རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།
ཨ་ཧྥི་གྷན་ནི་སི་ཐན་དུས་འགྱུར་སྐོར། །
ཧ་ལམ་མ་མཐོང་མ་ཐོས་མེད་འདྲ་ཡང་། །
ས་ཆ་དངོས་ཀྱི་ཁེང་ལོག་དུས་ལོག་དེ། །
ཤ་ཚའི་ཡུལ་དུ་ཚང་མས་བྱེད་བཞིན་འདུག །
ལ་དང་ལུང་པར་མི་ལོ་ཉི་ཤུར་གབ། །
ར་དང་ལུག་བཞིན་རི་མགོར་བསྡད་བསྡད་མཐར། །
ཡ་ང་མེད་པར་རྒྱལ་ས་ཧོབ་སྟེ་བཟུང་། །
འ་མ་འོར་ལ་ཐ་དམག་རྒྱལ་ཁ་ཐོབ། །
ཟ་འཐུང་དཀའ་ངལ་འཕྲད་པའི་མི་མང་དང་། །
ཞྭ་བསྐྱུར་ལྷམ་བསྐྱུར་བྱས་ནས་འབྲོ་མི་སོགས། །
ཝ་ལེར་བརྙན་འཕྲིན་ངོས་སུ་འཆར་ལུགས་ལ། །
ཛ་དྲག་ཡིན་པ་མིག་མཐོང་ལག་ཟིན་རེད། །
ཚ་གེ་ཚིག་གེས་ཨ་དམག་ཕར་འགྲོ་དང་། །
ཙ་རེ་ཙོར་རེའི་ཐ་དམག་ཚུར་ལོག་གཉིས། །
མ་གཞི་ཆག་སྒོ་ཡིན་པ་སྨྲོས་མེད་ཀྱང་། །
བ་ཕྱུགས་ལྟ་བུའི་བཙོན་པའི་ལམ་འགྲོར་(བཙོན་པ་མང་པོ་ཞིག་ཀློད་ཀྱིན་འདུག )བྱུང་། །
ཕ་རོལ་བདེན་རྫུན་ཏག་ཏག་མི་ཤེས་ཀྱང་། །
པ་རེ་པུ་རེ་ཤོད་པའི་ཆེད་མཁས་ཚོས། །
ན་གཞོན་བུ་མོའི་སློབ་གསོའི་ལས་དབང་ལ། །
ད་ནས་མུན་པའི་བསྐལ་བ་ཚེས་སམ་ཟེར། །
ཐ་ལི་བྷན་གྱིས་སྲིད་འཛིན་ཕོ་བྲང་བཟུང་། །
ཏྭ་རེན་གོང་མའི་གཞུང་ཚབ་སྔར་བཞིན་གདའ། །
ཉ་མོའི་འཁྱུགས་ལས་མགྱོགས་པའི་ཨ་རི་བ། །
ཇ་ཡུན་ཙམ་གྱིས་གནམ་འཕང་བཅད་ནས་ཐལ། །
ཆ་མེད་གཞན་ཡུལ་འགྲིམས་པའི་འཚང་ཁ་དང་། །
ཅ་ཅོའི་ངུ་ངག་འཇིགས་པའི་འོ་འདོད་སོགས། །
ང་རོས་ས་ཆེན་གཡོ་བའི་གནམ་ཐང་ནས། །
ག་ལ་བ་དེར་འཕུར་མཁན་མང་པོ་འདུག །
ཁ་ཆེའི་ཁྲིམས་སྒོ་བཙན་པའི་ཨབ་གྷན་ཚོར། །
ཀ་ར་ལྟ་བུའི་དམངས་གཙོའི་སླུ་བྲིད་ཅིག །
ཁ་སང་ས་ཆ་དེ་ན་བྱུང་བ་ཡང་། །
ཀ་ལེར་དུས་ཀྱི་མཐའ་ལ་ཡལ་ཡང་སྲིད། །
ཨ་མཚར་མིན་པའི་ཀ་རྩོམ་ལུགས་ལྡོག་འདི། །
ཨ་རིས་ཨབ་རྒན་དོར་བའི་དེ་རིང་བྲིས། །
ཨ་མར་གྱུར་པའི་སྐྱེ་འགྲོ་མཐའ་དག་བཞིན། །
ཨ་ཧྥི་གྷན་ནི་སི་ཐན་བདེ་བར་སྨོན། །
ཞེས་པ་འདིའང་། འབྲེལ་ཡོད་གསར་ལམ་འགའ་བརྒྱུད་འགོད་བྱས་རྐྱེན་དྲ་གྲོགས་འགས་གནས་ཚུལ་རྒྱས་ཙམ་རེ་གཏོང་རོགས་ཟེར་ཡང་། གསར་འགྱུར་ཧ་ཅང་མང་བ་དང་། རྒྱ་ཡིག་ཏུའང་མང་པོ་འདུག་པས་དམིགས་བསལ་གསན་གཟིགས་མི་ཐུབ་པ་མེད་པ་ལྟ་བུར་སྣང་ཡང་། གང་ལྟར་རང་གི་མཐོང་སྣང་དང་འབྲེལ་བའི་ཀ་རྩོམ་ལུགས་ལྡོག་མ་འདིའང་རྫ་ཚེ་རིང་བཀྲ་ཤིས་ཀྱིས་འཕྲལ་བྲིས་སོ།། སྤྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༨ ལའོ།།