གློག་ཀླད་དགྲར་འཛིན་གྱི་སྲིད་གཞུང་དང་ཆོས་སྡེ་དག་ལ་ཆེད་དུ་བསྟབས་པ།
བོན་རྒྱ་བསྟན་འཛིན་རབ་རྒྱས།
ཆོས་ལུགས་ཐེབས་ཆག་ཅིག་གསར་གཏོད་བྱེད་པ་ནི། སྙན་ངག་ཅིག་འབྲི་བ་ལས་ཀྱང་སླ་ཙམ་དུ་ཡོད་དེ། ཤིང་སྡོང་རེར་ཁ་གཏད་ནས་ཁ་ནང་ལ་ཡོང་ཚད་རེ་བཤད་ནའང་ཆོས་ལུགས་སུ་འགྱུར་བ་མ་ཟད། དམར་པོ་མེ་ལ་བསྲེགས་པ་དང་མཐོན་པོ་བྲག་ལ་མཆོང་བ་ཚུན་ཆད་ཐར་ལམ་དུ་སྨྲ་མྱོང་ཞིང་འདོད་ཀྱང་མྱོང་བའི་ཆོས་ལུགས་པའང་གྲངས་ལས་བརྒལ་བས་སོ། །དེའི་ཕྱིར། ཆོས་ལུགས་ཤིག་འཇིག་པ་དང་གནས་བ་ལ་ཧང་སངས་དགོས་པ་དང་ཧོན་འཐོར་དགོས་པའི་རྒྱུ་མཚན་ཅི་ཡང་མེད་ལ། དེའི་སྒོར་ཞུགས་པ་ཙམ་གྱིས་ཀྱང་སྐལ་བ་ཅན་དུ་སྨྲ་མི་རིགས་པ་མ་ཟད། ཆོས་ལུགས་ཁ་ཤས་ཤིག་དངོས་པོའི་གཤིས་དང་། དུས་ཀྱི་འཕེལ་རིམ། ཤེད་བུའི་གོ་རྟོགས་ཀྱི་རིམ་པ་བཅས་ནས་བང་བསྒྲིགས་ཏེ་གད་སྙིགས་སུ་འགྱུར་བཞིན་ཡོད་པ་ནི། ཤེད་བུའི་བསམ་བློ་དྭངས་གཙང་བ་མངོན་གྱུར་གྱི་འབྲས་རྟགས་སུའང་འཁུམས་སོ། །ལྷག་པར་དུ་ཆོས་ལུགས་པ་ཁ་ཤས་ཀྱི་སེམས་རྒྱ་བུ་ག་ལས་དོགས་རྐྱེན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དགའ་བས་མྱོང་བ་ཕར་ཞོག དོན་རྐྱེན་སེན་ཆག་ལྟ་བུ་རེ་མགོ་ཁར་ལྷུང་ནའང་སྙིང་ནད་འཕར་བ་དང་སྨྱོན་པ་ཆགས་གྲུབ་བྱེད་པས། ཞབས་འདྲེན་པ་དེ་དག་གིས་ཁ་ནས་སེམས་ཅན་ཐམས་ཅད་ཅེས་མི་ཚེ་གཅིག་ལ་མིག་བཙུམ་ནའང་འཁྲབ་སྟོན་འབའ་ཞིག་ལས་སྙིང་བོ་ཅི་ཡང་མེད་དེ། ཆོས་ལུགས་དེས་གཞན་ཕར་ཞོག་ཐ་ན་རང་གི་སེམས་རྒྱ་ཙམ་ཡང་བསྐྱེད་མེད་པས་སོ། །དེ་དག་ལས་འགའ་ཤས་ཤིག་ཆོས་ལུགས་ཀྱི་སྐྱོན་མིན་པར་མི་རང་ཉིད་ཀྱི་བསམ་བློ་བཙོ་སྦྱང་མ་ཐུབ་པ་དང་ཡང་འབྲེལ་ཏེ། དཔེར་ན། རང་རེའི་དགེ་བཤེས་ལྷ་རམས་པ་དག་གི་ནང་དུའང་ཡིག་ཚད་ཀྱི་དྲི་བ་རེ་ནག་ཁུང་ཆགས་ནའང་”འདུ་ཁང་གི་རྒྱ་ཕིབས་ཟགས་ཀྱིན་འདུག”ཅེས་སྨྱོ་བཤད་བྱེད་པ་དང་རིལ་ཞིང་བརྒྱལ་ནས་འགྲོ་བ་སོགས་ཆེས་ཐབས་སྐྱོ་བ་དང་ངོ་ཚ་བའི་གནས་ཚུལ་ཐོན་མྱོང་ལ། དེ་བཞིན་ཆོས་ལུགས་གཞན་དག་གི་ནང་དུའང་གྲགས་སྙན་སྐད་སྒྲ་ཡི་རྒྱལ་མཚམས་བརྒལ་ཞིང་། རྩ་རླུང་སྒོམ་སྒྲུབ་ཀྱི་ཨ་མར་གྱུར་བ། ཆོས་ཚོགས་བརྒྱ་ཕྲག་གི་བདག་པོར་གྱུར་བ། ཆོས་ལུགས་པ་ཁྲི་སྟོང་གི་མཆོད་ཡུལ་དུ་གྱུར་བ། བསྟན་པ་ག་གེ་མོའི་སྲོག་ཤིང་དུ་གྱུར་བ་དག་གི་ནང་དུའང་ཞབས་འདྲེན་གྱི་འབྲས་རྟགས་འཛམ་གླིང་ལ་མངོན་པ་ཤིན་ཏུ་མང་སྟེ། ཉེ་བའི་ཆར་རྒྱ་གར་གྱི་ཆོས་དཔོན་གྲགས་ཆེན་(ས་ཡཱེ་བྷ་བྷ་)ཡང་སྙིང་ནད་ཀྱིས་ཤི་བ་བཅས་ལས་ཆོས་ལུགས་པ་ཚད་ལྡན་དག་གི་ནང་དུའང་སྙན་ངག་པ་ཞིག་གི་སེམས་རྒྱ་མེད་པ་དང། ཆོས་ལུགས་གྲགས་ཆེན་དག་གི་ནང་དུའང་སྙན་ངག་ཟབ་མོ་ཞིག་གི་ནུས་པ་མེད་མཁན་ཇི་འདྲའི་མང་པོ་ཞིག་འདུག་ཨང་། ཨཱ། གནས་ལུགས་ཀྱི་ལྷ་མོ་ལགས།
རྒྱུ་མཚན་དེ་དང་གནས་ལུགས་དེ་ནས་རིགས་བསྒྲེ་མི་རིགས་པ་ནི། སྨོན་ལམ་ཙམ་ལས་ཆེ་ཆེར་བརྒལ་བ་རིག་གནས་རང་བཞིན་གྱི་ཆོས་ལུགས་དང་། དེ་ཡང་དགག་སྒྲུབ་ཀྱིས་ཇི་ལྟར་བསྲེག་བཅད་བརྡར་གསུམ་བྱས་ན་དེ་བཞིན་གཟི་མདངས་འཕྱུར་བའི་བོད་ཀྱི་ནང་བ་སངས་རྒྱས་པ་དང་། ནང་བ་གཤེན་རབ་པའི་ཆོས་ལུགས་ལྟ་བུ་ཡིན། ཆོས་ལུགས་འདི་གཉིས་དར་འཕེལ་གྱི་བརྒྱུད་རིམ་ནང་དུ་བོད་གངས་ཅན་པའི་གསེར་དངུལ་གྱི་ནང་ནོམ་དཔག་པར་དཀའ་བ་ཞིག་བློས་བཏང་ཡོད་པ་མ་ཟད། སྐྱེས་བུ་དམ་པ་གྲངས་ལས་བརྒལ་བ་ཞིག་གིས་སྐུ་སྲོག་ལོངས་སྤྱོད་དང་བཅས་པ་ཕངས་མེད་དུ་བསྔོས་ཡོད་པས། ཆོས་ལུགས་འདི་གཉིས་ནི་བློ་རྒོད་ཅིག་གིས་རྩེ་ཞོར་དགོད་ཞོར་དང་གང་དགའ་གང་སྐྱིད་ཀྱིས་གཏན་ལ་ཕབ་པ་ཞིག་གཏན་ནས་མིན་པར་མེས་པོས་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ཁ་བ་ཅན་པའི་རིག་གནས་ཀྱི་སྲོག་ཤིང་དེ་ཡིན་ཞིང་། ཆོས་ལུགས་འདིའི་འཇིག་ཉེན་ནི་བོད་མི་རིགས་ཀྱི་འཇིག་ཉེན་དང་འོད་ཟེར་འགྱེད་པའི་མེས་པོའི་རིག་གནས་ཀྱི་འཇིག་ཉེན་ཡིན་པས། ཆོས་ལུགས་འདི་གཉིས་དམར་གསོད་གཏོང་མཁན་དག་ལ་དུས་ནམ་གནས་ཀྱི་བར་དུ་རྒོལ་རྡུང་གཏོང་དགོས་པ་ཡིན་ནོ། །
ད་ལྟའི་གནས་སྐབས་སུ་བོད་ཀྱི་ཆོས་ལུགས་འདི་ཆེས་འཇིགས་རུང་གི་གཡང་ངོས་ཤིག་ནས་གོག་མ་བགྲོད་ཀྱིས་འགྲོ་བ་དང་གཉིས་སུ་མེད་དེ། ཆོས་ལུགས་འདིས་དྲ་བའི་རིག་གནས་ཀྱི་གདན་གྲལ་མ་སྙོག་པར་བཤམས་སྐུ་འབའ་ཞིག་གི་ངོ་བོར་འགྲོ་བཞིན་པས་སོ། །མ་གཞི་ནས་ཆོས་ལུགས་པའི་དབུ་འཛིན་མང་པོ་ཞིག་བཤམས་ལ་དགའ་བའི་ཆ་ནས་ཀྱང་ལོས་ཡིན། ཐ་ན་དགོན་པ་དང་དགོན་པའི་སློབ་གྲྭ་ཁག་གི་དུས་དེབ་དང་ཚགས་པར་རེ་ཡིན་ནའང་མགོ་ཤོག་ཁ་ཤས་མཁན་རབས་དང་བླ་མ་དགེ་བཤེས་ཕྱུག་པོ་རེའི་སྐུ་ཁང་ཡིན་ལ། གྲྭ་བ་སྨྱུག་འཛིན་པ་ཚོས་སྙན་དེབ་ཀྱི་མིང་གིས་བསྙད་པ་དག་གི་མགོ་ནའང་བླ་རྒན་ཁ་ཤས་རེ་སེར་ལུག་སེ་ཡོད་ཅིང་། དེ་ནི་ཕྱོགས་གཅིག་ནས་དེབ་རིན་ལ་རོགས་ཅུང་བྱས་པར་དྲིན་གཟོ་ལྟ་བུ་ཡིན་ནའང་ཕྱོགས་གཅིག་ནས་དེ་ནི་དེབ་ཀྱི་རིན་ཐང་གཅོག་བྱེད་ཀྱི་ངོ་གདོང་མདོག་ཉེས་པོ་དེའང་ཡིན་ནོ། །
བོད་ཀྱི་ཆོས་ལུགས་ཀྱིས་དྲ་བའི་རིག་གནས་ཀྱི་གདན་གྲལ་མ་སྙོག་པ་ནི། འཇིགས་སུ་རུང་བའི་རྗེས་ལུས་ཤིག་དང་། གདན་ཐོབ་དེར་བསྙེག་པ་ལ་བར་དུ་གཅོད་མཁན་དག་ནི་ཆོས་ལུགས་འདི་ལུག་གསོད་གསོད་བྱེད་མཁན་གྱི་མི་སྣ་དག་ཡིན་ནོ། །བོད་ཀྱི་ཁ་དཔེར། “ཡར་ཀླུང་ཕུ་ནས་འདུག་ན། ཡར་ཀླུང་ཤམ་པོར་བསྟུན་དགོས། །”ཟེར་བ་བཞིན། བོད་ཀྱི་ཆོས་ལུགས་འདི་ཡང་འཛམ་བུ་གླིང་ནས་འདུག་ན། འཛམ་བུ་གླིང་ལ་བསྟུན་དགོས་པ་དེ་དངོས་པོའི་ཆོས་ཀྱི་རྟེན་འབྲེལ་ཞིག་ཡིན་ཞིང་། བོད་ཀྱི་ཆོས་ལུགས་པ་ཚོས་དྲ་བའི་རིག་གནས་ལ་མ་བསྟུན་པ་ནི་འཛམ་བུ་གླིང་ལ་མ་བསྟུན་པ་དང་། ཕྱོགས་ངོས་གཞན་ཞིག་ནས་བཤད་ན། འཛམ་བུ་གླིང་ནས་འདུག་ན་མ་འདོད་པ་དེ་ཡིན་ནོ། །
སྤྱིར་འཛམ་གླིང་ལེབ་ལེབ་བཟོ་མཁན་གྱི་རིག་གནས་རིམ་པ་གསུམ་དར་བ་ལས། དང་པོ་མཚོ་གྲུ་དང་། གཉིས་པ་གནམ་གྲུ། གསུམ་པ་དྲ་བའི་རིག་གནས་ཡིན་ཞིང་། རིག་གནས་འདི་གསུམ་གྱིས་རྒྱ་མཚོ་ཐད་ཀྱིས་བཅད་དེ་འཛམ་གླིང་ལྷོ་བྱང་དང་ཤར་ནུབ་ཀྱི་མི་ངོ་སྤྲད་ཀྱང་འགྲོ་འོང་གི་ལམ་ཁ་བསྐྲུན་པ་རེད། རིག་གནས་གསུམ་པ་འདི་ལ་དེ་ལས་ཀྱང་ནུས་པ་གཞན་ཞིག་ཡོད་པ་ནི། རིག་གནས་འདིས་རིག་གནས་ནུས་མེད་དག་གད་སྙིགས་ལ་གཡུགས་ཤིང་། སྔོན་ཐོན་རིག་གནས་དག་འཛམ་གླིང་རང་བཞིན་ཅན་དུ་བསྒྱུར་ཐུབ་པ་དེ་རེད། དེ་ལྟར་དྲ་བའི་རིག་གནས་ཀྱི་མཁན་པོས། “བདག་གིས་དྲ་བའི་རིག་གནས་གསར་གཏོད་བྱས་པ་ལ་རིག་གཞུང་སྨྲ་བ་མང་པོ་ཞིག་གིས་དགག་རྒྱག་དང་ངོ་རྒོལ་བྱེད་ཀྱིན་འདུག་པ་མ་ཟད། ང་ནི་འཛམ་གླིང་གི་རིག་གནས་གསོད་པའི་ཉེས་ཅན་པ་དང་པོ་རུའང་བགྲང་གིན་འདུག་མོད། ངས་ཁྱེད་ཀྱི་རིག་གནས་གསོད་མི་གསོད་དེ་ཁྱོད་ཀྱིས་ངའི་ལག་རྩལ་རིག་པར་སློབ་སྦྱོང་དང་། བེད་སྤྱོད་བྱེད་མི་བྱེད་ལ་འབྲེལ་ཞིང་། གལ་ཏེ་ཁྱེད་ཀྱིས་ང་ཐན་དང་འདྲེ་རུ་བརྩིས་ནས་ང་ལ་མ་སྦྱངས་པ་དང་ལག་ལེན་མ་བྱས་པར་བསྡད་ན་ཁྱོད་ཀྱི་རིག་གནས་དེ་ཐབས་མེད་དབང་མེད་ལ་ངས་ཐལ་བའི་རྡུལ་དུ་གཏོང་བ་མ་ཟད། ཁྱེད་རང་ཡང་འཇིག་རྟེན་འདི་ནས་འཚོ་སྡོད་བྱེད་དཀའ་བའི་གནས་སུ་འདེད་པ་ཡིན། ཁྱེད་ཀྱིས་ངའི་ལག་རྩལ་རིག་པར་བྱང་ཆུབ་པར་བྱས་ན་ཁྱོད་ནི་ནམ་ཡང་ངའི་ཁ་ལོོ་བ་དང་བདག་པོ་ཡིན་ཞིང་། ང་ནི་ནམ་དུའང་ཁྱོད་ཀྱི་གཡོག་འོག་ནས་འདུག་མཁན་གྱི་རིག་གནས་དེ་ཡིན་ནོ་”ཞེས་བཤད་ཡོད་ཅིང་། དོན་དངོས་ལའང་དེ་ལྟར་ཡིན་ཏེ། རིག་གནས་འདི་དར་བ་ནས་ད་ལྟའི་བར་དུ་དྲ་བའི་རིག་གནས་འདི་ལ་གྱེན་ལྡོག་དང་འབུར་འཇོམས་ཕོད་པའི་རིག་གནས་དང་། ཤེད་བུ་ཞིག་ས་སྟེང་ལ་བྱོན་མ་མྱོང་ཞིང་། ཐ་ན་མེ་ཏོག་བ་སྤྲུའི་ལས་འགུལ་སོགས་ཉེ་ཆར་གྱི་འཛམ་གླིང་གི་ལས་འགུལ་རིམ་པ་ཅན་དག་དང་ས་བྱི་ཞི་རྒོལ་ཆེན་མོ་བཅས་མི་མང་ཆིག་སྒྲིལ་དང་ཞི་བདེ་རང་བཞིན་ཏེ་གོ་རྟོགས་ལྡན་པའི་ཆབ་སྲིད་ཀྱི་ལས་འགུལ་མང་པོ་ཞིག་དྲ་བའི་རིག་གནས་བརྒྱུད་གསོན་ཤུགས་ཀྱི་ཐོན་ཞིང་། སྲིད་དབང་སྒེར་བདག་གི་རྒྱལ་ཁབ་ཚོ་ཡང་ཐལ་དང་རྡུལ་ལ་བསྟིམས་ནས་འགྲོ་གིན་ཡོད། ཡིན་ནའང་། རྒྱ་གུང་ཁྲན་དང་བོད་ཀྱི་དགོན་པ་གྲྭ་ཚང་ཁག་གི་འགོ་བ་ཚོས་འདི་ལ་འགོག་རྒོལ་བྱེད་ཀྱིན་ཡོད་པ་རེད་མོད། དྲ་བའི་རིག་གནས་ཀྱིས་ཁོང་དགོད་དང་བཅས་འདི་གཉིས་རྡོག་སྒྲིལ་གཏོང་བའི་ལྟ་གོན་ལ་ཆས་ཡོད།
