟང་བཙོན་གྱི་ཁྱིམ་དུ་ཡོད་པ་ལྟ་བུར་མ་སེམས་ཤིག ཁྱེད་རང་ཚོས་ང་ལ་འཚེར་སྣང་གི་ལྟ་སྟངས་འཛིན་པ་ཇི་ལྟར་དུ་མི་དམངས་བྱིངས་ལ་དེ་ལྟ་བུའི་ལྟ་ཚུལ་ཟུངས་ཤིག རང་ཉིད་གཅིག་བུ་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་གཞན་ལ་དགག་པ་མ་བྱེད་རོགས། བྱ་ བ་གང་ཞིག་ཡིན་ཡང་ལེགས་པ་དང་ཉེས་པའི་ཆ་གཉིས་མཉམ་གནས་སུ་བདོག་པས། གལ་སྲིད་སྐྱེ་བོ་ཕ་རོལ་བོ་ཉེས་པའི་ཕྱོགས་སུ་སོང་ཡང་དེ་ལ་སྡང་བའི་སེམས་ཀྱི་ བལྟ་བར་མི་བྱའོ།། བྱ་བ་ཉེས་པ་ལ་འཇུག་པར་མི་བྱའོ།། དེ་ལྟ་ནའང་། ལེགས་པའི་ཕྱོགས་དེ་གཅེས་ཤིང་བསྐྱངས་ཏེ་བཀའ་དྲིན་ནམ་ཡང་སེམས་ལ་གཞག་པར་གྱིས་ཤིག
བཀའ་དྲིན་རྟོགས་མཁན་གྱི་སྐྱེ་བོ་དག་གིས་ནང་སེམས་འཇིག་རྟེན་གྱི་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། བཀའ་དྲིན་ཆེ་ཞུ་འོས་པའི་བྱ་གཞག་ལ་ངེས་པར་དུ་ཐུགས་རྗེ་ཆེ་ཞུ་འོས་སོ།། ཐུགས་ རྗེ་ཆེ་ཞུ་འོས་པའི་བྱ་གཞག་དག་བདག་གི་སེམས་སུ་རྡོ་ལ་རེ་ཁཱ་བརྐོས་པ་ལྟར་དམ་ དུ་བཟུང་ནས་ཡོད། དེ་ལྟ་ནའང་། ད་ལྟ་བདག་གིས་ངེས་པར་དུ་ང་ཚོའི་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་བཞིན་པའོ།།
ཐུགས་རྗེ་ཆེ་ཞེས་པའི་ཚིག་འདི་བདག་གིས་ཐེངས་དུ་མར་བསྐྱར་ཟློས་བྱས་པ་ཡིན། ཚང་མས་བློ་རྩ་བརྟན་མོ་བྱོས་ཤིག འབར་མའི་མི་དམངས་ཀྱི་སྙིང་སྟོབས་ནི་སྲིང་བལ་རྩེ་ཡི་མེ་ལྕེ་དང་མཚུངས་ཞེས་པའི་བཤད་སྟངས་འདི་ནི་ཤིན་ཏུ་ནས་ཡིད་སུན་པ་ཞིག་འདུག་གོ། གནས་ཚུལ་འདི་འདྲ་འབྱུང་བར་བདག་གིས་ཁས་འཆེས་པར་མི་བསམ། འདི་ལྟ་བུའི་གནས་ཚུལ་ལ་གཡོལ་དགོས་ཏེ་མི་ནི་ངེས་པར་དུ་མི་ནང་བཞིན་དུ་འཚོ་དགོས་པས་སོ།། མི་ལ་ལ་རྒྱ་ཡོད། ཁྱེད་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་ན་འདོད་དམ། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་གླེང་གཞིར་ཅི་ཞིག་བྲིས་ཡོད་པ་དྲན་གྱིན་འདུག་གམ། “མི་སྐྱེས་དུས་ནས་ལ་རྒྱ་ཡོད”ཅེས་པ་དེའོ།། ང་ཚོས་ངེས་པར་དུ་ལ་རྒྱ་སྲུང་སྐྱོབ་བྱ་འོས། ང་ཚོས་མི་གཞན་གྱི་ཐོབ་ཐང་ལ་ཐོགས་བརྫིས་སུ་མི་འགྲོ་བའི་ལ་རྒྱ་སྲུང་སྐྱོབ་བྱ་འོས་སོ།།
