2009།11།10། མཚན་མོར།
སྤྲ་དང་སྤྲེ་འུའི་འཚང་ཁ་ཆེ་བ་ཡི༎
དྷ་སའི་ནགས་ཀླུང་རེ་ཞིག་གྱེས་མཇལ་བྱས༎
མོ་ཊའི་ནང་ནས་པ་ཊམ་ཀོ་ཊའི་བརྒྱུད༎
ཨེ་སི་མེ་འཁོར་འགྲིམས་ནས་ལྡི་ལིར་འབྱོར༎
དོན་གཅོད་ཁང་ནས་མཐོང་ཁྱེང་ལག་འཁྱེར་འབྱོར༎
གོ་སྒྲིག་པ་ལས་གནམ་གྲུའི་པ་སེ་བླངས༎
ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་ཏག་ཏག་ལ༎
བསམ་ཡས་གླིང་ནས་ལྡི་ལི་གནམ་ཐང་འགྲིམས༎
དེ་སྔོན་ནུབ་ཕྱོགས་ཨ་རིར་སློབ་དཔོན་དང༌༎
འཇར་མན་དབྱིན་ལོན་སོགས་སུ་བསྐྱོད་པའི་སྐབས༎
ཨ་གསར་འགྲོ་རླུང་ལངས་པོའི་འཚུབ་མ་ཡིས༎
སེམས་ཀྱི་ཚོར་སྣ་འཁྲུག་པ་ཉུང་ཉུང་མིན༎
ད་ནི་ལངས་ཚོའི་འཕེལ་ཁ་གྲིབས་པ་དང༌༎
རྒྱུན་ལྡན་འགྲོ་བསྐྱོད་མང་བས་སུན་ན་ཡང༌༎
ཤིན་ཏུ་གལ་ཆེའི་འགྲོ་དོན་ལྡན་པས་ན༎
ཐེངས་འདིའི་ཕྱོགས་བསྐྱོད་སྤྲོ་བ་ཅི་བས་བརྟས༎
ཤར་ནུབ་རྒྱལ་མཚམས་Tukiཊུ་ཀི་གནམ་གྲུ་ན༌༎
ས་གཞི་གློག་གི་སྐར་ཚོགས་བཀྲམས་པའི་འཚོམས༎།
ཁད་ཀྱིས་གཤོག་ནས་གནམ་གྱི་མཐོངས་ན་འཛེགས༎
གནམ་གྱི་སྐར་མའི་གྲལ་གསེབ་ཤུགས་ཀྱིས་འཕུར༎
མཚོ་དང་མཚེའུས་འགྲོ་ལ་མ་མ་བཀག་ཅིང༌༎
རི་དང་བྲག་གིས་འཕུར་ལམ་མ་སྒྲིབ་པར།།
སྤྲིན་དང་སྨུག་པོའི་འབབ་སྟེགས་ལས་འགངས་ཏེ༎
གནམ་སྔོན་མཐོངས་ནས་ཏུ་ཀི་གནམ་ཐང་འབྱོར༎
ཡོབ་དངུལ་འགྲོ་རྒྱུག་ཆེ་བའི་ཤར་གླིང་གི༎
ཏུ་ཀི་གནམ་ཐང་ཁོར་ལག་ཤིན་ཏུ་ཡངས༎
འཕུར་བསྐྱོད་གནམ་གྲུ་འཚང་ཁ་ཅི་བས་ཆེ༎
ཚོང་དང་ཟ་ཁང་འདུ་ལོངས་གཞན་ལས་བྲེལ༎
རྗེས་མའི་གནམ་གྲུ་ཆུ་ཚོད་དྲུག་ལ་སྒུག།
མདང་གི་ནུབ་མོར་གཉིད་ཀྱི་གོ་སྐབས་བརླགས༎
ད་ནི་གཉིད་ནས་མགོ་བོ་མི་ཐེག་ཀྱང༌༎
མི་ཚོགས་གསེབ་ཏུ་གཙོག་ནས་བསྡད་ཁུལ་བྱས༎
སྒྲིག་གིས་བཀོད་པའི་དུས་ཚིགས་ཟིན་པ་དང༌༎
ཊུ་ཀི་ཡུལ་ནས་གནམ་གྱི་མཐོངས་ན་མཛེགས༎
ཟུར་བཞི་སྒོར་བའི་སྒེར་ཁུང་ཆུང་ཆུང་ནས༎
གྲོང་གི་བཀོད་པ་རི་མོ་ཇི་བཞིན་མཐོང༌༎
ཐོགས་མེད་གནམ་གྱི་དགུ་ཚིགས་ཤུགས་ཀྱིས་གཤགས༎
ཤར་མཐའ་ཊུ་ཀི་རྒྱལ་མཚམས་ཧད་ཀྱིས་བརྒལ༎
སྤྲིན་དང་སྨུག་པ་འཐུག་པོའི་བར་སྲུབ་ནས༎
ཨི་ཊ་ལི་ཡི་གདོད་མའི་རྒྱ་མཚོ་མཐོང༌༎
ཉིན་བྱེད་འོད་སྣང་ནུབ་ནས་དལ་གྱིས་ནུབ༎
དགུང་ཐུག་[1]ལྷུག་པོར་རོལ་བའི་གྲ་བསྟར་ཁྲོད༎