ཁོང་གཉིས་ཀྱིས་དྲ་བའི་རིག་གནས་ལ་འགོག་རྒོལ་བྱེད་པ་དེར་བླུན་པོའི་གཤིས་འདྲེས་པ་དང་མིག་རྒྱང་ཐུང་བའི་རྟགས་ཡོད་པ་འདྲ་མཚུངས་ཡིན་ཞིང་། ཅུང་མི་འདྲ་བ་འགའ་རེ་ཡོད་པ་ནི། ༡ ༽ རྒྱ་གུང་ཁྲན་གྱི་འགོ་བ་ཚོས་ཚེ་འདི་ཡི་ཕོར་བ་དང་རྐུབ་སྟེགས་ལ་བསམས་ནས་དྲ་བའི་རིག་གནས་འགོག་རྒོལ་གྱི་ལས་ཀ་རྩོམ་བཞིན་ཡོད་ལ། བོད་ཀྱི་དགོན་པ་གྲྭ་ཚང་ཁག་གི་འགོ་བ་ཚོས་ཚེ་ཕྱི་མ་དང་ཐར་བ་དོན་གཉེར་གྱི་གེགས་སུ་བསམས་ནས་འགོག་རྒོལ་བྱེད་ཀྱིན་ཡོད། ༢ ༽ ཡང་རྒྱ་ནག་གིས་གློག་ཀླད་ནང་གི་མཉེན་ཆས་འགོག་གྱིན་ཡོད་ལ། ཁོང་དག་གིས་གློག་ཀླད་འགོག་བཞིན་ཡོད། ༣ ༽ ཡང་རྒྱ་ནག་གིས་དྲ་བའི་རིག་གནས་ཀྱི་ལག་རྩལ་ལ་གང་ལ་གང་འཚམ་རྒྱུས་ཡོད་ཀྱི་སྒོ་ནས་འགོག་གི་ཡོད་ལ། ཁོང་དག་གིས་རྒྱུས་ཅི་ཡང་མ་ལོན་པར་འགོག་གི་ཡོད། ༤ ༽ ཡང་རྒྱ་ནག་ལ་དྲ་བའི་རིག་གནས་འགོག་མཁན་རང་འགུལ་དྲ་ལམ་ཉེན་རྟོག་པ་དང་། ཞིབ་འཇུག་སོ་ཉུལ་བ་སོགས་མི་དང་མི་མིན་གཉིས་ཀ་ཡོད་ལ། ཁོང་ཚོར་ཡང་ལྷ་སྲུང་མཐུ་རྩལ་ཅན་དང་དགེ་བསྐོས་དབྱུག་པ་ཅན་གཙོས་ལས་སྣེ་ཆེ་འབྲིང་ཆུང་གསུམ་སོགས་མི་དང་མི་མིན་གཉིས་ཀ་ཡོད། ༥ ༽ རྒྱ་ནག་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བར་འགོག་རྒོལ་གྱི་ཐུ་འོག་ནས་དྲ་བའི་རིག་གནས་གཏན་འགོག་དང་དྲ་བའི་རིག་གནས་པ་འཛིན་བཟུང་བཙོན་འཇུག་གི་ཁྲིམས་ཡིག་ཡོད་ལ། ཁོང་ཚོར་ཡང་དེ་བཞིན་དགེ་ལྡན་བཅའ་ཡིག་ཆེན་མོས་མཚོན་པའི་ཉེ་ལམ་གྱི་ཡིག་ཆ་ཆེ་མ་ཆུང་གསུམ་ཡོད། ༦ ༽ ཡང་རྒྱ་ནག་གིས་ཤེས་ཡོན་ཅན་གྱི་འདུ་ར་དང་། བསམ་བློའི་རང་དབང་། ཕྱི་འབྲེལ་བརྒྱུད་ལམ་བཅས་པར་ཉེས་དམིགས་སུ་བལྟས་ནས་འགོག་གི་ཡོད་ལ། ཁོང་དག་གིས་གཙོ་བོ་ཆགས་སྲེད་ཅན་དག་གི་འདུ་ར་དང་། ཕོ་མོ་འཐམ་འཁྱུད་ཀྱི་གློག་བརྙན་དམར་པོ་དག་ལ་ཉེས་དམིགས་སུ་བལྟས་ནས་འགོག་གི་ཡོད། ༧ ༽ ཡང་རྒྱ་ནག་གིས་ཁོང་ཚོའི་ལག་འོག་གི་འབངས་མི་ཞིག་བཀའ་རྒྱ་དེ་རུ་འགལ་བ་ཤེས་རྟོགས་བྱུང་ན། བཙོན་འཇུག་དང་རྡུང་རྡེག་གིས་མི་དེ་ཕལ་ཆེར་ཕྱེད་ཀ་ལྟ་བུ་ཞིག་ཏུ་གཏོང་ལ། ཁོང་དག་གིས་ཁོང་ཚོའི་མངའ་འོག་གི་མི་ཞིག་བཀའ་རྒྱ་དེ་རུ་འགལ་ན་རྡུང་རྡེག་དང་། ཆད་གཅོད། ཕྱིར་འབུད་བཅས་གཏོང་བ་ཡིན། འདི་ལྟར་བསམ་བློ་ཞིག་བཏང་ན་བོད་ཀྱི་དགོན་སྡེ་ཁག་གིས་དྲ་རྒྱའི་རིག་གནས་འགོག་རྒོལ་གྱི་སྦྱོར་བ་དེ་རྒྱ་ནག་དང་ཨ་མཉམ་དོ་མཉམ་དུ་ཡོད།
ཡིན་ནའང་། རིག་གནས་འདིས་འདི་གཉིས་ལེབ་ལེབ་ནས་རིལ་རིལ། རིལ་རིལ་ནས་རྩ་མེད་དུ་གཏོང་རྩིས་ཀྱི་ལམ་དུ་ཆས་པ་ཡོད་པ་སྟེ། གདན་ས་ནས་གྲྭ་བ་སྒེར་གྱིས་གློག་ཀླད་བཟུང་མི་ཆོག་པའི་སྒྲིག་ལམ་བཟོས་ནས་ལོ་གཅིག་མ་འགོར་བར་གྲྭ་བ་རེས་གློག་ཀླད་རེ་བཟུང་བ་དང་། ལོ་རེ་ནས་ལོ་རེ་བཞིན་དྲ་བའི་རིག་གནས་དར་ཞིང་རྒྱས་པ་དང་དགོན་པ་གྲྭ་ཚང་ལ་གྲྭ་བ་ཇེ་ཉུང་དང་། གྲྭ་བ་ཚོའི་བྱ་སྤྱོད་ལ་མི་མང་ཆ་རྒྱུས་ཇེ་ཆེ་རུ་འགྲོ་གིན་ཡོད། རྒྱ་ནག་གིས་ཀྱང་གྷོ་གྷལ་གཏན་འགོག་བྱས་ནས་ལོ་གཅིག་ལའང་འདུག་མ་ཐུབ་པ་དང་། དྲ་ལམ་ཉེན་རྟོག་པ་ཁ་སྣོན་གྱིས་དྲ་རྒྱའི་བརྒྱུད་ལམ་ལ་ཞིབ་འཇུག་དང་དུམ་གཅོད་ཀྱི་སྲིད་བྱུས་རིམ་པ་ཅན་དུ་སྤེལ་ཏེ། དྲ་བའི་རིག་གནས་འགོག་རྒོལ་གྱི་འགྲོ་སོང་དེ་རྒྱལ་ཁབ་ཀྱི་འགྲོ་སོང་ཆེས་ཆེ་བའི་རིགས་སུ་ཐེ་བ་དང་། མ་འོངས་རྒྱ་ནག་གི་ཉེན་ཁ་ཆེ་ཤོས་ལ་དྲ་བའི་རིག་གནས་འགྱུར་བར་ཚོད་དཔག་དང་ཞེད་སྣང་གི་གནས་སུ་ཡོད། དཔེར་ན། དེང་སང་བོད་ཀྱི་རྫ་ལུང་རི་ལུང་ནས་མི་བསད་ནའང་དྲ་བའི་རིག་གནས་ཀྱིས་སྐར་ཆ་ཁ་ཤས་རིང་འཛམ་གླིང་ལ་སྒྲོག་ཐུབ་ཀྱིན་ཡོད་པ་དང་། སྔོན་ཆད་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་ཁྲག་གི་འཁོར་ལོ་བསྐོར་ནའང་ཞིབ་འཇུག་གི་དམིགས་གཞི་མེད་པར་བསྒྱུར་ཐུབ་པས་སོ། །ཕྱོགས་ངོས་གང་ནས་བསམ་བློ་བཏང་ནའང་དྲ་བའི་རིག་གནས་འགོག་རྒོལ་བ་དག་ནི། དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་གཏོགས་ཕམ་གཏན་འཁེལ་བ་དང་། དྲ་བའི་རིག་གནས་ལ་མ་བརྟེན་པར་འཇིག་རྟེན་འདི་རུ་རིག་གནས་ཤིག་འཚོ་སྡོད་མི་ཐུབ་པ་དེ། ང་ཚོས་མཐོང་ཡུལ་ན་ཡོད་པའི་ལེ་བྷེ་ཡའི་ནང་གི་སྲིད་དབང་སྒེར་འཛིན་པ་གྷ་ཌ་ཧེ་(Gaddafi)ཇི་ལྟར་རྡོག་སྒྲིལ་གཏོང་གིན་པ་དེས་གསལ་བཤད་ནུས་པ་ཞིག་རེད།
དེང་སང་གདན་ས་ཁག་ལ་དྲ་རྒྱའི་རེའི་ས་མིག་རེ་ཡོད་ནའང་། དེ་དག་ནི་ཚོང་ལས་སྡེ་ཚན་ཞིག་གི་ཁྱབ་བསྒྲགས་དྲ་བའི་ཚུགས་ཀ་ལས་ཆོས་ལུགས་ཤིག་གི་ནང་རྣམ་ཕར་ཞོག་ཐ་ན་ཕྱི་རྣམ་ཙམ་ཡང་མེད་དོ། །པར་ཁ་ཤས་དང་སྡེ་ཚན་འདི་སྐྱོ་རབས་མུག་རབས་དང་། འདི་ལ་ཞལ་འདེབས་ཕུལ་ན་གསོན་པོ་བྱ་བ་ལམ་ལ་འགྲོ་བ་དང་། འདས་པོ་བདེ་བ་ཅན་ལ་འགྲོ་རབས་ཀྱི་གསལ་བཤད་ཙམ་རེ་ལས་མེད་པ་དང་། དེ་ཡང་དབྱིན་ཡིག་གི་ནང་ལས་རང་གི་ཡུམ་སྐད་ནང་དུའང་མེད་དོ། །ཉེན་ཁ་འདི་དག་ལ་གཟིགས་ནས་༸གོང་ས་མཆོག་གིས་དགོན་པ་གྲྭ་ཚང་ཁག་ལ་ཚན་རིག་སྦྱོང་ཞེས་རྒྱུན་དུ་གསུངས་པ་དང་། རྒྱ་གར་གྱི་སློབ་གྲྭ་ཁག་ལ་ནང་ཆོས་ཀྱི་དགེ་རྒན་གཏོང་བའི་ལས་རིམ་ཞིག་བཙུགས་ཏེ་དགེ་རྒན་ཟབ་སྦྱོང་སྤྲོད་པ་དང་། དགེ་བཤེས་ཁག་ལ་རྒྱ་ཡིག་འཛིན་གྲྭ་འཛུགས་པ་སོགས་ཀྱི་ལས་རིམ་བང་བཅས་ནས་བསྒྲིགས་ཏེ་འགྲོ་སོང་ཕོན་ཆེན་པོ་གཏོང་གིན་ཡོད་ནའང་། གདན་ས་ཁག་གིས་༸གོང་ས་མཆོག་གི་ཐུགས་བཀོད་དེ་དག་ལ་མཐུན་རྐྱེན་སྒྲུབ་པ་ཕར་ཞོག་དབུ་སྐོར་གྱི་ལམ་ནས་འགྲོ་ཐབས་འདུག་ཐབས་བྱེད་ཀྱིན་ཡོད། ཡིན་ནའང་། དོན་དངོས་སུ་དབུ་ཕར་ཡན་གྱི་འཛིན་གྲྭ་ཁ་ཤས་ནང་ལ་མིང་ཙམ་གྱི་སློབ་ཚན་རེ་འཇོག་པ་དང་། ཅི་ཡང་མི་ཤེས་པའི་གྲྭ་བ་ཞག་མགོ་འགའ་ཤས་ཚན་རིག་འཛིན་གྲྭ་ཟེར་བའི་ནང་ཐོ་འགོད་རེ་བྱས་པ་ཙམ་དུ་ཟད་ཡོད་པས། ཚན་རིག་ནི་བླ་རྒན་ལོ་ལོན་རང་མིང་ལའང་ལྐུགས་པ་དེ་འདྲ་དག་གིས་ཟུར་སྦྱོང་བྱས་ནས་གླག་འཁེལ་བ་ཞིག་མིན་པར་མགོ་བསྡུས་གྲྭ་ནས་བཟུང་ཏེ་ཨང་རྩིས་དང་དབྱིན་ཡིག་གི་རྨང་གཞི་བསྐྲུན། དེ་ནས་རིམ་པར་སྦྱངས་ནས་ཡོང་དགོས་པ་ཞིག་ཡིན་ཏེ། ཐབས་རྩིས་མི་འདྲ་བ་སྟོང་ཕྲག་བརྒལ་བ་དང་། ཐ་ན་རྩ་རྫས་ཀྱི་གྲངས་ཚད་དང་ངོ་བོ་ཙམ་ངོས་འཛིན་པ་ལའང་རྩིས་རིག་དང་དབྱིན་ཡིག་གི་རྒྱུན་ཤེས་ཙམ་མེད་པར་ཅི་ཡང་ངོས་འཛིན་མི་ཐུབ་པས་སོ། ཚན་རིག་འཛིན་གྲྭ་འཛུགས་ནའང་བསྡུས་གྲྭ་ནས་བཟུང་འཛུགས་པ་དང་དེ་ལུགས་ཀྱི་ཞབས་བརྟན་གྲངས་བསོག་གི་རིགས་ཇེ་ཉུང་ལ་བཏང་སྟེ་སྦྱངས་པ་བྱས་ན་ད་གཟོད་སྤུས་ཀ་ཅན་དང་༸གོང་ས་མཆོག་གི་ཐུགས་རེ་བཞིན་ཡོང་སྲིད་པ་ཞིག་དང་། མི་གདམས་བསྲེས་བྱེད་ནའང་འཛིན་གྲྭ་རེ་རེའི་ནང་གི་དཔེ་ཆ་ཆེས་ཡག་ཤོས་དང་ལོ་གཞོན་ཤེས་དག་དམིགས་འཛུགས་ཀྱིས་གདམ་སྟེ་ཚོགས་དང་ཐབ་རིལ་སོགས་ལས་ཀ་ཐན་ཐུན་ཚང་མར་དམིགས་བསལ་སྤྲོད་དགོས་པ་ལས། ཐབས་རིལ་ཙམ་དང་སྒྲོལ་འདོན་ལྟ་བུའི་ཚོགས་སྐོར་རེ་ལ་དམིགས་བསལ་གྱི་མིང་ཙམ་བཏགས་ནས་ཚན་རིག་འཛིན་གྲྭ་བཙུགས་ཡོད་རབས་དང་དེ་དག་ལ་དམིགས་བསལ་ཡ་མཚན་བཏང་ཡོད་རབས་བཤད་དེ་བསྡད་ན་རང་མགོ་རང་གིས་གཡོགས་པ་དང་༸གོང་ས་མཆོག་ལ་དབུ་སྐོར་བཏང་བ་ཙམ་ལས་གཞན་དུ་འདའ་མེད་དོ། །དེ་བཞིན་རྒྱ་གར་གྱི་མཐོ་སློབ་ཁག་ལ་ནང་ཆོས་དགེ་རྒན་གཏོང་འཆར་གྱི་ལས་གཞིའི་འོག་ཟབ་སྦྱོང་ལ་བཏང་བ་དག་གི་ནང་དུའང་འགའ་རེ་ལས་བླུན་ནག་ཅི་ཡང་མི་ཤེས་པའི་བླ་རྒན་སྐོར་ཁག་ཅིག་གདམས་བསྲེས་ཀྱིས་བཏང་འདུག་པས། ངས་༸གོང་ས་མཆོག་སྙིང་རྗེ་ལྟ་བུའི་ངུ་ཚོར་ཞིག་ཤོར་སོང་། དེ་བཞིན་རྒྱ་ཡིག་ཆེད་སྦྱོང་གི་འཛིན་གྲྭར་བཏང་བའི་དགེ་བཤེས་ཚོའང་དེ་དེ་བཞིན་དུ་བཏང་འདུག་པས་གདན་སའི་ལས་ཀྱི་སྣེ་མོ་ཁ་ཤས་ཀྱིས་འཁྲབ་སྟོན་ནི་རྒྱ་ནག་ལས་ཀྱང་སྡུག་པའི་ཚོར་སྣང་འཇིགས་ཡེར་བ་ཞིག་བྱུང་ཞིང་། ལས་འཆར་ལ་ཁ་ནས་རྒྱབ་སྐྱོར་བྱེད་བཞིན་དུ་ངོ་བོ་ནུས་མེད་དུ་གཏོང་བ་ནི་ཆབ་སྲིད་ནང་གི་ཆེས་གཏིང་ནག་དང་ཕུགས་སྡུག་གི་ཆབ་སྲིད་དེ་ཡིན་པས་ངས་དབུ་དཀར་པོ་ཅན་གྱི་༸གོང་ས་མཆོག་སེམས་བསམ་པའི་གཏིང་ནས་སྙིང་རྗེ་སོང་། དོན་དངོས་ཀྱི་གདོང་བ་འདི་ལྟར་བསྟན་འོང་དུས་ལས་སྣེ་དེ་དག་གི་ལྷག་བསམ་རྨ་མེད་པ་དང་དད་དམ་དྭངས་ཤིང་གཙང་བའང་འགྲེལ་བཤད་རྒྱག་མི་ཤེས་པ་ཞིག་མ་རེད་དམ། ཨཱ། གནས་ལུགས་ཀྱི་ལྷ་མོ་ལགས།