བདག་གིས་རིས་སུ་ཆད་པའི་སྐད་ཆ་བཤད་མི་ཤེས། “མི་དམངས་ཀྱི་སླད་དུ་བྱ་བ་གང་ཞིག་སྒྲུབས་ཤིག”ཅེས་ཀྱང་སྨྲ་བར་མི་ནུས་སོ།། རང་ཉིད་ཀྱིས་མགོ་བཙུགས་པའི་བྱ་གཞག་དག་མི་དམངས་རང་ཉིས་ཀྱིས་བསྒྲུབ་ན་འོས། མི་དམངས་ཀྱིས་རང་ཉིད་ཀྱི་འགན་འཁྲི་ངེས་པར་དུ་ཤེས་དགོས་པ་དང་། རང་ཉིད་ཀྱི་འོས་འགན་ངེས་པར་དུ་བསྒྲུབ་དགོས་སོ།།
འདི་ལྟར་བསྒྲུབས་ཏེ་སོང་ན་ང་ཚོའི་རྒྱལ་ཁབ་ད་གདོད་འཕེལ་རྒྱས་སུ་འགྲོ་ངེས་སོ།། ང་ ཚོའི་རྒྱལ་ཁབ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་རེད་དམ་མ་རེད། འདི་ན་བདག་ལས་ཀྱང་ཁྱེད་ཅག་གིས་གསལ་བོར་ཤེས་ངེས་རེད། འཕེལ་རྒྱས་མི་འདུག དེ་ལྟ་ནའང་། བདག་གིས་སུ་དང་གང་ལའང་སྐྱོན་བརྗོད་པ་མི་སྲིད་དོ།། ང་ ཚོ་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་འཇོན་ནུས་རྩལ་སྤྲུགས་ཀྱིས་རྒྱལ་ཁབ་འཕེལ་ རྒྱས་སུ་གཞོལ་བའི་གོ་སྐབས་ཤིག་ང་ལ་སྤྲད་རོགས་ཞུ་ཞེས་ཞུས་ན་བསམས་སོང་།
ང་རང་སློང་མོ་བ་བྱ་མི་སྲིད་དེ། ང་རང་སློང་མོ་བ་བྱ་རྒྱུར་ལྷན་རྒྱས་རྣམ་པའང་ཡིད་མཐུན་ཡོད་རྒྱུ་མ་རེད་བསམས་སོ།། ང་ཚོས་རང་ཉིད་ཀྱི་འཚོལ་སྙེག་མདུན་སྐྱོད་བགྱིས་ན་རང་དབང་ངེས་པར་དུ་ཐོབ་སྲིད་པ་ཞིག་གོ།
ང་ཚོས་རྒྱུན་བསྲིངས་ནས་བྱ་གཞག་གསར་སྤེལ་གྱི་ཕྱོགས་སུ་བསྙེག་ན་འོས། ངཚོའི་མི་དམངས་ཀྱིས་ངེས་པར་དུ་ཐོབ་འོས་པའི་རང་དབང་འཚོལ་སྙེག་གི་སླད་དུ་མདུན་སྐྱོད་བྱ་འོས། དེ་ལྟ་ནའང་། བདག་གིས་ཁྱེད་ཚོ་ལ་ཟས་གོས་རང་འགྲུབ་ཀྱིས་བསྟབ་པོ་ཞེས་པའི་དོན་མིན་ཏེ། བདག་གིས་མི་དམངས་ལ་དངུལ་སྒོར་བསོག་ཏུ་བཅུགས་སྟེ་རང་ཉིད་ཀྱི་ལྟོ་བ་འགྲང་བ་བྱུང་ན་བསམ་པ་དེ་ཡིན་ནོ།།