འདས་དང་ད་ལྟ་མ་འོངས་ཚོད་དཔག་གིས༎
ཅི་མ་ཡིན་ལ་ཆུ་ཚོད་ཁ་ཤས་བསྐྱལ༎
ད་ནི་མཚན་མོ་ཆུ་ཚོད་བཅུ་གཉིས་རེད༎
གནམ་ས་བར་སྣང་འགྲིམས་པའི་ཉོབ་སྣང་གིས༎
གཉིད་ཀྱོགས་བརྒྱབ་ནས་མགོ་བོ་མི་ཐེག་པས༎
ད་ནི་ཉལ་ནས་རྨི་ལམ་སྒུག་ན་རན༎
2009།11།11། མཚན་མོར་ཆུ་ཚོད་ 12་ ཐོག ཨི་ཊ་ལི་རམ་གྱི་གྲོང་ཁྱེར་དུ་ཡོད་པའི་དགའ་བྱང་ཆོས་ཚོགས་ནང་དུ་བྲིས།
[1]ཨི་ཊ་ལི་ཐུག་པ་སྐད་གྲགས་ཅན་དེ་ནི། དེ་སྔོན་དུས་རབས་བཅུ་གསུམ་པའི་ནང་སོག་པོ་ཡོན་རྒྱལ་རབས་སྐབས་སོག་ཡུལ་ན་ཁུར་ཡོང་བའི་ཐུག་པ་བཟོ་སྲོལ་དེརེད་ཟེར།
ཡག་པོ་ཞིག་བྲིས་འདུག
མཁྱེན་ཡངས་སྐུ་ཞབས་བེ་རི་འཇིགས་མེད་ལགས།
གུས་པར་འདྲི་བ་ཞིག་ཡོད་པས་ངེས་པར་ལན་ཞིག་ཡོད་པར་ཞུ། ཁ་སྔོན་སྤྱི་འཐུས་ཀྱི་ཚོགས་འདུ་ཉིན་མཐའ་མ་དེར། ཁྱེད་ཀྱིས། ང་ཚོ་ཁམས་པ་ལ་ཐུབ་ཚོད་བཤད་ན་མི་འགྲིགས་ཅེས། འཇུ་ཆེན་བུ་མོའི་རྒྱབ་ལ་ལངས་ནས། ཁམས་པའི་ཆོལ་ཁའི་འཐེན་ཁྱེར་ལ་ཕེབས་སོང་།
ནམ་རྒྱུན་ཁྱེད་ཀྱིས་ཆོལ་གསུམ་དང་ཆོས་ལུགས་རིས་མེད་སོགས་ཀྱི་གསུང་བཤད་མང་པོ་གནང་བཞིན་པ་དེར་གུས་པའི་ཡིད་དབང་འཕྲོག་མོད། ད་རེས་ཁྱེད་ལྟ་བུའི་མཁྱེན་རྒྱ་ཡངས་ལ། ཐོས་བསམ་གྱིས་ཕྱུག་པའི་བོད་མི་ན་གཞོན་ཞིག་གིས། ཆོལ་ཁའི་ལ་རྒྱ་བཟུངས་ནས། བོད་སྤྱིའི་བདེ་དོན་གསུངས་ཀྱི་མིན་འདུག་པས། ངེད་ཚོར་དེའི་སྐོར་ལ་འགྲེལ་བཤད་ཤིག་གནང་རོགས་གནང་།
སྔོན་མ་སྐུ་ཞབས་ཁྱེད་དགེ་ལུགས་ཆོས་བཞུགས་ཤིག་གིས། རིས་མེད་སྙིང་སྟོབས་དང་ལེན་གྱིས་སྙིང་མའི་བླ་ཆེན་རྣམས་ཀྱི་རྣམ་ཐར་སོགས་འདི་ག་དྲ་རྒྱར་བཀོད་དུས། གུས་པའི་སེམས་སུ། འདིར་ཡང་ངོ་མ་བོད་མི་སྤྱི་ལ་ཕན་པའི་མ་འོངས་རླབས་ཆེན་རིས་མེད་ཀྱི་དཔའ་བོ་ཞིག་འཁྲུངས་འདུག་སྙམ། ངའི་དགའ་སྤྲོའི་སྔོ་སངས་ཀྱི་ནམ་མཁའ་འདིར། ད་ལྟ་ཐེ་འཚོམ་གྱི་སྤྲིན་ནག་འཁེངས་ནས། བློ་ཕམ་གྱི་མུན་ནག་ཤར་ལ་ཉེ་བའི་སྐབས་ལ། སྐུ་ཞབས་ཁྱེད་ནས་དགོས་པ་དང་དགོངས་པ་རྣམས་ངེད་ལ་འགྲེལ་བཤད་ཤིག་གནང་ན། ཕན་པ་ཤིན་དུ་ཆེ་བས། ཐུགས་རྗེས་གཟིགས།
ཐུག་པ་འཐུང་རྒྱུ་བྱུང་ན་སྐྱིད་པ་ལ། ང་ད་སྲོལ་རྒྱུ་གྱི་བཟའ་བཏུང་ལ་དགའ་ནི་རེད་ཡ། དེང་སང་ཨེ་ཏ་ལའི་མེན་ཟེར་བཞིན་རྒྱ་ནག་པོས་ཀྱང་ཞིམ་ཞིམ་དུ་བརྩི་ཡིན་འདུག་པ་དེ་རེད་མོ།