སྤྱི་ལོ་ ༢༠༡༡ ལོའི་ཟླ་ ༠༤ ཚེས་ ༣༠ ཉིན།
གསལ་བཤད། རྩོམ་ཡིག་འདི་ནི་ན་ནིང་《དུས་ཀྱི་ངུར་སྨྲིག》རྩོམ་སྒྲིག་ཁང་གི་རེ་སྐུལ་ལྟར་བྲིས་ཤིང་ད་ལོའང་རྩོམ་ཡིག་འདིས་ཁ་གཏད་སའི་ནད་རོ་དེ་གསར་དུ་འབུས་ཀྱིན་པའི་རྣམ་པ་གང་སར་མངོན་གྱིན་འདུག་པས། རྩོམ་ཡིག་འདི་ཆེད་དུ་དྲ་ངོས་སུ་བཀོད་པ་ཡིན། ད་བར་རྩོམ་ཡིག་འདི་དྲ་བ་གང་དུའང་བཀོད་མེད།
བོན་རྒྱ་ལགས་གིས་བྲིས་རྩོམ་ཀློག་རྗེས་བསམ་ཚུལ་འདི་བཀག་ཀྱང་མ་ཁོག་པར་ཤོར་སོང་། སྤྱིར་སྟངས་དེང་རབས་འཕྲུལ་ཆས་འདི་བེད་སྤྱོད་ལེགས་བཏང་ན་ཁོར་ཡུག་ག་འདྲ་ཞིག་ཡིན་ཡང་དེ་ལ་དགེ་མཚན་ལས་མ་འདས་མོད་འོན་ཀྱང་། ང་ཚོས་ལྟ་བུ་ཤེས་རིག་གི་རྣམ་དཔྱོད་གྱི་སྟོང་པའི་གངས་ཅན་པའི་གཙུག་ཏུ་བཀུན་བཞིན་པའི་སེར་བོ་སྡེ་ཡིས་ནང་ན་འདི་དག་བེད་སྤྱོད་ལོག་པར་གཏོང་གིན་ཡོད་པ་གོས་ཐོས་བྱུང་། གལ་སྲིད་དངོས་གནས་དོན་ནས་དེ་འདྲ་ཞིག་ཡིན་ན་ང་ཚོ་སེར་མོ་བའི་སྡེ་ལ་ཐོབ་པ་ལས་ཤོར་བ་མང་དྲག་སྲིད་པའི་དེ་དག་མེད་པར་བཟོས་ན་ཡག་པར་འདོད།
ཡིན་ཡང་དེ་རིང་འོན་རྒྱལ་ལགས་ཀྱིས་ཆོས་ལུགས་གིས་དགེ་མཚན་མང་པོ་ཞིག་དེང་རབས་འཕྲུལ་ཆས་འདི་དག་དང་བསྡུར་ནས་ཆོས་ལ་ཟུར་ཟ་འམ་མ་འདོད་པའི་ཚིག་སྦྱོར་མང་པོ་འཕང་འདུག།
དོན་དངོས་བཤད་ན་ཆོས་ལུགས་གིས་མིའི་སྤྱི་ཚོགས་ལ་ཕན་པ་ལས་གནོད་པའི་ལས་ཚན་རིག་ལས་ལྷག་ཅིག་བཟོས་མེད་པ་དེ་ང་ཚོས་མིག་གིས་མཐོང་བཞིན་པ་འདི་རེད། ཚན་རིག་ཞེས་འབོད་པའི་རིག་གནས་འདིའི་མིའི་སྤྱི་ཚོགས་གཅིག་པོ་བརྡབ་ཟུག་བཟོས་བ་ཁོ་ན་མ་ཡིན་པར་ཁོར་ཡུག་དང་གནམ་གཤིེས་སོགས་མང་མང་པོ་ཞིག་ལ་བརྡབ་ཟུག་ཐེབས་དང་ཐེབས་བཞིན་ཡོད།
དེའི་རྐྱེན་ཀྱིས་ང་ཚོས་ཚན་རིག་དང་ཆོས་ལུགས་གཉིས་དགེ་པའི་ཆ་དེ་བཟུང་ནས་ལས་དོན་ཞིག་བསྒྲུབས་པ་ཡིན་ན་དེ་ལས་འབྲས་ཡང་བློ་ཡིད་ཚུམ་པ་ཞིག་ཡོངས་ཟེར།་དེ་མ་གཏོགས་རང་ཉིད་ཀྱི་གཅིག་ཀྱང་མ་མཐོང་མ།
ཨ་རོ་རེབ་ཐོག་མདའ། བསམ་འཆར་བཤད་ནོ་དགའ་གི་ཡོད་དཱ། ཞིབ་ལྟ་བྱས་མེད་ཚོད་རེད། ངས་ཚན་རིག་དང་ཆོས་ལུགས་གཉིས་ཀྱི་སུ་དགེ་གླེང་གི་མེད་ལ། ཟུར་ཟ་དང་མི་འདོད་པའང་བཤད་མེད་ཚོད་ཡིན། ངས་བཤད་ཡོད་པ་ནི་དེང་རབས་ལག་རྩལ། དེ་ལས་ཀྱང་བརྡ་འཕྲིན་གློག་གི་བརྒྱུད་ལམ་འདི་མ་བརྒྱུད་པར་དེང་སང་རིག་གནས་ཤིག་གསོན་ཐུབ་ཀི་མ་རེད། དེའི་ཕྱིར། བོད་ཀྱི་དགོན་པ་ཚོ་དང་རྒྱ་ནག་གིས་ཀྱང་བརྒྱུད་ལམ་དེ་བརྒྱུད་དགོས་པ་རེད་ཅེས་སུ་བརྗོད་པ་ལས་གཞན་ཞིག་བརྗོད་མེད་ཡཱ།
ད་བོན་རྒྱའི་ལྟ་བ་ཡང་ལོག་ཚར་འདུག སོ་སོར་སྤུ་ཐོག་ས་ལ་གཅིན་གཏོང་གི་འདུག་གཱ།
ངས་བལྟས་ན་སྒེར་གཅོད་རིང་ལུགས་པས་དྲ་རྒྱའི་ལམ་ཁ་འགོག་པ་ནི་སྒོར་དོན་དང་དགོན་པ་དང་གདན་ས་ཁག་གིས་དྲ་ལམ་འགོག་ཐབས་གནང་བ་ནི་སྤྱི་དོན་ཁོ་ན་ལས་མ་འདས་སྟེ།་་བན་རྒྱས་གཤིབ་བསྡུར་བྱས་པའི་དོན་ཚན་དག་ལས་ཤེས་ཐུབ།
༼དྲ་བའི་རིག་གནས་ལ་མ་བརྟེན་པར་འཇིག་རྟེན་འདི་རུ་རིག་གནས་ཤིག་འཚོ་སྡོད་མི་ཐུབ་པ་དེ། ང་ཚོས་མཐོང་ཡུལ་ན་ཡོད་པའི་ལེ་བྷེ་ཡའི་ནང་གི་སྲིད་དབང་སྒེར་འཛིན་པ་གྷ་ཌ་ཧེ་(Gaddafi)ཇི་ལྟར་རྡོག་སྒྲིལ་གཏོང་གིན་པ་དེས་གསལ་བཤད་ནུས་པ་ཞིག་རེད།༽
དྲ་བའི་རིག་གནས་ལ་རྒྱུས་མེད་མཁན་ང་ལྟ་བུ་ཞིག་ལ་གོང་གི་སྐད་ཆ་འདི་འདྲ་བ་བཤད་ཀྱང་ལན་པོ་མི་འདུག དྲ་བ་ཟེར་བའི་རླབས་འཕྲུལ་འདི་བེད་སྤྱོད་སྐོར་ནས་ཡིག་སྐུར་ཙམ་ལས་མི་ཤེས་ན། དྲ་བའི་རིག་གནས་ལ་མ་བརྟེན་པར་རིག་གནས་ཤིག་གནས་ཐུབ་མིན་བཤད་ཡོང་ན་ངོ་མ་ཞར་བས་ནམ་མཁའི་སྤྲིན་གྱི་རྒྱུ་ཕྱོགས་བཤད་པ་འདྲ་ཞིག་རེད་ཨང་སྙམ།
རྩོམ་ཡིག་ཆ་ཚང་བ་བཀླགས་ཡོད།
འདིར་ཞབས་མཆན་པ་གཉིས་ཀྱིས་བོན་རྒྱས་ཆོས་ལ་དམའ་ཕབ་འདུག་དང་ལྟ་བ་ལོག་འདུག་ཅེས་བཤད་འདུག ཡིན་ཡང་། ངས་རྩོམ་ཡིག་འདི་དྲ་བར་མ་བཀོད་པའི་སྔོན་ལ་ཐེངས་ཤིག་བཀླགས་པ་ཡིན། ངའི་ཤེས་ཚད་ཀྱིས་མ་འདང་བ་ཡིན་ན་མ་གཏོགས་ཆོས་ལ་སྨད་པའི་ཆ་ཞིག་དངོས་གནས་མི་འདུག ཁོས་ཆོས་ལུགས་གཞན་ལས་ལྷག་པའི་རང་རེའི་ཆོས་ལུགས་འདི་དྲ་བའི་རིག་གནས་འདི་དང་བསྟུན་ནས་འཛམ་གླིང་ལ་སིམ་དགོས་ཞེས་པ་དེ་རེད། དྲ་བའི་རིག་གནས་དང་ཁ་བྲལ་ན་ཆོས་ལུགས་ཀྱི་ལྡིང་ཚད་ཇེ་ཞན་དུ་འགྲོ་བ་སོགས་དུས་ཀྱི་བགྲོད་པ་དང་བསྟུན་དགོས་པའི་སྐུལ་མ་ཞིག་བྱས་པ་ལས་གཞན་མི་འདུག ཞོར་ནས་ཚན་རིག་འདི་བསྡུས་གྲྭ་སྦྱངས་དུས་ནས་སྦྱོང་དགོས་པའི་བསམ་ཚུལ་བཏོན་པ་ཞིག་མ་ཡིན་ནམ།
གཅན་བཟོད་རྒྱམ་ལགས་ཀྱིས་རྩོམ་ཡིག་ཆ་ཚང་བཀླགས་པར་ཐུགས་རྗེ་ཆེ་ར། དེ་དང་མཉམ་དུ་བསམ་གཞིག་ཆ་ཚང་ཞིག་གནང་རྒྱུའང་གལ་ཆེན་རེད། དེང་སང་རླངས་འཁོར་སྤ་སེ་ཉོ་ན། ཐ་ན་ཟ་ཁང་ནང་ནས་ཟ་མ་ཞིག་མངགས་ནའང་གློག་ཀླད་ཀྱི་སྐར་ཁུང་བརྒྱུད་དགོས་པའི་སྐབས་འདིར་གློག་ཀླད་ལ་རྣམ་རྟོག་ཟ་བའི་མིའི་ཚོགས་སྡེ་ཞིག་ཇི་ལྟར་གནས་དགོས་པ་རེད། གནས་སྟངས་ཡོད་པ་རེད་དམ་མ་རེད། རྒྱ་ནག་གིས་རྒྱ་ཡིག་གློག་ཀླད་ནང་འཇུག་པར་དཀའ་ལས་ཇི་འདྲ་བྱས་འདུག མ་ཆུགས་པར་སེམས་ཁྲལ་ཇི་འདྲ་བྱས་འདུག དེ་སོགས་ལ་འདང་ཞིག་བརྒྱབ་ན་ཆོས་ལུགས་པ་ཚོའང་གློག་ཀླད་དགོས་པ་སྨྲ་མ་དགོས་པ་རེད་ལ། ནང་ཆོས་ཀྱིས་ཀྱང་གློག་ཀླད་མ་བརྒྱུད་པར་གསོན་མི་ཐུབ་པ་གསལ་བོ་རེད་ལཱ།
དང་པོ་གཅན་བཟོད་རྒྱམ་རང་གིས་ཀྱང་ཁ་པར་དང་གློག་ཀླད་ཟླ་བ་གཅིག་ལ་མ་འཛིན་པར་འདང་ཞིག་རྒྱོབས་དང་། དེ་ནས་གྲྭ་རྐྱང་ཚོའི་སྡུག་བསྔལ་ཞིག་དྲན་ཡོང་གི་རེད། སྔོན་ཆད་དགེལྡན་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོ་ཞེས་པ་གསར་དུ་གཏན་འབེབ་བྱས་ནས་ལོ་གཅིག་མ་སོང་བའི་སྐབས། གྲྭ་ས་ཁག་ནས་གློག་ཀླད་དང་ཁ་པར་ལྟད་མོ་ཅན་བཀག་ནས་ལས་སྣ་ཚོ་སྨྱོ་ལ་བྱེད་ཅིང་། གྲྭ་རྐྱང་ཚོས་སྒོར་ཉིས་སྟོང་སུམ་སྟོང་གི་ཁ་པར་རྒྱ་གར་ཚོ་ལ་བཞི་བརྒྱ་ལྔ་བརྒྱ་བྱས་ནས་བཙོང་བའི་སྐབས་སུ། ང་གྲྭ་ཚང་ཞིག་གི་མཁན་རིན་པོ་ཆེའི་སྐུ་མདུན་ལ་བཅར་དུས། ཁ་པར་དཔར་ཆས་རང་འགྲིག་ཅན་གསར་བ་ཞིག་མདུན་ཅོག་སྟེང་ལ་འོད་ཀྱིག་གེ་བཞག་ནས་ཡོད་ཚུལ་གྱི་ཉམས་སྣང་དེ་ད་དུང་ངས་དྲན་གྱིན་འདུག་པས། གྲྭ་ཚང་ཁག་གི་སྒྲིག་ལམ་ཐན་ཐུན་དེ་ཚོའང་དོན་དངོས་ལ་གྲྭ་རྐྱང་གཉོམ་ཆུང་ཚོ་མནར་གཅོད་གཏོང་བྱེད་ཅིག་ལས་ཀུན་ལ་ཉེ་རིང་མེད་པར་ཁྱབ་པ་ཞིག་གཏན་ནས་མིན་པས། སྤྱིར་ན་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་དགོས་པར་མི་འདོད་མོད། དག་སྣང་ཟེར་བ་དེའང་གང་ས་ལ་དགོས་པ་ཞིག་གཏན་ནས་མིན་ཡཱ།
གྲོགས་འདྲེ་མྱེ་ནས་ངའི་འདྲེ་ལག་མ་ཐོན་སྔོན་ལ་གསལ་བཤད་གསལ་བོ་གནང་བར་ཐུགས་རྗེ་ཆེ།
ཡག་པོ་འདུག
ཡག་པོ་བྲིས་འདུག །དྲ་བའི་རིག་གནས་དེ་ཞར་ཞོར་གྱི་ལས་ཀ་ཞིག་རེད། ནང་བསྟན་སློབ་གཉེར་ལ་མཚོན་ན་གལ་ཆེན་པོ་ཅང་མ་རེད། ཟ་སྤྱད་འཐུང་སྤྱད་ཙམ་རེད། རྩེད་མོ་གཡེང་ས་ཞིག་རེད། མདོར་བསྡུས་ན་གློག་རྡུལ་གྱི་སྟབས་བདེ་ཡོ་ཆས་ཞིག་རེད། རིག་གནས་ཤིག་མ་རེད།