ང་ཚོས་དམངས་གཙོ་རིང་ལུགས་བརྩི་སྲུང་མཐུན་ཚོགས་དང་གྲོས་མོལ་བརྒྱུད་ནས་འགུལ་སྐྱོད་བྱ་དགོས་པ་ལས། རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་རང་འགུལ་གྱིས་འགུལ་སྐྱོད་བྱ་དགོས་པའི་དོན་མིན་ལ། འབྱུང་འགྱུར་ང་ཚོ་ལག་རྡང་མཉམ་སྦྲེལ་གྱིས་མདུན་དུ་བསྐྱོད་ན་བསམས་པའོ།། འདིར་ཡོང་ནས་རྒྱབ་སྐྱོར་བྱེད་མཁན་གྱི་མི་དམངས་མེད་ཚེ་ང་ཚོས་བྱ་གཞག་གང་ཡང་འགྲུབ་མི་ཐུབ། ང་ཚོར་ང་ཚོའི་རེ་བ་དང་མཐུན་སྡེབ་མཛད་མཁན་གྱི་མི་དམངས་མཁོ་བས། རེ་འདོད་ཕྱིར་བསྒྲགས་ཀྱི་སྐབས་འདི་ལ་ཡང་བདག་ལ་ཡིད་ཆེས་བྱོས་ཤིག ཁྱེད་ཚོས་གཞོགས་འདེགས་ཀྱི་ལག་པ་རྐྱོངས་ཤིག་ཅེས་བདག་གིས་ད་ལྟ་ནས་ཞུ་བ་འཐེན་བཞིན་ཡོད་དོ།།
སྐད་ ཆ་དྲང་མོར་བཤད་ན། ང་ཚོའི་བྱ་བ་མཉམ་སྒྲུབ་ཀྱི་མི་རྣམས་ལས་སྐྱེ་བོ་འགའ་ཞིག་གིས་ང་ཚོའི་དམིགས་ ཡུལ་མངོན་གྱུར་གྱི་ཉིན་མོ་དེ་མཐོང་ཐབས་བྲལ་སོང་ངོ་།། དྲང་བདེན་གྱི་དམིགས་ཡུལ་ཕྱོགས་སུ་བསྐྱོད་པ་ནི་མི་ཚེའི་ནང་ཆེས་རིན་ཐང་ལྡན་པའི་འགུལ་སྐྱོད་ཅིག་རེད་པས། མི་སུ་དང་གང་ལའང་རིན་ཐང་འདི་མི་སྡུག་པ་བཟོ་བའི་ནུས་པ་ཡེ་ནས་མེད་པ་ཡིན་ནོ།།
མིའི་འཆི་བ་ནི་འཇིག་རྟེན་གྱི་ཆོས་ཉིད་དོ།། གཙོ་བོ་ནི་འཚོ་གཞེས་ཀྱི་དུས་ཚོད་འདི་ཇི་ལྟར་སྐྱེལ་མིན་དེ་ཡིན་ནོ།། དེ་རིང་ང་ཚོས་དམངས་གཙོའི་སླད་དུ་ཚེ་སྲོག་བསྟབས་པའི་དམངས་གཙོའི་ལས་འགུལ་བ་དག་ལ་གུས་འདུད་ཞུ། ད་དུང་ལུས་པོ་ཁྲི་མུན་དུ་ཚུད་ནས་ཡོད་པའི་དམངས་གཙོའི་ལས་འགུལ་བ་དག་ ལ་གུས་འདུད་ཞུ་བ་དང་། དམངས་གཙོའི་ལས་འགུལ་བ་ཡོང་གློད་པ་ཐོབ་པའི་སྨོན་འདུན་ཞུས་པ་ཡིན་ནོ།།
༢༠༡༠། ༡༢། ༢༧། རང་མལ་དུ་ཡོངས་སུ་བསྒྱུརད།
མ་རྩོམ་ལ་གཟིགས་ན་དྲ་ཚིགས་འདི་ཡིན། https://wangjinbo.org/archives/3701
རྟ་ནག་པ་ལགས་ཐུགས་རྗེ་ཆེ། ངས་སེམས་གཏིང་ནས་ཨན་ཧྲན་སུ་ཅི་ལ་སྨོན་གྱི་ཡོད། ཁོང་ལ་ནང་ཆོས་ནས་གསུངས་པའི་བཟོད་སྒོམ་དང་། སྙིང་རྗེའི་ལྟ་གྲུབ་ལྡན་ཞིང་། དེ་རབས་ཀྱི་ཡོན་ཏན་ཀུན་གྱིས་རྒྱན་པ་དེ་ཡིན།