བོན་རྒྱས་བསམ་ཚུལ་དེ་ལ་དགག་བྱ་མེད།
བོན་རྒྱ། རང་གི་རིག་གཞུང་སྲོག་ལས་ཀྱང་གཅེས་ཞེས་པའི་དོན་དེ་ཡང་གོ་མི་འདུག མ་གཞི་བཤད་ཚད་ཆོས་ལུགས་རེད་ཟེར་མཁན་ནི་སྨྱོན་པ་རང་རེད། དེ་འདྲ་ཡིན་ན་ཁྱོད་ཀྱིས་གློག་ཀླད་ཆོས་ལུགས་ལས་ཀྱང་ལྷག་ཟེར་བ་དེ་ཡང་ཆོས་ལུགས་རེད། དེ་ཡང་ཆོ་མེད་པ་ཞིག་མ་རེད་དམ།
ཡག་པོ་བྲིས་འདུག ཡིན་ཡང་ཚོར་བ་དང་གཏན་ཚིགས་གཉིས་ལས་ཚོར་བ་ཤུགས་ཆེ་ཙམ་འདུག ངས་བལྟས་ན་བཀག་འགོག་བྱེད་མཁན་ཚོས་ནང་ཆོས་སློབ་སྦྱོང་དང་དམ་པའི་ཆོས་ཟེར་བ་གཉིས་ཁ་ལ་འཁྱེར་ནས་འགོག་བཞིན་པ་ཡིན་པས་སྐད་ཆ་དང་གནས་ལུགས་ཡོད་ན་དེའི་ཕྱོགས་སུ་འདྲེན་དགོས་པ་གལ་ཆེན་པོ་རེད་འདུག
ད་ལྟ་ཀློག་ཁོམ་མ་བྱུང་ཡང་དྲ་རྒྱ་བཀག་འགོག་བྱེད་མཁན་གྱི་ཚོགས་སྡེ་གང་ཞིག་ཡིན་ཡང་དགའ་བསུ་མེད། དེ་ནི་བོད་འདི་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཅིག་འཛུགས་བསྐྲུན་བྱེད་རྒྱུར་འགོག་རྐྱེན་འགྱུར་བས་ནམ་ཡང་ངོ་རྒོལ་ཡོད། དེང་གི་དུས་སུ་དྲ་རྒྱ་འཇིག་རྟེན་གྱི་ཡོ་བྱད་གལ་ཆེན་ཡིན་པས་དེ་ལ་བཀག་སྡོམ་བྱེད་པ་ནི་དེ་སྔོན་གྲྭ་སས་ལྷ་ས་རུ་དབྱིན་ཡིག་གི་སློབ་གྲྭ་བཀག་པ་དང་གཉིས་སུ་མ་མཆིས་པས་བོད་འདི་འགྱེད་ས་ནས་ཤི་སར་ཁྲིད་པའི་ལམ་བུ་ཞིག་རེད། གྲྭ་ས་ཁག་ནི་བོད་འདི་རྗེས་ལུས་སུ་ཁྲིད་མཁན་གྱི་ལྟེ་བོ་ཞིག་ཏུ་མི་འགྱུར་བ་སྨོན།
མགྱོགས་པོ་རྩོམ་ཡིག་འདི་ཀློག་རྒྱུ་ཡིན།
ཆ་ཚང་ཀློགས་ཐུབ་མ་སོང་ལས་བྲེལ་གི མ་གཞི་གནའ་ནས་ད་བར་དུ་ཆགས་ཆེན་ཉམ་ང་ཐམས་ཅད་གདན་འདྲེན་ཞུ་མཁན་སེར་འབྲས་དགའ་གསུམ་གཙོའི་པའི་སྒེར་གཅོད་རིང་ལུགས་པ་དེ་ཚོ་རེད། མཐའ་གཅིག་ཏུ་ངོ་རྒོལ་ཡོད།
གྲྭ་བ་ཚོས་ལྟ་མི་དགོས་འཁྲིག་སྤྱོད་བརྙན་ལ་བལྟས།།
གྲྭ་དཔོན་ཚོས་འགོག་མི་དགོས་དྲ་རྒྱ་གློག་ཀླད་བཀག །
ང་རང་ཚོས་སྒྲོག་མི་དགོས་དགོན་པའི་སྒྲིག་ཁྲིམས་བསྒྲོགས།།
ཡར་བཤད་ཀྱང་མར་བཤད་ཀྱང་བདེན་པ་ཚང་མར་ཡོད།།
ངེེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་བདག་གི་དྲིན་ཆེན་རྩ་བའི་བླ་མ་དམ་པ་རྗེ་བཙུན་ངག་དབང་ཕུན་ཚོགས་
སམ་བཀའ་དྲིན་གསུམ་ལྡན་གྱི་རྒན་ལམ་རིམ་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས།
དཔྱིད་ཀ་སོ་ནམ་པས་ཞིང་ཁ་བཏབ་པ་སོག་མ་དང་ཟན་པའི་ཆེད་དུ་མིན་ཡང་།
ས་བོན་བཏབ་ནས་འབྲུ་རིགས་འབྱུང་བས་ན། ཟན་པ་ཞར་ལ་འབད་མེད་ངང་གིས་འབྱུང་བ་ཆོས་ཉིད་ཡིན་ཞེས་གསུངས་པས། དོན་ནི་གཞུང་ཆེན་མོའི་སློབ་གཉེར་ལ་འབད་པ་ལྷོད་མེད་མཛད་ན་ཐུན་མོང་གི་རིག་གནས་རྣམས་
ངང་གིས་གོང་དུ་འཕེལ་བར་འགྱུར་རོ་ཞེས་པའི་དོན་ཡིན་པས། རི་་བོང་གནམ་སྡིབ་ཀྱི་སྡུག་བསྔལ་མི་དགོས་སོ་སྙམ།།
མཁས་གྲུབ་གཉིས་ལྡན་གྱི་དབང་པོ་གུང་ཐང་འཇམ་དཔལ་དབྱངས་ཀྱི་ཞལ་སྔ་ནས།
སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་ནས།།
རྩ་བ་བོར་ནས་ཡལ་ག་མ་འཛིན་ཨང་།
ཞེས་པའི་ཚིག་རྐང་དང་པོའི་སོགས་སྒྲའི་ནང་གང་གང་བཞག་ཆོག་གམ་བོན་རྒྱ་བསྟན་རབ་ལགས།།
འོན་རྒྱལ་ལགས་སྤྲོ་མ་ལངས་རོགས་དེ་རིང་ཞོགས་པ་ནང་དུ་འགྲོ་ཐུབ་ན་སོང་། ཁ་བྱང་ལ་ཅིག་བལྟས་ཏེ་བསམ་ཚུལ་ཞིག་བྲིས་ཡིན། དེ་དགོང་ཡང་བསྐྱར་ཡག་པོ་ཞིག་ཀློག་གིན་ཡིན།
གུང་ཐང་ཚིག་བཅད་དེ་འདྲི་རིགས་ཀྱིས་བོད་འདི་ཕུང་ལ་སྦྱར་བ་རེད། གུང་ཐང་བསྟན་སྒྲོན་གྱིས་ཚིག་བཅད་འདི་བོད་མི་རྣམས་བཅིང་བྱེད་ཀྱི་ལྕགས་སྒྲོག་དང་ཤོར་སྲོག་གཅོད་པའི་སྟ་རེ་ཡིན་པས་ཉེས་བ་ནམ་མཁའ་མི་ཤོངས།
འབའ་སྲས་ཀྱི་ཀླད་པ་རྙིང་པ་ཆགས་ཤིང་སྤྱི་ཚོགས་ལ་དགོས་མཁོ་སྐོང་བའི་ནུས་བ་མེད་པ་ཆགས་འདུག དེ་འདྲ་ལོས་ཡིན། ལོ་ཡིས་རེད།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས།
ཁྱེད་ཀྱི་གསུང་ནང་། “དེ་ཡང་དགག་སྒྲུབ་ཀྱིས་ཇི་ལྟར་བསྲེག་བཅད་བརྡར་གསུམ་བྱས་ན་དེ་བཞིན་གཟི་མདངས་འཕྱུར་བའི་བོད་ཀྱི་ནང་བ་སངས་རྒྱས་པ་དང་། ནང་བ་གཤེན་རབ་པའི་ཆོས་ལུགས་ལྟ་བུ་ཡིན།”ཞེས་པའི་གསུང་ལ་ཡང་བསྐྱར་དཔྱད་དགོས། ནང་པ་སངས་རྒྱས་པ་འཛམ་གླིང་ནང་རྒྱུ་མཚན་སྨྲ་བའི་ཆོས་ཅེས་ཁས་ལེན་བྱེད་མུས། ཡིན་ནའང་། བོན་ཆོས་འདི་འཛམ་གླིང་ནང་ཡོངས་ཁྱབ་ཧ་གོ་བའི་ཆོས་ལུགས་ཤིག་ཡིན་པ་ངས་མ་ཤེས། ལྷག་པར་དུ། བོན་ཆོས་ནང་ལ། སེམས་ཅན་ཁྲི་ཕྲག་དམར་གསོད་བཏང་ནས་མཆོད་པར་འབུལ་གྱི་ཡོད་པའི་ཡིག་ཆ་མང་པོ་ཞིག་བོད་ཀྱི་ལོ་རྒྱུས་ནང་འཁོད་འདུག འདི་ལྟ་བུའི་སེམས་ཅན་གསོན་པོ་དམར་མཆོད་འབུལ་སྲོལ་ཡོད་པའི་ཆོས་ལུགས་ཤིག་ལ་དགའ་སྒྲུབ་ཀྱིས་བསྲེག་བཅད་བརྡར་གསུམ་བྱས་པ་ཡིན་ཟེར་ན། སེམས་ཅན་འདི་ཚོ་སྙིང་མ་རྗེའམ། སྲོག་གཅོད་ཀྱི་ལས་སྤངས་བར་རྩོལ་བའི་ཆོས་ལུགས་གཞན་པ་ཚོས་ཇི་འདྲ་ཟེར།
དང་པོ། དགའ་སྒྲུབ་ཐོག་ནས། བོན་ཆོས་ཀྱིས་སེམས་ཅན་དམར་གསོད་གཏོང་བ་འདི་ཆོས་ལུགས་དང་མ་མཐུན་པ་ཡིན་པར་གསལ་བསྒྲགས་སྤེལ་དགོས་ཀྱི་འདུག
དགོན་པ་མེད་ན་བོད་པ་འཇིག་ལ་ཉེ།།
ཆོས་རྒྱལ་བོད་ཀྱི་རིག་གཞུང་གྲྭ་བས་བཟུང་།།
ཀ་ཁ་ག་ང་གྲྭ་བས་ངག་ཏུ་སྐྱོར།།
སུམ་རྟགས་དག་གསུམ་གྲྭ་བས་སློབ་ཁྲིད་བྱེད།།
སྔོན་བྱོན་མཁས་པའི་གཞུང་ལུགས་གྲྭ་བས་འཛིན།།
སྡེ་སྣོད་གསུམ་གྱི་འཆད་ཉན་གྲྭ་བས་བྱེད།།
བོད་ཀྱི་རྩ་དོན་འགག་རྩ་གྲྭ་བར་ཐུག།།
གྲྭ་བ་མེད་ན་བོད་པ་རྐང་གཅིག་མེད།།
གང་དགའ་གང་སྐྱིད་ཕྱོགས་སུ་འགྲོ་ངེས་རེད།།
སྒྲིག་ཁྲིམས་དམ་པས་དགོན་པ་གསོན་པོར་གནས།།
སྒྲིག་ཁྲིམས་མེད་པའི་དགོན་པ་འཐོར་ནས་ཐལ།།
དེ་མིན་དེང་དུས་བོད་ཀྱི་ན་གཞོན་དག།།
དད་པ་མེད་ལ་བོད་ཀྱི་འདུ་ཤེས་མེད།།
བོད་ཀྱི་རིག་གཞུང་གད་སྙིགས་འདུ་ཤེས་ཙམ།།
གང་ན་སྒོར་མོ་ཡོད་ན་དེ་རུ་རྒྱུགས།།
གང་ནས་མགོ་སེར་རེག་ན་དེ་རུ་རྒྱུག།།
དཀོན་མཆོག་ཚབ་ཏུ་མགོ་སེར་གཙུག་ཏུ་བཀུར།།
རང་གིས་རང་ཉིད་ཚོད་འཛིན་མ་ཐུབ་པར།།
ཉམ་ཆུང་གྲྭ་བ་ཚོ་ལ་ཁ་ངན་གཏོང་།།
རང་གིས་མི་སློབ་གཞན་ལ་སྡིགས་སྨོད་བྱེད།།
བོད་པའི་དྲི་མ་ཙམ་ཡང་མི་བྲོ་བའི།།
དེ་རིགས་ན་ནིང་དོ་ཚིགས་ཇེ་མང་རེད།།
བོན་རྒྱས་བཤད་པ་མང་པོ་ཞིག་བཙན་བྱོལ་སྤྱི་ཚོགས་འདིར་ངེས་པར་དགོས་པ་ཞིག་རེད། འོན་ཀྱང། ངས་འདིར་ཤོད་འདོད་པ་ནི་གདན་སའི་ལས་དོན་ཐད་ཁྱེད་ལ་ཇུས་གཏོགས་སྤུ་ཙམ་ཡང་མེད། སྔོན་མ་དགའ་ལྡན་ཕོ་བྲང་གི་དབུ་འཕང་དགུང་ལ་སྙེག་པའི་སྐབས་ནས་ད་ཆ་མཇུག་བསྡུས་པའི་བར་གྱི་གདན་ས་གསུམ་ནི་སུ་ལའང་བསྟུན་མི་དགོས་ཤིང་། སུ་ལའང་མི་སྐྲག་པ་ཞིག་ཡིན། དེར་བརྟེན་ཁྱོད་དང་ངས་ཇུས་གཏོགས་ཅི་ཡང་བྱེད་མི་དགོས་ཞེས་པ་དེ་ཡིན། གལ་ཏེ་ད་དུང་ཁྱེད་ཀྱིས་གདན་ས་བློས་མི་ཐོངས་ན། ལུས་ལ་ལྭ་དམར་ཁུ་ནུ་པ་ཚོས་གྱོན་པ་ལྟ་བུ་གོན་ཏེ། དགའ་ལྡན་བྱང་རྩེའི་ཉེ་འཁྲིས་སུ་སྡོད་དང་། དེ་གའི་དགེ་འདུན་པ་རྣམས་བྱམས་དང་སྙིང་རྗེའི་བདག་ཉིད་དུ་གྲུབ་པ་རྐྱང་ཡིན་པས། ཁྱེད་ཉིད་ཕྱིར་འབུད་བྱེད་མི་ཡོང་སྙམ།
དགེ་འདུན་སྡེ་འདི་བོད་ལ་བཀའ་དྲིན་ཆེ།།
དགེ་བའི་བཤེས་རྣམས་བོད་མིར་དྲིན་ཆེན་ཡིན།
གྲྭ་བ་ཟེར་ཚད་ཅི་ཡིན་ངས་མ་ཤེས།།
དྲ་ངོས་ཉུལ་བའི་གྲྭ་བ་གླེན་པ་མང་།།
བོན་བརྒྱའི་བསམ་ཚུལ་རག་རིམ་ཙམ་བཀླགས་པ་ཡིན། དོན་བསྡུས་ནས་བཤད་ན་རང་ཉིད་གྲྭ་ནས་ཕྱིར་འཕུད་དང་གནས་དབྱུང་བཏང་བའི་ན་ཟུག་གི་འཕྲོ་ཙམ་རེད། དགོན་པའི་མཁན་པོ་དང་ཕྱག་མཛོད་སོགས་དགོན་པའི་ཕྱི་འབྲེལ་འགན་འཁུར་བ་རྣམས་ཀྱིས་གློག་ཀླད་དང་ལག་འཁྱེར་ཁ་པར་ཁུར་ཆོག་ལ་ཁུར་ཡང་དགོས། འོན་ཀྱང་། གྲྭ་བ་གཞི་རིམ་སློབ་གཉེར་བ་རྣམས་ལ་མཚོན་ན་གནས་སྐབས་སློབ་སྦྱོང་གི་སྐབས་སུ་གློག་ཀླད་དང་དྲ་རྒྱའི་རིགས་བགེགས་དང་བར་ཆད་དུ་འགྲོ་བ་ཁྱོད་རང་གི་རྐང་རྗེས་སུ་ཕྱི་མིག་གིས་ལྟོས་དང་མཐོང་ཚད་ཡིན།