ཁོང་བཙོན་ནས་གློད་གྲོལ་རྗེས་བུ་ཆུང་བ་ཁོང་ཐུག་ཏུ་ཕེབས་པའི་སྙན་འཕྲིན་དེ་བལྟས་པ་ཡིན། ཡུན་རིང་བྲལ་བའི་མ་བུ་ཐུགས་པའི་ངང་ཚུལ་དེ་མཐོང་དུས་ངའི་མིག་ཟུང་མཆི་མས་གང་སོང་། ང་ཡང་ཨ་མ་བྲལ་ནས་ལོ་ངོ་མང་དུ་སོང་།
ལེགས་སོ། ལེགས་སོ། རྟ་ནག་པའི་བསྒྱུར་རྩོམ་ལེགས་སོ། བདེན་ནོ་བདེན་ནོ། འབར་མའི་གང་གཙོ་དོན་གཉེར་བ་བདེན་ནོ། ཨང་ཧྼང་སོའུ་ཅི་བདེན་ནོ།
དྲྭ་གྲོགས་རྟ་ནག་ལགས། སྙིང་ནས་ཐུགས་རྗེ་ཆེ་འབར་མའི་མོ་རྒོད་མ་དེའི་གནས་ཚུལ་ཞིབ་ཕྲ་དང་མི་མངས་ལ་བསླབ་བྱ་གནང་བ་བཅས་བོད་བསྒྱུར་གནང་བ། ༢༠༠༦ ལོའི་སྤྱི་ཟླ་བཞི་པའི་ནང་ངོས་རང་འབར་མར་གནས་སྐོར་ལ་སོང་ནས་ཉིན་གྲངས་དགུ་ལ་བསྡད་པ་ཡིན། ཡུལ་ལུང་དེར་མཆོད་རྟེན་མང་པོ་ཞིག་འདུག་མང་ཚོགས་རྣམས་ཆོས་ལ་དད་པ་དང་དགེ་འདུན་པ་གུས་ཞབས་ཧ་ཅང་ཆེན་པོ་འདུག ལོ་ཆུང་བུ་མོ་རྣམས་ནས་འཁུར་ཚོས་ཐོག་ཏུ་རྩྭ་ཡི་ཁུ་བས་སྦྲུས་པའི་དྲི་བཟང་སྐྱ་བོ་དེ་འདྲ་བྱུགས་ཀྱི་འདུག
གྲོགས་རྟ་ནག་ཚང་གིས་རྫོགས་ཚིག་མང་པོ་ཞིག་གིས་རྫོགས་པར་བྱས་པའི་འགྱུར་རྩོམ་འདི་ཡོངས་སུ་ཀླགས་པ་ཡིན། ཨན་སང་སོ་སྐྱིད་ཀྱི་སྐད་ཆ་འདི་དག་སེམས་འགུལ་འཐེབས་པ་ཞིག་ཅིས་ཀྱང་རེད། མང་གཙོ་ཟེར་བ་འདི་འདི་ལྟར་སྡུག་བསྔལ་གྱིས་བཞེངས་དགོས་པ་ཞིག་རེད་ཨང་།
གྲོགས་རྟ་ནག་ཚང་གིས་རྫོགས་ཚིག་མང་པོ་ཞིག་གིས་རྫོགས་པར་བྱས་པའི་འགྱུར་རྩོམ་འདི་ཡོངས་སུ་བཀླགས་ཡིན། ཨན་སང་སོ་སྐྱིད་ལྟ་བུའི་སྐྱེས་ཆེན་ཚོར་བསམ་ན་མང་གཙོ་ཟེར་བ་འདི་སྡུག་གིས་བཞེངས་དགོས་པ་ཞིག་རེད་འདུག་ཨང་།
རྫོགས་ཚིག་མང་དྲགས་པ་བདེན་པ་འདུག འདི་འདྲའི་གསུང་བསྒྱུར་སྐབས་སུ་རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཐད་སྒྱུར་ལྟར་རྒྱུན་སྤྱོད་ཕལ་ཚིག་གང་མང་མང་བེད་སྤྱད་ན་ཤིན་ཏུ་ཀློག་བདེ་ལ་གོ་བདེ་བར་ཡོང་བར་འདུག ཆེས་ཁྱད་དུ་འཕགས་པ་ནི། བསྒྱུར་འདོད་ཀྱིས་བསྒྱུར་རྩོམ་འདིར་བཀོད་པ་འདི་ལ་བཀའ་དྲིན་ཆེ་ཞེས་ཞུའོ། །