མགོ་སེར་མ་རེག་གྲྭ་བ་ཅི་ཙམ་ཞིག།
ཕྱི་ལ་མ་ཐོན་གྲྭ་བ་ཅི་ཙམ་ཞིག།
དངུལ་དངོས་མ་རེག་གྲྭ་བ་ཅི་ཙམ་ཞིག།
ཕོ་གཞོན་གཅིག་པུར་སྨད་པ་ཀྱེ་མ་ཧུད།།
གྲྭ་བའི་ཁ་ན་སྐྱ་བོ་མི་མཛེས་ཀྱང་།།
གྲྭ་བའི་ཐུགས་ལ་སྐྱ་བོ་ཤིན་ཏུ་མཛེས།།
ལྗེའུ་མི་རིགས་ཀྱིས་ཚན་རྩལ་ཡོ་ཆས་རྣམས་ཟ་སྤྱད་འཐུང་སྤྱད་ཙམ་མ་གཏོགས་རིག་གཞུང་ཞིག་ཏུ་མི་འདོད་པ་དེ་རླབས་ཆེན་རེད། ཁོ་ཚོ་ནི་ཨ་རིའི་ཚོང་བ་གྲགས་ཅན་དང་ཚན་རིག་ལག་རྩལ་ཧ་ཅང་མཁས་པོ་ཡོད་པར་མ་ཟད། གཞན་གྱི་རིག་གནས་ཤེས་ལ་རང་གི་རིག་གཞུང་ལ་མཁས་པ་དང་མི་རིགས་གཞན་ལ་ཆང་ས་མི་རྒྱག་པ། རང་གི་ཆོས་ལུགས་བརྩི་སྲུང་བྱེད་མཁན་ཁོང་ཚོ་ལ་རང་བཙན་ཐོབ་པ་རེད། དེ་མིན་རྒྱ་གར་སིག་མི་རིགས་ལྟ་བུ་ཡིན་ན་ཡང་རྒྱ་གར་ནང་ཚོང་བ་གྲགས་ཅན་དང་ལག་རྩལ་བ་གྲགས་ཅན། མཁས་པ་གྲགས་ཅན་ཁོ་ཚོ་ལ་ཡོད་པ་རེད། རང་གི་ཆོས་ལུགས་སྲོག་ལྟར་གཅེས་ཤིང་རང་གི་ཆོས་ལུགས་ལ་རྩ་ནས་ཁ་གཏོང་གི་མ་རེད། མཁས་དབང་ཟམ་གདོང་ཚང་གིས་ཚན་རིག་ཤེས་བྱ་ཞིག་ཡིན་རྒྱུ་རེད་དེ་རིག་གནས་ཤིག་མིན་གསུངས་པ་དེ་གོ་རྒྱུ་ཆེན་པོ་མི་འདུག་གམ། ཚན་རིག་གི་འཕྲུལ་ཆས་དེ་ཚོ་ཡོ་ཆས་ཤིག་ཡིན་དགོས་པ་ལས་རིག་གནས་ཤིག་མིན། སེམས་ཁམས་རིག་གནས་མིན།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས། གློག་ཀླད་ཟེར་པའི་ཚབ་ཏུ་རྩིས་འཕྲུལ་ཞེས་འབྲི་རོགས།
བལྟ་ཀློག་འགོ་ཚུགས་དུས་ནས་ཅི་ཞིག་བརྗོད་འདོད་ཡོད་མེད་ཤེས་བགྱི་ཡ། གང་ལྟར་དགེ་འདུན་པས་དེང་གི་ལག་རྩལ་དག་འབད་སྤྱད་རྒྱུའི་གོ་སྐབས་ཡོད་དགོས་ལ་གལ་ཆེ་ཡང་ཡིན། བསམ་དགོས་པ་ཞིག་ནི་གློག་ཀླད་ཡོད་པའི་དགེ་འདུན་པ་བརྒྱ་ཆ་དགུ་བཅུ་ཙམ་ནས་ཆགས་སྲེད་རིགས་ཀྱི་གློག་བརྙན་དང་ངོ་དེབ་བཅས་ལ་འབད་སྤྱོད་གཏོང་བ་ལས་ཚུལ་ལྡན་གནང་ལུགས་ཞིག་མི་འདུག་ དེ་རིགས་དེ་རྩ་མེད་བཟོས་སམ་འགྱུར་བ་གཏོང་དགོས་སམ། གང་དགའ་ཅི་ལེགས་ཞིག་གནང་དགོས་འདུག་ དགེ་འདུན་པར་བཀག་འགོག་གནང་བའང་རྒྱུ་མཚན་དེ་དག་ལ་ཐུག་པ་རེད། དེ་མིན་དགེ་འདུན་པས་ལོངས་སྤྱོད་ཆོག་མིན་བཤད་ཀྱིས་སྡོད་ན་གནས་སྐབས་སྟོང་བཤད་ཙམ་རེད་འདུག
མིག་བརྒྱད་པ་བདེན། བོན་རྒྱ་སོགས་ཁ་ཅིག་འཕྲུལ་ཆས་ལས་རིག་གཞུང་དང་ཆོས་ལུགས་མི་མཁོ་ཟེར་མཁན་དེ་ཚོ་ནི་རྒྱའི་ཁ་དཔེར་ཡོད་པའི་གྱང་སྟེང་གི་རྩ་རང་རེད།
བོན་རྒྱས་དྲང་མོར་བཤད་འདུག རྗེས་སུ་ཡི་རངས་དང་མངགས་བརྗོད་ཀྱི་རྒྱབ་སྐྱོར་ཡོད་ཐག་ཆོད་ཡིན།
ཡིན་ནའང་ད་ལྟ་སྤྱིར་དུས་རབས་ཉེར་གཅིག་པ་ཡིན་མོད།
ལུང་པ་ཁུག་སྐྱོག ཀླད་པ་ལྗང་ཁུ། རང་ལྟ་མཆོག་འཛིན། ཀླད་རྙིང་ཁྲེགས་བཟུང་བྱེད་མཁན་དེ་ཚོར་ད་ལྟའང་འདི་ལྟར་ཤོད་པའི་དུས་ལ་བབས་མེད་རེད། དཔེར་ན། ཨུ་རུ་སུ་དམངས་གཙོ་ཡིན་ཟེར་རུང། དམར་ཤོག་གི་དྲི་མ་ཤུགས་ཆེན་པོ་ཡོད་པ་ནང་བཞིན་རེད།
ལྷན་རྒྱས་སུམ་ཅུ་ལ། བཀའ་གནང་ཉེར་དགུ་མེད་རུང། བཀའ་གནང་ཉི་ཤུ་ཙམ་ཅིག་ད་ལྟའང་ཡོད་ཡོད་པ་རེད།
དེས་ན། དུས་ལ་ཅུང་བབས་མི་འདུག་དྲན། ཡིན་ནའང་ཉིན་ཅིག་ཁྱེད་ཀྱིས་བཤད་པ་དེ་ཚོར་རིན་ཐང་ཅན་གྱི་རྩོམ་ཞིག་དང་ཚད་མཐོ་བའི་བསམ་ཚུལ་ཡིན་པར་ཤེས་ངེས་རེད། གདན་ས་དེ་ཚོར་དྲ་རྒྱ་ད་ཕར་ཞོག་ ཆོས་རྒྱུད་ཆོས་ལུགས་གཞན་གྱི་དཔེ་ཆའང་བལྟ་ཆོག་གི་མ་རེད། གལ་ཏེ་ལྟས་ནས་རིག་པ་འཆལ་འགྲོ་གི་རེད་ཅེས་བཤད་ཀྱི་རེད། དོན་ངོ་མར་ངེད་ཚོས་བལྟ་རྒྱ་དང་མཐོང་རྒྱ་ཆེན་པོ་ཡོད་དགོས་ཟེར་བ་དེ་ཁ་ཙམ་ལས་ལག་ལེན་གྱི་སྟེང་དུ་འགྲོ་གི་མེད་པ་རེད།
བྱས་ཙང་ད་དུང་ལྗང་ཁུ་ཤུགས་ཆེན་པོ་རེད།
ཨ་ཁུ་བོན་རྒྱ་ལགས་ཁམས་བཟང་། ངོ་མ་ཡག་པོ་བྲིས་འདུག་བསམ་ཐལ། ཡིན་ནང་མཆན་ཨང་༡༣ པས་ཟུར་ཞིག་གླེང་ནས་བཞག་འདུག་པ་སྟེ་༼ནང་ཆོས་སློབ་སྦྱོང་གི་ངོས་ཐད་དང་། དམ་པའི་ཆོས་ཉམས་སུ་ལེན་པའི་ངོས་ཐད་༽གཉིས་ནས་བསམ་བློ་བཏང་ན་ཏན་ཏན་བསམ་གཞིག་བྱ་ས་ཞིག་འདུག་བསམ་སོང་། ལར་བམ་ཀློག་ཐེངས་ཤིག་བྱས་པ་ལས་
ཨ་ཁུ་བོན་རྒྱ་ལགས་ཁམས་བཟང་། ངོ་མ་ཡག་པོ་བྲིས་འདུག་བསམ་ཐལ། ཡིན་ནང་མཆན་ཨང་༡༣ པས་ཟུར་ཞིག་གླེང་ནས་བཞག་འདུག་པ་སྟེ་༼ནང་ཆོས་སློབ་སྦྱོང་གི་ངོས་ཐད་དང་། དམ་པའི་ཆོས་ཉམས་སུ་ལེན་པའི་ངོས་ཐད་༽གཉིས་ནས་བསམ་བློ་བཏང་ན་ཏན་ཏན་བསམ་གཞིག་བྱ་ས་ཞིག་འདུག་བསམ་སོང་། ལར་བམ་ཀློག་ཐེངས་ཤིག་བྱས་པ་ལས་སྨྱོན་པ་ཆགས་གྲུབ ཆགས་གྲབས་དང་། ཐབ་རིལ ཐབ་རེས། མིན་ནམ་བཀའ་འདྲི་ཞུས་པ་དང་།
༸གོང་ས་མཆོག་སེམས་བསམ་པའི་གཏིང་ནས་ ༸གོང་ས་མཆོག་ལ་སེམས་བསམ་པའི་གཏིང་ནས་ཞེས་པའི་ལ་སྒྲ་ཆད་པ་མིན་ནམ་སྙམ་གྱིན་གུས་ཕུལ།
མི་རྟག་དྲན་སྐུལ།
ཀྭ་ཡེ་ལེ་ལོ་ལང་ཤོར་མ་སོང་བར།།ཁ་ཙམ་མིན་པའི་མི་རྟག་དྲན་སྐུལ་བྱ།།ག་ནས་བསྡད་ཀྱང་འཆི་བདག་བདུད་པོ་ཡིས།།ང་དང་གྲོགས་ཁྱོད་ཐར་བར་མི་གཏོང་ངོ་།།ཅ་ཅོ་བག་མེད་སྤྲང་པོའི་སྟོང་འདང་གིས།།ཆ་ལུགས་ཉི་མ་འཕུད་ཐབས་བྱེད་པ་འདི།།ཇ་ཡུན་ཙམ་ལ་སྡོད་པའི་དབང་མེད་པས།།ཉ་ཉོག་སྟོང་བར་ཟད་པའི་ལོ་རྒྱུས་ཡིན།།ཏཱ་ཐ་གཱ་ཏའི་གཞུང་ལ་མ་འགྲིམས་པར།།ཐ་མལ་རང་སེམས་བསླུས་བ་མ་ཤེས་པས།།ད་ལྟའི་ཡོ་ལང་གློག་གི་འཕྲུལ་འཁོར་གྱིས།།ན་ཚོད་སྟོང་ཟད་བྱེད་པ་ཡུན་གྱིས་ཚོར།།པ་སངས་ལྟ་བུའི་རབ་དཀར་སེམས་གཏིང་ནས།།ཕ་རོལ་དོན་ཆེན་སྒྲུབ་པའི་སེམས་དཔའ་ལ།།བ་ལང་ལྟ་བུ་འདུ་ཤེས་དམན་པ་ཡིས།།མ་རིག་ཁྱད་གསོད་བྱེད་པ་ཡིད་རེ་སྐྱོ།།ཙ་ན་ཀ་ཡི་ཟས་སོགས་ངན་ངོན་ཙམ།།ཚ་གྲང་མྱོང་མཁན་ཀུན་ལ་ཁྱད་མེད་ཀྱང་།།ཛ་ལང་སྤྱོད་པ་བདག་དོན་ཁོ་ནའི་ཆེད།།ཝ་ལེར་བསམ་ན་ཡིད་སེམས་གཏིང་ནས་འཕྱོ།།ཞྭ་སེར་མཁན་པོས་བྲག་ཕུག་སྐམ་པོ་ནས།།ཟ་རྒྱུ་འཐུང་རྒྱུ་ཙམ་ལ་མ་ཞེན་པར།།འ་ཅག་སྐྱེ་འགྲོ་ཡོངས་ལ་སྨན་སླད་དུ།།ཡ་མཚར་ཆེ་བའི་གདམས་ངག་གྲུ་ཆར་ཕབ།།ར་རིའི་བློ་དང་བྲལ་བའི་བཤེས་གཉེན་རྣམས།།ལ་ལུང་ངེས་མེད་མི་མེད་རི་ཁྲོད་དུ།།ཤ་མཆོག་སྙིང་གི་གུར་ཁང་ར་བ་ནས།།ས་ལམ་འདྲེན་པའི་བྱང་ཆུབ་ལམ་རིམ་སྒོམ།།ཧ་ལེ་ཧོ་ལེའི་ངང་དུ་མ་སོང་བར།།ཨ་མྲི་ཏ་ཡི་བདུད་རྩིའི་དཔལ་འདོད་ན།།ཧ་ལམ་བདེན་བཞིའི་མི་རྟག་སྒོམ་པ་ནི།།ཨ་དོན་སྐྱེ་མེད་རྟོགས་པའི་ཆེད་དུ་ཡིན།།
བུ་བླ་ཆོས་ལ་ཤེས་འཇོན་གྱི་ཆ་རེ་ཡོད་ཚེ། ཕ་སྲིད་པའི་བོན་ཆོས་ལ་སྨད་པར་མི་འོས་ཏེ་བུ་ཕའི་ཁམས་ལ་ལ་བརྟེན་ནས་འཛམ་གླིང་འདིར་ནར་སོན་བྱུང་བའི་ཕྱིར་རོ། དེ་མིན་འཇིག་རྟེན་གྱི་བཟང་སྤྱོད་དང་འགལ་བའི་ཕྱིར་རོ། བླ་ཆོས་སྡེ་འཛིན་པའི་ལུགས་ལ་འགྲོ་བ་གཞན་ལྟ་ཅི། རྒྱལ་གྱི་སྐུ་གླུད་དུ་མི་གསོན་དུར་དུ་བཅུག་པའི་ཆོས་ཀྱི་བྱེད་སྒོ་ཡོད་པ་དེ་ཡང་ཁྱོད་ལུགས་ཀྱི་ལོ་རྒྱུས་མཁན་པོའི་གསུང་པོད་དུ་གསལ་བའི་ཕྱིར། རང་སྐྱོན་གང་ཡང་མ་མཐོང་བར་གཞན་ལ་སྙད་འདོགས་པ་ནི་བླུན་རྟགས་ནང་ནས་ཆེས་ཐ་ཆལ་བ་རེད།
དགོན་པའི་ནང་ལ་གློག་ཀླད་འགོག་ན་ཇི་ལྟར་འགོག་རྒྱུ་ཡིན་ནམ། ཉིན་མཚན་མེད་པར་གྲྭ་ཤག་ཏུ་འཛུལ་ནས་བསྔོག་བཤེར་བྱེད་རྒྱུ་ཡིན་ནམ། དེ་ལྟར་བྱེད་ན་དགོན་སྡེ་ཆེན་པོ་རེ་ལ་ཉུང་མཐའ་ཞིབ་བཤེར་བྱེད་མཁན་བརྒྱ་བསྐོར་རེ་དགོས། རིག་གནས་གསར་བརྗེ་ལྟ་བུའི་ལས་འགུལ་ཞིག་མ་སྤེལ་ན་འགོག་ཐུབ་པའི་རེ་བ་ཞིག་ཡོད་རྒྱུ་མ་རེད། ད་ལྟ་གྲྭ་བ་བརྒྱ་ཆ་ལྔ་བཅུ་ལས་བརྒལ་བའི་གློག་ཀླད་བེད་སྤྱོད་བྱེད་ཀྱིན་འདུག་པས་ཡང་མིན་ན་དེང་རབས་འཕྲུལ་རིགས་བེད་སྤྱོད་བྱེད་འདོད་ཡོད་མཁན་རྣམས་ལོགས་སུ་ཐོན་ཏེ། དགོན་པ་གསར་བ་ཞིག་བཙུག་ན་བཟང་རྒྱུ་རེད།
ཨ་མྱེས་རྡོ་རྗེ་ཚང་གིས་བྱིས་པ་རྣམས་ལ་ཡ་རབས་སྤྱོད་བཟང་གི་ཆེད་དུ་རྩེད་ཆས་མང་པོ་ཉོ་མི་ཆོག་པའི་བཀག་རྒྱ་བྱས། གཟའ་མི་ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་ལེགས་སོ་ཞུས། འོན་ཀྱང་ཁ་སྐུབས་གང་ལ་ཡང་བདག་པོ་མི་ཐུབ་པར་ཁྱིམ་ནས་ཕུད་ཟིན་པའི་མནའ་མ་ཁ་ངན་མས། སྒོ་ཡི་ཕྱི་རོལ་ནས་འགྲིག་གི་མི་འདུག་ཟེར་ནས་སྐད་བརྒྱབ། ཁོ་ཚང་གི་བུ་ཆེ་བས་མནའ་མ་ཁ་ངན་མ་འདི་ཁྱིམ་ཚང་ནས་གཏན་ཕུད་བྱས་ཟིན་ནའང་ད་དུང་ཁྱིམ་ཚང་གི་ཞི་བདེ་དཀྲུགས་ཀྱི་འདུག་པས་ཉེན་རྟོགས་པར་སྐད་བཏང་ན་ཞེས་ཟེར། ཨ་མྱེས་རྡོ་རྗེས་ཉེན་རྟོག་པ་སྐད་བཏང་ནས་གང་བྱེད། མོ་རང་སྙིང་རྗེ། དེ་ལས་མོ་རང་ལ་ཟས་སྐལ་ཅུང་ཟད་སྦྱིན་པ་བཏང་ནས་ཁུ་སུམ་མེར་བཞག་ཞོག་ཞེས་ཐག་བཅད་དོ།
མཆན་པ་ཁ་ཤས་ལ། གདན་ས་གསུམ་གྱིས་གློག་ཀླད་བེད་སྤྱོད་བཏང་མི་ཆོག་པའི་ཁྲིམས་བཟོས་ནའང་། དེ་བོད་འབངས་ཐམས་ཅད་ལ་བཟོས་པ་མ་རེད། བོད་འབངས་ཡོངས་ལ་གནོད་དོག་ཡོད་པ་མ་རེད། གདན་སར་སློབ་གཉེར་ལ་ཕེབས་མཁན་རྣམས་ལ་སློབ་གཉེར་རིང་གི་སྒྲིག་ཁྲིམས་ཙམ་རེད།
གློག་ཀླད་འཕྲུལ་ཆས་གཏན་འགོག་བྱེད་པ་དང་། །
ཚན་རིག་སློབ་ཁྲིད་འཛིན་གྲྭ་གཉེར་བ་འགལ། །
འགལ་བ་རྟགས་མ་གྲུབ་ལོ།
གློག་ཀླད་ཀྱིས་ཉེས་སྐྱོན་དང་ཕན་ཡོན་གཉིས་ཀྱི་ཡང་ལྗིད་ཀི་ལོ་ལ་བསྐྱག་ན་ཡག་ཤོས་རེད།
དེ་མིན་ཐག་ཆོད་ས་མ་རེད།
མ་གཞི་ནས་བཏངས་འཛིན་བྱེད་ཐུབ་མཁན་དང་རང་ཉིད་ལ་རང་ཉིད་ཀྱིས་དབང་བསྒྱུར་བྱེད་ཐུབ་མཁན་ཞིག་གི་ངོས་ནས་བཤད་ན་ཕན་ཡོན་ཆེ། རང་ཉིད་ལ་རང་ཉིད་ཀྱིས་དབང་བསྒྱུར་མི་ནུས་ཤིང་གཞན་དབང་ཁོ་ནའི་དབང་དུ་སོང་མཁན་ཆུ་སྣ་གར་འཁྲིད་ཅིག་ལ་ཆ་བཞག་ན་ཉེས་སྐྱོན་ཤིན་ཏུ་ནས་ཆེ།
ལས་འབྲས་དང་རྒྱུ་འབྲས་ཀྱི་རྣམ་གཞག་ལ་བརྩིགས་མཐོང་བྱེད་མཁན་ཞིག་ལ་ཕན་པ་ཆེ། དེ་ལྟར་མི་བརྩི་མཁན་ཞིག་ལ་གནོད་ཚབ་ཤིན་ཏུ་ནས་ཆེ།
འགལ་མི་འགལ་ཉིན་མ་ཁྱོལ་རོགས་རེད།
དང་པོ་ང་ཚོར་གྲྭ་སར་གློད་ཀླད་འགོག་དགོས་པའི་རྒྱུ་མཚན་ངེས་དགོས་པ་རེད། གྲྭ་སར་གློག་ཀླད་འགོག་དགོས་པའི་ཁྲིམས་དེ་ནམ་ཐོན་པ་དང། ཚུལ་ཅི་ལྟར་ཐོན་པ། རྒྱུ་མཚན་གང་གི་ཆེད་དུ་ཐོན་པ། དུས་ཡུན་ཅི་ཙམ་བར་གནས་མིན། ཁྲིམས་ཀྱིས་ཁྱབ་ཡུལ་གང་ཡིན་མིན་བཅས་ངེས་དགོས་པ་རེད། ང་ཚོ་ཚང་མ་འཛམ་གླིང་ཤར་ནུབ་དུ་ཕེབས་མྱོང་མཁན། གནའ་རབས་དང་དེང་རབས་ཞེས་བཤད་སྡོད་མཁན་ཤ་སྟག་ཡིན་སྟབས། དམིགས་བསལ་ནང་དོན་རིག་གནས་མ་འོངས་པར་གནས་དང་མ་གནས་ལ་ཐུག་པའི་ལམ་ཁ་ཡང་དག་པ་ཞིག་གྲྭ་ས་གྲྭ་ཚང་ནས་མ་མཐོང་བ་ཨེ་སྲིད། མཁན་པོས་མ་གཟིགས་ན་ཕྱག་མཛོད་དག་གིས་ལོས་གཟིགས། ཕྱག་མཛོད་ཀྱིས་མ་གཟིགས་ན་དཔེ་ཁྲིད་དགེ་རྒན་དག་གིས་ལོས་གཟིགས། སྤྱིར་བཏང་རག་བཤད་བྱས་ན་རག་པ་རེད་མ་གཏོགས། མཁན་ལས་སྣེ་སུ་འདྲ་ཞིག་གི་སྐབས་སུའང་བསྟན་པ་སྤྱི་དང་སྒོས་སུ་དགོན་པ་གྲྭ་ཚང་སོ་སོའི་མདུན་ལམ་ལ་ཐུག་ཡོད་ཙང། ཁྲིམས་བྱེའུ་སྟུག་འདྲ་བོ་ཞིག་བཟོ་ནའང། བསམ་ཞིབ་གོ་བསྡུར། ཐ་ན་མཐོ་སའི་མཐོ་ས་ཚུན་ཆུད་དུ་ལམ་སྟོན་ཞུ་བཞིན་པའི་གནས་ཚུལ་གོ་མྱོང། དེ་ནས་འདུལ་ཁྲིམས་ཕུད། དགེ་འདུན་ནང་ཁྲིམས་ཟེར་བ་སོགས་གྲྭ་ས་སོ་སོར་རང་རང་གི་ཕྱག་བསྟར་ཞུ་བཞིན་པའི་སྲོལ་རྒྱུན་མང་པོ་ཡོད་ས་རེད། དེ་རྣམས་ཚུལ་ཅི་ལྟར་གནས་དགོས་དང་མ་དགོས་བཅས་པ་མང་པོ་ཞིག་ཡོད་སྟབས། ང་ཚོ་སྐྱ་བོ་ཚོས་ངེས་པར་དུ་འདི་རིགས་ཐད་སྐད་ཆ་བཤད་དུས་རྒྱུས་ལོན་མ་བྱས་ཚེ་ཧམ་བཤད་ལོག་བཤད་ཀྱི་གནས་སུ་འགྲོ་རྒྱུ་ངེས་པ་རེད།
དེ་ནས། གྲྭ་ཚང་སོ་སོའི་གློག་ཀླད་ཁང་སྒོ་རྒྱག་རྒྱུ་རེད་དམ། གློག་ཀླད་ཤག་ནས་མི་རེ་ངོ་རེས་ཉར་ཆོག་དང་མ་ཆོག་གི་སྐད་ཆ་རེད་དམ། དེ་གཉིས་ལ་ཅུང་ཁྱད་པར་འདུག་བསམས། སྔོན་མར་༧གོང་ས་མཆོག་གིས་སེ་ར་ཡིན་པ་ཡོད། གྲྭ་བ་ཚོས་ཡིན་ཅིག་མིན་གཅིག་བོད་དོན་གསར་འགྱུར་གྱིས་མཚོན་ཆབ་སྲིད་སྐོར་ལ་དོ་སྣང་གནང་དགོས་ཀྱི་འདུག་ཅེས་བཀའ་ཕེབས་པ་རེད། དེ་བཞིན་ཚན་རིག་ཡོད་པ་རེད། འདི་ཚོའི་རིགས་འདི་ལ་དངོས་གནས་དཔེ་མཛོད་ཁང་ཚད་དང་ལྡན་པ་ཞིག་དགོས་ཀྱི་རེད་བསམས། སོ་སོས་ཟུར་སྦྱོང་དང་ལྟ་ཀློག་གི་རིམ་པ་དཔེ་མཛོད་ཁང་དེ་ག་རང་ནས་འགྲོ་ཐུབ་པ་ཡིན་ན། དཔེར་ན་ཕྱི་རྒྱལ་གྱི་གཙུག་ལག་སློབ་གཉེར་ཁང་དེ་ཚོའི་དཔེ་མཛོད་ཁང་ལ་དཔེ་བླངས་ནས། ལྷ་སྐུ་འདུ་ཁང་དེ་འདྲ་རྫིག་པོ་བཞེངས་པ་ལས་དཔེ་མཛོད་ཁང་ཚན་ལྡན་རྒྱ་གར་གཞུང་ལའང་ཡོད་མེད་ཐེ་ཚོམ་ཡིན་པ་གཅིག་རྒྱབ་ན། དེ་ནས་འདུ་ཁང་༧གོང་ས་མཆོག་གི་གཙུག་ལག་ཁང་ལྟ་བུ་ཞིག་དང། ཆོས་རྭ་རྒྱ་ཆེན་པོ་ཞིག་ཡོད་ན་གཞན་ག་རེ་དགོས་ཀྱི་རེད་དམ། གང་ལྟར། ངས་བལྟས་ན་གྲྭ་ས་གྲྭ་ཚང་ཡིན་ན་འདྲ། ཆོས་བརྒྱུད་ཁག་ཡིན་ན་འདྲ། བླ་ཆེན་མཁན་ལས་སྣེ་ཚོའི་ཚོགས་འདུ་ཙམ་མིན་པར། དངོས་གནས་ཁམས་ཚན་རེ་རེ་དང་ཡང་ན་འཛིན་གྲྭ་རེ་རེའི་བསམ་ཚུལ་ཐོན་ཐུབ་པའི་འཐུས་མི་ཚང་འཛོམས་ཐོག སྐབས་དུས་གནད་འགག་གི་སྐབས་སུ་ཡིན་ན་འདྲ། ཡང་ན་དམིགས་བསལ་ཅན་གྱི་གནས་བབ་འོག་ཚོགས་ཆེན་དེ་འདྲ་སྐོང་ཐུབ་ན་ཕན་གི་རེད་བསམས། བླ་ཆེན་དང་མཁན་ལས་སྣེའི་བསྟན་པར་སྲི་ཞུ་སྒྲུབ་སྟངས་གྲྭ་བ་གྲྭ་རྐྱང་གིས་ཤེས་ཆོག་གི་རེད་ལ། ཤེས་རྒྱུའི་ཐོབ་ཐང་ཡོད་པ་རེད། དེ་བཞིན་གྲྭ་བ་གྲྭ་རྐྱང་གི་གནས་ཚུལ་བླ་ཆེན་མཁན་ལས་སྣེ་ཚོར་ཤེས་དགོས་རྒྱུའི་ཐོབ་ཐང་དང་འགན་ཡོད་སྟབས། ལམ་ཁ་དེ་འདྲ་ཞིག་བསྟན་ན་ཡག་པོ་མེད་འགྲོ། དེ་མིན་རྒྱུས་ཡོད་མཁན་ཡིན་ན་འདྲ་མིན་ན་འདྲ། གང་ལྟར་ཅིག་བཤད་བསྡད། དེ་སྤྱི་ཚོགས་ནང་གསལ་བོ་མ་ཆགས་པ་བྱས། གང་འཚམས་ཤིག་ནས་བསྟན་པ་སྤྱི་ལ་བརྩི་བཀུར་ཉམས་ཆགས་འགྲོ་སྲིད་སྟབས། མེ་ཆུང་ཆུང་ཡིན་དུས་བསད་བཞག་ན། ཁོ་རང་ཉོག་དྲ་གེ་ཡོད་པ་མ་རེད་པཱ། བསམ་ཚུལ་ཙམ་ཡིན།།།
རང་གི་སེམས་འདུལ་མ་ཐུབ་ན་བཙུན་གཟུགས་འཆང་བ་ཙམ་གྱིས་བསྟན་པའི་རྒྱུན་སྐྱོང་ཐུབ་རེ་སྐན། གནད་འགག་གི་སྡོམ་པ་དེ་སེམས་ལ་རག་ལས་པས། སེམས་སྡོམ་སྲུང་བའི་གདེངས་ཡོད་ན་དེང་རབ་འཕྲུལ་ཆས་ལག་ཏུ་འཆང་ཡང་ལུས་སེམས་ཀྱི་སྡོམ་པ་མི་ཤོར་བ་དང་དགེ་བ་འཕེལ་བའི་གྲོགས་སུ་འགྲོ་བ་མ་ཟད། གཞན་སུས་ཀྱང་མི་མཐོང་ས་ནས་བུ་མོ་མཛེས་མ་ཞིག་གཅེར་བུར་འོང་ནས་འཁྲིག་སྦྱོར་གྱི་རྣམ་འགྱུར་ཅི་རིགས་བསྟནད་ཀྱང་སྡོམ་པ་མི་ཤོར་བ་ཁོ་ཐག་ཡིན། སེམས་སྡོམ་སྲུང་བའི་གདེངས་མེད་ན། དང་པོ་དེང་རབས་བརྡ་འཕྲིན་གྱི་ལག་ཆ་ལས་འཁྲིག་སྦྱོར་གློག་བརྙན་ལ་བལྟ་བ་དང་ལུས་ངག་གི་མི་དགེ་བ་སྤེལ། དེ་ནས་ཁྱིམ་པ་ཚོ་དང་དབྱེ་བ་མེད་པར་ཆགས། ཐ་མར་བུད་མེད་ལ་ཞོན་པར་ཐེ་ཚོམ་གང་ན་ཡོད།
བོད་ཀྱི་དགོན་པའི་བཙུན་པ་ཕོ་མོ་ལ་ནང་ཆོས་སྤྲོད་སྟངས་དེ་ནི་གནའ་སྔོ་མོའི་དུས་སུ་ཕན་ཐོགས་ཀྱང་། ད་ལྟ་ནུས་པ་ཤོར་ནས་ཉེན་ཁར་འཕྲད། དུས་རབས་གསར་བའི་ཁོར་ཡུག་དང་མཐུན་པའི་དགོན་པའི་ཁྲིམས་དང་སྒྲིག་གཞི་ཞིག་མེད་ན། གནའ་སྲོལ་ཨུ་ཚུགས་མཁྲེགས་བཟུང་བྱས་པས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དཀའ་བ་མ་ཡིན་ནམ།
ཉིན་རེའི་འཚོ་བར་དཀའ་ངལ་མ་འཕྲད་ཙམ་གྱིས་ཞེ་བོ་ཡིན་བསམས་ནས་སྟོང་ལབ་རྒྱག་མཁན་གྱི་རིགས་ལ་རྒྱུ་མཚན་དང་གནས་ལུགས་ཀྱིས་ལན་འདེབས་ཅི་ཙམ་བྱས་ཀྱང་ཕན་ཐོགས་མེད་ངེས་ཡིན། རྒྱུ་མཚན་ནི། ཁོ་ཚོར་དགོས་རྒྱུ་གནས་ལུགས་དང་རྒྱུ་མཚན་མིན་པར་གཞན་པའི་དོ་སྣང་ཙམ་རེད། གཞན་པའི་དོ་སྣང་སླེབས་ཕྱིན་རང་གི་སྐད་ཆ་ལ་གནས་ལུགས་ཡོད་མེད་དང་མཇུག་འབྲས་ཡག་ཉེས་ཅི་འབྱུང་བསམ་བློ་གཏོང་ཐུབ་པའི་སྤོབས་པ་དང་ལྷག་བསམ་གཉིས་ཀ་མེད།
ངའི་རེ་བ་ཀླུ་མཁར་བྱམས་དང་འདི་རིགས་ལུང་པ་གཅིག་ལ་དེད་ནས་ཁེར་རྐྱང་དུ་ཕུད་བཞག་ན་ཡག་གི་རེད། དེ་མིན་གླེང་སློང་བྱས་པས་ཕན་ཐོགས་གང་ཡང་མེད།
བོན་རྒྱ་བས་དཀའ་ལས་བརྒྱབ་འདུག བསམ་བློ་བཏང་འདུག ངོ་མ་ཡག་པོ་རེད། ཐག་གཅོད་བྱེད་མཁན་ལ་དུས་ཀྱི་འགྱུར་བ་ཞིག་ཡོང་གི་རེད། ལོ་མང་པོ་འགོར་གྱི་མ་རེད། དེ་དུས་ཁྱོད་ཀྱི་རྩོམ་ཡིག་འདི་ལ་རིན་ཐང་འཇོག་མཁན་ཅིག་ཡོང་གི་རེད།
དེང་རབས་ཀྱི་ཤེས་ཡོན་འགོག་མཁན་དང་། གློག་ཀླད་འགོག་མཁན། མཁྲེགས་འཛིན་པ་ཚང་མ་ལོ་རྒྱུས་ཀྱི་ནག་ཆེན་ཆགས་ངེས་རེད།
མུ་མཐུད་དུ་ཕྲིས་ཤིག
བོན་རྒྱ་བསྟན་རབ་འདིས་ཅི་ཞིག་འདོད་ཀྱིན་ཡོད་པ་ངས་མ་ཤེས་ཀྱང་། ཁོ་རང་དོན་མ་གྲུབ་པར་འཁོན་སེམས་དང་གཞན་ལ་ཕྲག་དོག་བྱེད་མཁན་ཞིག་ཡིན་པ་ངས་ཤེས་ཡོད། ཁོ་མིང་ལ་དགའ་ཞིང་། མིང་གི་དོན་ལ་འབད་པ་བསྟེན་ཡང་དོན་མ་གྲུབ་པ་ཞིག་ཡིན་པ་ངས་གོ་མྱོང་། ཁོ་རང་ད་དུང་དགོན་པ་ལ་འདི་འདྲས་དུང་བ་ཅི་ཡིན་ནམ། ཁོ་གྲྭ་པ་ལོག་ཚར་ན་ཡང། གྲྭ་ཚང་ཁག་ལ་ཇུས་གཏོགས་བྱེད་པ་ཅི་ཡིན་ནམ། བོན་བསྟན་ནས་དྲི་བ་འདི་དག་ལ་ལན་ཞིག་ཡོང་བའི་རེ་བ་ཡོད།
ཁོ་བོས་བལྟས་ན་གློག་ཀླད་ལས་ལག་འཁྱེར་ཁ་པར་འདི་ཐོས་བསམ་སྒོམ་གསུམ་བྱེད་མཁན་ཚོའི་དགྲ་བོ་མཐར་ཐུག་པ་དེ་རེད། འདི་ནི་དུས་ནམ་ཡང་གསོར་མི་རུང་གི་ལག་ཅ་ཞིག་རེད་འདུག་པས་རིངས་པར་སྤོངས་ལ་མྱུར་དུ་ཆོགས། གློག་ཀླད་འདི་རྩོམ་པ་པོ་ཚོར་ཧ་ཅང་གི་སྟབས་བདེའི་ལག་ཅ་ཞིག་ཡིན་པར་མ་ཟད་སྟབས་བདེའི་དཔེ་མཛོད་ཀྱང་རེད། འོན་ཀྱང་དགེ་སྦྱོར་ཉམས་ལེན་པ་ཚོས་ངེས་བར་དུ་སྤངས་ན་ལེགས་པས་ཐུགས་ལ་འཇགས་པར་འཚལ་ལོ། །
གུང་བྲན་གཞུང་གིས་དགོན་པར་བརྙན་འཕྲིན་སྤེལ།།
བྱེས་ཀྱི་གདན་སར་བརྙན་འཕྲིན་གློག་ཀླད་དང་།
གཞིས་སུ་མཐོ་འབྲིང་མན་གྱི་སློབ་གྲྭའི་འགྲམ།།
དྲྭ་ཁང་འགོག་པའི་དགོས་པ་རྒྱུ་མཚན་ཆེ།།
ཐུབ་པའི་དབང་པོ་ཤཀྱའི་རྒྱལ་སྲས་ཀྱིས།།
ཤིང་རྟ་འཁོར་ལོ་སོགས་ཀྱི་འཕྲུལ་རིགས་ལ།།
སྦྱང་ཙམ་མ་གནང་ཤེས་སྒྲིབ་རབ་སྤངས་པས།།
ཐམས་ཅད་མཁྱེན་པའི་མཚན་སྙན་ངང་གིས་ཐོབ།།
གཞན་སྡེས་རིག་བྱེད་གཞུང་མང་སྦྱང་པ་དང་།།
ལྷ་མང་བསྒོམས་ནས་ལྷ་གཅིག་ཀྱང་མི་འགྲུབ་ལྟར།།
བློ་མང་བྱིས་པས་གཞུང་མང་འབད་ན་ཡང་།།
བོན་རྒྱ་ལགས་ལྟར་གཉིས་མེད་སེངྒེར་ངེས།།
རྩམ་པ་བཟོ་བར་ཞིང་པ་ངར་ནི་རེད།།
ཤ་མར་གཉེར་ལ་འབྲོག་པ་རྒྱུས་མངའ་ཆེ།།
དེ་ཕྱིར་རང་རང་ས་ནས་རང་འཁྲིའི་ལས།།
མྱོང་བས་གོང་སྤེལ་མཛད་ན་ཅིས་མ་ལེགས།།
ལ་ལས་གདན་སར་སྨོད་ཅིང་ཁ་འདྲི་བཏགས།།
འགའ་ཞིག་སྐུ་དྲགས་ཟེར་ནས་ནག་ཉེས་བཀལ།།
ཕལ་ཆེར་དབུས་གཙང་ཕྱོགས་ལ་མདུང་རྩེ་གཏད།།
དེ་ཀུན་ད་བར་གང་དུ་གཉིད་ལ་ཤོར།།
གསར་པ་ཐམས་ཅད་འདུད་ཀྱི་འཆོལ་འཕྲུལ་དང་།
རྙིང་པ་ཐམས་ཅད་རྨོངས་དད་དུག་རྩ་སེམས།
གསར་རྙིང་གང་ཡང་མི་ཁོ་བོད་པ་ཚང་།
གཞན་གྱི་འོག་ཏུ་བྲན་གཡོག་བྱ་རྒྱུར་དགའ།
གལ་ཏེ་དེང་གི་དུས་སུ་མར་མི་དང་། །
ཇོ་རྔོག་འབྲོམ་གསུམ་ཐང་སྟོང་རྒྱལ་པོ་སོགས། །
ཡོད་ན་ཁོང་ཚོའང་ཆོགས་ཚོགས་བཙུག་པ་དང་། །
ཁ་པར་དྲྭ་རྒྱར་མ་བྲེལ་མི་སྲིད་དོ། །
བྱང་ཆུབ་སེམས་པའི་སྤྱོད་འཇུག་ལས།།
རྒྱལ་སྲས་རྣམས་ཀྱིས་མི་སློབ་པ།།
དེ་ནི་གང་ཡང་ཡོད་མ་ཡིན།།
དེ་ལྟར་གནས་པའི་མཁས་པ་ལ།།
བསོད་ནམས་མི་འགྱུར་གང་ཡང་མེད།།
གསུང་པའི་ཚུལ་འདི་ལ་བསམ་ཡང་།།
རྩིས་འཕྲུལ་ཁ་པར་འགོག་འོས་མིན།།
དུས་རབས་ཉེར་གཅིག་དུས་འདི་ལ།།
འཛམ་གླིང་ཡོངས་ཀྱིས་འདི་སྐྱོད་པས།།
གལ་ཏེ་འདི་ལས་གཡོལ་འདོད་ན།།
འཇིག་རྟེན་གཞན་ཞིག་རྩལ་ན་ལེགས།།
ཀླད་པ་རྡོ་ལས་འཁྲེག་པ་ཡི།།
བླ་རྒན་འགའ་རེའི་བྱེད་བབ་ལས།།
ཉེར་གཅིག་དུས་འདིར་གཏོགས་པའི་མི།།
སུས་ཀྱང་ཁས་ལེན་བྱེད་མི་སྲིད།།
ནམ་ཞིག་འཕྲུལ་རིག་འདི་དག་ལ།།
མ་བརྟེན་ཁ་ལག་ཀྱང་མི་རག་པའི།།
དུས་ཤིག་ངེས་པར་འབྱུང་ངེས་པས།།
འཕྲུལ་ཆས་བཀའ་འགོག་བྱེད་པ་འདི།།
ལྐུགས་པའི་ལས་ལས་གཞན་མ་མཐོང་།།
སྔོན་གྱི་དུས་སུ་ལྷ་ས་རུ།།
དབྱིན་འཇིའི་སྐད་ཡིག་བསླབ་བྱེད་ན།།
སངས་རྒྱས་བསྟན་ལ་གནོད་དོ་ཞེས།།
ཤེས་མེད་འགའ་རེས་བཀག་པ་དང་།།
དེང་དུས་གདན་ས་གྲྭ་ཚང་ན།།
རྩིས་འཕྲུལ་ལག་ཐོག་ཁ་པར་གྱིས།།
གནོད་ཞེས་བཀག་འགོག་བྱེད་པ་གཉིས།།
ཁྱད་པར་ཅུང་ཟད་ཡོད་མ་ཡིན།།
འདི་ནི་རྗེས་ལུས་ནང་ནས་ཀྱང་།།
ལྷག་པར་རྗེས་སུ་ལུས་པ་ཡིན།།
དེས་ན་ཤེས་ལྡན་སུ་ཞིག་གིས།།
འདི་ལ་རྒྱབ་སྐྱོར་བྱེད་འོས་མིན།།
སྔ་མའི་ཚིག་བཅད་དེ་དག་གི་འཇུག་ལ་འཐུད།
པ་བ་སངས་ལས་རབ་འཕགས་ཟླ།
ཕ་མས་རང་ཅག་ཕན་མཛད་སླད།།
བ་ལང་ལྷ་ལ་སྣང་མཁན་ལ།།
མ་རངས་དགག་པ་མཛད་ལྟར་རྨད།།
འདིར་དགག་སྒྲུབ་ཀྱི་ཕྱོགས་གཉིས་ནས་བསམ་ཚུལ་སྤེལ་མཁན་གྱི་དྲ་གྲོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ། ཁ་སང་འཛམ་གླིང་སྤྱི་བསངས་ཉིན་མོ་ཡིན་པས། ལས་ཁུངས་ལ་དགོངས་པ་ཞུས་ཏེ་ཨ་མྱེ་རྡོ་ལ་རྡར་གྱི་རི་རྩེར་བསང་གཏོང་གི་སོང་བ་ཡིན། སྨུག་སྤྲིན་རྐང་འོག་ནས་ཤུར་ཤུར་བསྐྱོད་ཀྱང་འབྲུག་སྐད་ཀྱང་རྐང་འོག་ནས་ལྡིར་ལྡིར་བྱེད་པའི་སྣང་བ་ཞིག་བྱུང་བས། དགའ་བོ་བྱུང་ལ་མཚར་རོའང་བྱུང་། ལྷག་པར་རྒྱ་གར་འདམ་ཐང་ལ་ཡོང་ནས་འདི་འདྲའི་རི་ཆེན་ཞིག་གི་རྩེར་བསྐྱོད་པ་ཐེངས་དང་པོ་ཡིན་པས་ཁ་སང་དངོས་གནས་དམིགས་བསལ་གྱི་ཚོར་སྣང་སྐྱིད་པོ་ཞིག་བྱུང་། ཡར་མར་གཉིས་ལ་ཁྱོན་བསྡོམས་དུས་ཚོད་དྲུག་ལ་རྐང་ཐང་དུ་བསྐྱོད་ཅིང་། རི་རྩེར་ནས་དུས་ཚོད་དྲུག་ལ་སྤྲོ་གསེང་བྱས་ནས་བསྡད་པ་ཡིན། ཨོ་ད་ངས་བཤད་བྱ་དེ་འབོར་གྱིན་འདུག དགོངས་དག དོན་དངོས་སུ་རྒྱུ་མཚན་དེའི་རྐྱེན་པས་དེ་རིང་བར་དུ་ཁྱེད་ཅག་གི་བསམ་ཚུལ་ལ་ལྟ་སྐུལ་མ་ལྡན་པ་རེད། དགོངས་དག་ཞུ་རྒྱུ་ཡིན།
འདི་རུ་དྲ་གྲོགས་སྤྱན་ནམ་སྐྲན་ཡང་ན་རྡོར་ཚེ་ཡིས་ཡིག་ནོར་གཉིས་དང་ཆད་པ་གཅིག་ངོས་འཛིན་བྱས་འདུག དངོས་གནས་ཐུགས་རྗེ་ཆེ། ཡིག་ནོར་རེད་ལ་ཆད་པའང་རེད།
དེ་ནས་གྲོགས་ཁུག་རྟས་དྲི་བ་ཞིག་བཀོད་འདུག རེད། ཁྱོད་ཀྱི་དོགས་པ་དེ་མང་པོར་ཡོང་གི་ཡོད་པ་རེད། ཡིན་ནའང་གྲྭ་རྐྱང་ཚོའི་དཀའ་ངལ་ངོ་མ་དེ་གྲྭ་རྐྱང་ཚོ་མ་གཏོགས་སུ་གཅིགས་གིས་ཀྱང་ཞིབ་ཁྲ་ཤེས་ནི་མ་རེད། མཁན་པོས་ཤེས་ནི་མ་རེད་ལ། ཕྱག་མཛོད་ཀྱིས་ཀྱང་ཤེས་ནི་མ་རེད། མཁན་པོ་ཕལ་ཆེར་དགུང་ལོ་མཐོན་པོ་དང་མཁས་པ་ཀླད་པ་མཁྲེགས་པོ་ཡིན་པས། ཁོང་ཅག་དུས་ཀྱི་གནས་ལུགས་དང་རིགས་ལམ་དེ་ལས་དེང་སང་གི་འཕོ་འགྱུར་དག་ལ་ཇུས་གཏོགས་གནང་གི་མ་རེད་ལ་ཞུ་ཕོད་མཁན་ཡང་ཡོད་པ་མ་རེད། ཞུས་ཀྱང་ཉན་འཇོག་གནང་གི་མ་རེད། དེ་ནས་ཕྱག་མཛོད་ཟེར་བ་ནི་ཕལ་ཆེ་བ་དགེ་བཤེས་དཔེ་ཆ་མི་ཤེས་ཤིང་ཚོང་ལས་དང་དཔལ་འབྱོར་བསྡུ་འགོད་ལ་མཁས་པ་དག་འཇོག་གི་ཡོད་པ་རེད། དེ་དག་གིས་སློབ་གཉེར་དང་ཤེས་ཡོན་གྱི་གནས་བབ་མཁྱེན་ནི་མ་རེད། དེ་དག་གི་སྒོར་མོ་བསོག་པ་འགྲན་བསྡུར་གྱིས་ཕྱག་མཛོད་སྔ་མ་ལས་ད་ལོ་མང་ཙམ་སྤྱི་འཇོག་བྱེད་ཨེ་ཐུབ་ལ་ཀླད་པ་དཀྲུག་གི་ཡོད་པ་རེད། དཔེ་ཁྲིད་དགེ་རྒན་ཚོ་ནི་ངས་བཤད་རྒྱུའི་གྲྭ་བ་གྲྭ་རྐྱང་ཚོའི་རིགས་སུ་ཐེ་ལ་ཁོང་ཅག་ལ་དཔེ་ཁྲིད་གནང་རྒྱུ་ལས་གྲྭ་སའི་འཛིན་སྐྱོང་བཀོད་འདོམས་དང་སློབ་གཉེར་ལམ་ལུགས་ལ་བསྒྱུར་བཅོས་ཀྱི་དབང་ཆ་ཡེ་ནས་མེད། ཁོང་དག་མཉམ་རུབ་ཀྱིས་སྙན་ཞུ་འབུལ་བ་དང་སྐད་ཆ་བཤད་པ་སོགས་འུར་ལས་དག་ལ་ཐུགས་དགྱེས་མཉེས་ཁྱོན་ནས་མེད། ཁོང་དག་གིས་ཞོགས་པ་ནམ་ལངས་པ་ནས་མཚན་མ་རུབ་བར་དུ་དཔེ་གཟིགས་དང་དཔེ་ཁྲིད་ཀྱི་ལས་ལ་གཞོལ་ཡོད། དེའི་ཕྱིར། གྲྭ་རྐྱང་ཚོའི་དཀའ་ངལ་ཕྲ་མོ་དག་ནི་འདི་ལྟར་བར་མ་དོ་ན་ལྷག་ཡོད། དེའི་ཕྱིར། གནད་དོན་འདི་དག་ངས་ནམ་དུའང་གླེང་ངེས་ཡིན། མདོར་ན། གྲྭ་རྐྱང་ཚོས་སྐད་འབོད་རེ་རྒྱག་དུས་དེ་ལ་འུ་ཐུག་གི་འཁུན་སྒྲ་ཞིག་དང་གནས་ལུགས་དང་ཐག་རིང་བ་ཞིག་ཡིན་པ་ལ་ཐེ་ཚོམ་ཅི་ཡང་མེད་པ་ཡིན།
གྲྭ་ས་ཁོག་གི་གྲྭ་བ་ལྟོ་བ་རྒྱག་ཐབས་དང་ཚེ་འདས་ཐབས་ཞིག་ལ་མཚོན་ན་དྲ་རྒྱ་འདི་མེད་དུ་མེད་པ་ཞིག་ཡིན་ཡང་དབེན་པའི་གནས་སུ་འདི་མི་དགོས་རེད། དབེན་པའི་གནས་འགྲིམ་ལ་རྒྱུ་མཚན་ལོས་ཡོད། རྒྱ་གར་ནང་ན་གྲྭ་ལོག་མང་བ་དང་ཕྱི་རྒྱལ་ཁོག་ལ་འགྲོ་འདོད་ཆེ་བ་ཡང་ཟང་ཟིང་གི་འཇིག་རྟེན་འདིའི་མཁོ་བྱ་ལ་སྐྲུན་པའི་གློག་རྡུལ་གསོན་གཟུགས་ཀྱི་ལས་ཉེས་ང་ཚོའི་གྲྭ་བ་ཚོ་ལ་ཕོག་པ་རེད་འདོད། ད་ལྟ་གྲྭ་བ་ཚོས་གློག་ཀླད་ནང་གི་ཆགས་སྦྱོར་ལ་བལྟས་ནས་ཐ་ན་རང་གི་སྡོམ་པ་ཡང་སྲུང་ཐུབ་ཀྱི་མེད། ཁ་པར་ནང་ནས་ཡང་འཁྲུག་སྤྱོད་ཀྱི་ངག་འཆལ་འདྲ་མིན་བཤད་ནས་ཁ་པར་འཁྲུག་སྤྱོད་བྱས་བ་སོགས་བུད་མེད་མང་པོ་ཧང་སང་བའི་གནས་སུ་བསྐྱེལ་བའི་གནས་ཚུལ་མང་པོ་ཡོད་པ་རེད། དགོན་པའི་དཔེ་མཛོད་སོགས་ལྟ་བརྟག་ཡོད་ས་བཀོལ་སྤྱོད་ཡོད་པ་ལས་དགར་བདག་མེད་པར་གཙང་མ་སྔ་ས་ནས་བྱས་ན་དགེ་མཚན་ཆེ་བར་འདོད།
ལུག་རྫི་ཞིག་གིས་རང་གི་ལུག་གི་རྩྭ་ཆུ་ལ་བསམ་བློ་གཏོང་དགོས་ན་དགོན་པ་ཞིག་གི་དོ་བདག་པས་ཀྱང་དེ་ལྟར་ཞུ་དགོས་བ་རེད་འདོད།
བོན་རྒྱ་ཟེར་བ་འདི་གྲྭ་ལོག་ཅིག་ཡིན་ས་རེད། ཆོས་ཀྱི་དོན་འགྲུབ་མེད་ན་ད་འཇིག་རྟེན་གྱི་བྱ་བ་ཆུང་ཆུང་ཞིག་ཨེ་འཁྱོང་ལྟ་རྒྱུ་གལ་ཆེ་བ་ལས། གྲྭ་ས་དང་གྲྭ་ཚང་སོགས་ཀྱི་སྐད་ཆ་ཁྱོད་ལྟ་བུ་ཁྱིའི་ཁ་ནས་ཐོན་ཡོང་རྒྱུའི་སྐད་ཆ་ཞིག་མ་རེད་ལ། ཁྱོད་རང་གི་སེམས་ངལ་རེད། བསམ་ཚུལ་ཡིན་ནོ།
འབའ་སྲས་ལགས་ཁྱོོད་རང་གྲྭ་ལོག་པའི་རྒྱུ་རྐྱེན་གཙོ་བོ་ཡང་འཁྲིག་སྤྱོད་གློག་བརྙེན་ལ་ཡིན་ནི་མིན་ན་ཆ་རྒྱས་ཡོད་ཚུལ་ལ་ལྟོས་ན་ཕལ་ཆེར་ཡིན་པ་འདྲ། ད་གང་ལྟར་ཡིན་ཀྱང་མིན་ཀྱང་སྡོམ་པ་ནི་ཤོར་སོང་རྒན་མོ་ནི་བླངས་དང་བུ་ཕྲུག་ནི་སྐྱེས་སོང་ཡུ་རོབ་ལ་སླེབས་སོང་ད་དཀར་ཡོལ་དཀྲུ་རྒྱུ་མ་གཏོགས་གཞན་ལྷག་མ་སོང་སྐལ་མེད་ས་རྐེ་ཧྲོང་རྒྱུ་ལས་རང་ཁ་ངན་པ་བོ་བདག་པོ་བརྒྱབ་ནས་ཉིན་གཅིག་གི་ལྟོ་རྒྱབ་ལ་འབད་ནས་མི་དགའ་སམ།
རང་རྒྱུད་སེམས་ལ་རང་དབང་མ་ཐོབ་བར།
གློག་ཀླད་ཁ་པར་ཇི་ལྟར་བཀག་ན་ཡང།
པར་རིས་ལས་སོགས་ཐབས་ལམ་གཞན་བརྒྱུད་ནས།
མི་གཙང་འཁྲིག་སྦྱོར་གང་ནས་བལྟས་བལྟས་རེད།
སྡོམ་པ་ཞེས་པ་རང་སེམས་རང་གིས་བསྲུང་རྒྱུ་ལས།
གཞན་དབང་བཙན་གྱིས་བཀག་དགོས་བྱུང་འདི་སྐྱོ།
སེམས་ལ་ངེས་འབྱུང་བཅོས་མིན་ཡོད་འགྱུར་ན།
མིག་མཐོང་སྒྱུ་འཕྲུལ་ཚོགས་ཀྱིས་ཇི་ལྟར་བསླུ།
དགེ་འདུན་ཚོགས་རྣམས་བཅོས་མིན་ངེས་འབྱུང་བློས།
འཁོར་བར་ཡིད་ལྡོག་ཀུན་ཏུ་སྒྲོགས་པར་བྱེད།
འོན་ཀྱང་བཙོན་པ་ཇི་བཞིན་བཙན་པོ་ཡི།
ཁྲིམས་ཀྱིས་བསྲུང་བར་བྱེད་འདིར་འཕྱང་མོ་ཉུག
བཟང་པོར་འགྲོག་ན་བཟང་དང་ངན་པ་འགྲོག་ན་ངན་ཞེས་བ་ཞིག་གོ་མྱོང་ཡོད་དམ། བློ་ཆོས་སུ་འགྲོ་བ་དང་ཆོས་ལ་བར་ཆད་མི་འབྱུང་བའི་དོན་དུ་ཆོས་ཁྲིམས་ཞིག་བཟོས་བ་ལས་གཞན་གང་ཡང་མ་རེད། སྡོམ་པ་བླངས་བ་ཚུན་ཆད་ནས་ཁྱོད་རང་ཆོས་ཁྲིམས་དུ་ཞུགས་ཚར་བ་རེད། ཆོས་ཁྲིམས་གཙང་མ་ཞིག་མེད་ན་མཐའ་མར་ཡོ་རོབ་ཁོག་གི་གྲྭ་ལོག་ཚོ་དང་བླ་ལོག་ཚོ་ལྟོས་དང་ཁ་རྒྱགས་པ་དེ་མ་གཏོགས། ལས་ཀ་ཡོག་པོ་ཞིག་འདི་ཆོའི་ལག་ལ་རེག་གི་མེད་ཀི། མཐའ་ན་བཟའ་ཟླ་གཙང་མ་ཞིག་ཡང་འདི་ཆོའི་ལག་ལ་རེག་གི་མེད་ཚོད་རེད། ངོ་མ་ཡིན་ཚང་མ་འདི་འདྲ་ཞིག་ལ་ཆགས་སོང་ན་ང་ནི་སེམས་སྐྱོ་ས་རེད། དགེ་འདུན་ལ་སྐྱབས་སུ་མཆིའོ།
འདི་ནི་དགེ་འདུན་ཚོགས་ཀྱི་དོན་ཡིན་པས།།
རང་གིས་ཇི་འདོད་ལོངས་སུ་སྤྱོད་ཆོག་པའི།།
སྐྱ་བོ་རྣམས་ཀྱིས་ཁ་ཉུང་བྱས་ན་བཟང་།།
རང་ཉིད་གཞན་གྱི་ས་རུ་མ་སླེབས་བར།།
གཞན་གྱི་དཀའ་ངལ་རྟོགས་མཁན་ཉིན་སྐར་ཙམ།།
གལ་ཏེ་འདི་ལ་ཇུས་རྟོག་བྱེད་འདོད་ན།།
དང་པོ་རང་ཉིད་དགེ་སྦྱོང་ཚུལ་བཟུང་ནས།།
དེ་ནས་བསམ་འཆར་བཤད་ན་ཤིན་ཏུ་མཛེས།།
བོན་རྒྱ་བསྟན་རབ་གྲྭ་པ་བྱེད་མྱོང་བས།།
གྲྭ་པའི་བདེ་སྡུག་ཁོང་གིས་གསལ་པོ་མཁྱེན།།
དེ་ཕྱིར་ཁོང་གི་གསུང་ལ་གནས་ལུགས་ཡོད།།
འདི་ནི་དུས་དང་འཚམས་པའི་སྐད་ཆའང་ཡིན།།
བོན་རྒྱ་སོགས་ཀྱིས་དུས་དང་མཐུན་པའི་བསམ་འཆར་ཡི་གེ་ཕུལ་བ་ཏན་ཏན་གདན་སའི་ལས་སྣེ་དག་གིས་གསན་ཡོད་པ་རེད། ཕན་ཐོགས་ངེས་ཅན་བྱུང་ཡོད་ཚོད་རེད། གདན་ས་གྲྭ་ཚང་ནང་ལ། ལ་དྭགས་པ་དང་གར་ཞ་པ། མོན་པ། འབྲུག་པ། ཁུ་ནུ། ཟངས་དཀར། སྤེ་ཏི། བལ་ཡུལ་སོགས་ཧི་མ་ལའི་མི་རིགས་དང་། དེ་བཞིན་དུ་ནང་སོག་དང་ཕྱི་སོག །ཕྱི་རྒྱལ་གྱི་མི་རིགས་དང་། རྒྱ་དང་ཐེ་ཝན་སོགས་མི་རིགས་སྣ་ཚོགས་ཤིག་འདུས་སྡོད་བྱས་ཡོད། བོད་ཀྱི་ནང་བསྟན་སློབ་གྲྭ་ཆེན་མོ་ཞིག་ཏུ་གྱུར་ཡོད། དེང་རབས་ཀྱི་འཕྲུལ་ཆས་ཁ་པར་སོགས་གཏན་ནས་ལག་པ་མི་འཆང་མཁན་ཡོད་ལ། ང་རང་གིས་ངོ་ཤེས་པ་ནང་ལ་གང་མང་མང་རེད། བསླབ་པ་གསུམ་གྱིས་རྒྱུད་དུལ་མཁན་གང་མང་མང་ཡོད་ལ། ཁུག་རྟས་གསུངས་པ་ལྟར་ན་གཞོན་ཚོ་ལ་དེང་སང་འཕུལ་ཆས་ཀྱིས་སློབ་གཉེར་འཐུས་ཤོར་འགྲོ་རྒྱུ་ཡིན་པ་ཡང་སྨོས་མ་དགོས་པ་རེད། དུས་ཚོད་རྩ་ཆེན་པོ་དེ་དམ་འཛིན་བྱེད་མ་ཐུབ་ན་ཉེན་ཁ་ཆེ་བ་དེ་ཡིན་པའི་ཕྱིར། ཡིན་ཡང་བོད་ནང་གི་གནས་ཚུལ་ཛ་དྲག་པོ་དང་བོད་ནས་གྲྭ་རྒྱུན་ཡོང་ཁུངས་ཆད་པའི་ཉེན་ཁ་སོགས་མང་པོ་ཞིག་གདན་ས་ཁག་གིས་འགན་ཁུར་དགོས་པ་དང་། གནའ་སྔ་མོ་དང་བསྡུར་ཐབས་མེད་པ་དེང་སང་གྲྭ་སའི་སྒྲིག་ཁྲིམས་ཟེར་བ་དགེ་སྐོས་ཀྱི་འཇོན་ཐང་ལ་རག་ལས་བ་ཞིག་ཀྱང་རེད། སྒོ་ང་ལྟ་བུ། བཙུར་ན་ཆག་འགྲོ་བ་དང་ལྷོད་ན་ཆག་འགྲོ་བ་ལྟ་བུའི་གྲིམ་ལྷོད་རན་པ་ཞིག་དགོས་པ་རེད། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་དང་གོང་ནས་བཤད་པ་ལྟར་ཧི་མ་ལའི་རི་རྒྱུད་དུ་ཁྲག་གི་རྒྱུ་བ་ཇི་བཞིན་ཁྱབ་ཡོད་པ་གདན་ས་ཁག་ཆགས་ཡོད་རེད། འདི་ཤེས་དགོས་པའི་གནད་འགག་ཅིག་རེད།
རྩོམ་པ་པོ་དང་དྲ་མཆན་པ་མང་པོས་དེང་སང་རྩིས་འཕྲུལ་ཀྱི་རིགས་སོགས་མ་བཀག་ན་བཟང་རབས་རྒྱན་རབས་བཤད་ཀྱི་འདུག་ལ།་་་ཡང་དྲ་མཆན་པ་ཁ་ཤས་ཀྱིས་དེ་ལས་ལྡོག་ཏེ་བཀག་ན་དགེ་བ་ལས་སྐྱོན་མེད་པར་སྔོན་མའི་གྲྭ་ས་ཁག་ནས་ཐོན་པའི་མཁས་པ་དང་སྐྱེས་ཆེན་དམ་པ་ཚོ་ཡང་རྩིས་འཕྲུལ་སོགས་ལ་མ་བརྟེན་པ་མ་ཟད་འདུལ་ཁྲིམས་དང་སེམས་རྒྱུད་ལ་ལྷད་མ་ཞུགས་པ་ཡང་རྩིས་འཕྲུལ་སོགས་ལ་མ་བརྟེན་པའི་རྐྱེན་གྱིས་བྱུང་བར་འདོད་པ་སོགས་འོས་དང་མི་འོས་དང་ཡིན་དང་མིན་གྱིས་རྩོད་པ་ཇེ་ངར་ནས་ཇེ་རྣོ་རེད།་་་་ཡིན་ན་ཡང་མཐའ་ཆོད་པའི་རྒྱུ་མཚན་དང་གནས་ལུགས་ཅན་ཞིག་ནི་སུ་ལའང་མེད་པ་འདྲ་བས་རྩོད་པ་ནི་རྩོད་པ་རང་རེད།་་་མཐའ་མ་ཆོད་ན་རྒྱ་གུང་ཁྲན་ལ་སྐྱབས་བཅོལ་ན་ཡག་གི་རེད།་་་རྒྱ་གུང་ཁྲན་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ཚབ་ཏུ་དེང་རབས་རྩིས་འཕྲུལ་དང་གློག་ཀླད་སོགས་ཀྱི་སློབ་གསོ་སྤེལ་བཅུག་ན་ག་འདྲ་འདུག་་་་གཅིག་བྱས་ནས་ཐག་མི་ཆོད་པའི་རྩོད་པ་འདི་རིགས་ཀྱི་ལམ་ཁ་ཡག་ཤོས་དེ་རེད་སྙམ་གྱི་འདུག་་་་་དེ་ན་ལ་དྭགས་པ་དང་གར་ཞ་པ། མོན་པ། འབྲུག་པ། ཁུ་ནུ། ཟངས་དཀར། སྤེ་ཏི། བལ་ཡུལ་སོགས་ཧི་མ་ལའི་མི་རིགས་དང་། དེ་བཞིན་དུ་ནང་སོག་དང་ཕྱི་སོག །ཕྱི་རྒྱལ་གྱི་མི་རིགས་དང་། རྒྱ་དང་ཐེ་ཝན་སོགས་མི་རིགས་སྣ་ཚོགས་ཡོད་ན་ཡོད།་་་རྒྱ་གུང་ཁྲན་གྱིས་སློབ་གསོ་ཐེབས་ན་ཏན་ཏན་འགྱུར་བ་འགྲོ་བ་ནི་མིག་ལྟོས་ལག་ཟིན་ཡིན་པས་ང་ཚོས་ཚོད་ལྟ་ཞིག་བྱས་ན་ག་འདྲ་འདུག
ཆོས་ཀྱི་སློབ་སྦྱོང་བྱ་བའི་བསྟེ་གནས་གདན་ས་དང་གྲྭ་ཚང་ཁག་ཏུ་ཀློག་ཀླད་ཀྱིས་ཕན་ལས་གནོད་པ་ཆེ། འགོ་རིག་གནས་ནས་གཞུང་ཆེན་ཟབ་ཅིང་རྒྱ་ཆེ་བ་དེ་དག་ཀློག་ཀླད་ལ་བརྟེན་མི་དགོས་པར་སྦྱངས་འབྲས་སུ་མཐར་ཕྱིན་ནུས། གསར་བུ་དང་ལས་དང་པོ་པ་རྣམས་འདི་དང་ཕྱི་མའི་ལམ་བཟང་འགོག་རྐྱེན་གྱི་རྒྱུར་ངེས། འཛམ་གླིང་འདི་ཡི་སྟེང་ལ་གཞན་ཕན་གྱི་བྱ་བ་རང་ཉིད་སྙན་གྲགས་ལྡན་པའི་སྐྱེས་བུ་ཞིག་རེ་ལྟོས་ཀྱང་དེས་བསྒྲུབས། ཀློག་འཕྲུལ་མི་འཆང་བའི་རང་ཉེ་འགའ་ཚུལ་གནས་མཆིས་ཀྱང་དངོས་པོ་ལག་ཏུ་ཐོབ་མ་ཐག་སྔར་གྱི་མི་དེ་ཡིན་ནམ་སྙམ་པའི་མིག་མཐོང་ལག་ཟིན་གཅིག་མིན་མང་པོ་བྱུང་། རང་འདོད་འཁོག་ཏུ་བཅུག་སྟེ་སྤྱི་དོན་སྨྲས་པ་འདི་ངོ་ཚ་ཁྲེལ་མེད་རང་ཚུགས་བཟུང་བའི་སྐྱེ་བོ་ལས་མཉན་པའི་འོས་སུ་མ་མཐོང་ངོ་། སླར་ཡང་འབྲི་བསམ་ཡང་དུས་ཚོད་མ་མཆིས་པས་ཁོམ་པ་བྱུང་ན་
ཆོས་དང་རིག་གཞུང་གཅིག་པའི་སྤང་གཞོངས་སུ།།
ཤེས་རིག་མེ་ཏོག་མཉམ་བཞད་གོ་སྐབས་བཟང་།།
མེས་དབོན་གདུང་རྒྱུད་ཚང་གི་ནོར་སྐལ་འདི།།
ལྷོ་མཐའི་རྒྱ་མཚོའི་འགྲམ་ན་འོད་དུ་འཚེར།།