རྡོ་རྗེ་རྒྱལ་མཚན།
ཀརྨའི་མིང་ཅན་སེམས་བཟང་ཁོང་གིས། །
ཁ་རྗེ་ཆུང་བའི་རྡོར་རྒྱལ་ང་ཉིད། །
ག་ས་གང་དུ་འཁྱམ་ཞིང་འཁྲིད་ཀྱང་། །
ང་ཡི་བསམ་དོན་འགྲུབ་དབང་མིན་འདུག །
ཅ་ལ་རྒྱུ་ནོར་མེད་པའི་སྤྲང་པོ། །
ཆ་རྒྱུས་མེད་པའི་ས་མཐར་འཁྱམས་དུས། །
ཇ་ཆང་བཟའ་བཏུང་ཇི་ཙམ་མོད་ཀྱང་། །
ཉ་མོ་སྐམ་སར་བཏོན་པ་འདྲ་བྱུང་། །
ཏ་ཟིག་ཀླ་ཀློའི་ཡུལ་སྐད་སྦྱང་ཕྱིར། །
ཐ་གྲུ་རྒྱལ་ཁམས་འདི་རུ་སླེབས་ཀྱང་། །
ད་རེས་དོན་འདི་འགྲུབ་དབང་མེད་པས། །
ན་ཟུག་སྙིང་གི་དཀྱིལ་ལ་ཟུག་སོང་། །
པའུནཌ་ཞེས་བྱ་བའི་དངུལ་སྒོར་མེད་པར། །
ཕ་རོལ་ཚུ་རོལ་བསྐྱོད་ཐབས་མིན་འདུག །
བཱ་རག་ཨོ་བཱ་མ་དང་ང་གཉིས། །
མ་འདྲིས་ངང་གིས་འབྲེལ་ན་དགའ་བ། །
ཙཱ་རུ་འདྲ་བའི་དཀར་ཟས་མང་ཡང་། །
ཚ་བའི་རོ་ལྡན་སུ་པན་མིན་འདུག །
ཛ་རོང་འདྲ་བའི་རང་གི་ཡུལ་ལུང་། །
ཝལ་ལ་ཝལ་ལེ་ཡིད་ལ་དྲན་བྱུང་། །
ཞྭ་ནག་མགོ་ལ་གྱོན་པ་མེད་པས། །
ཟང་ཟིང་དངོས་གཙོའི་རིང་ལུགས་ཡུལ་དུ། །
འ་ཆད་འུ་ཐུག་མང་དུ་བྱུང་སོང་། །
ཡ་ངའི་ཚོར་བ་སྣ་ཚོགས་མྱོང་སོང་། །
ར་མ་ལུག་གི་རང་སྐད་སྦྱངས་པས། །
ལ་ལུང་རྒྱབ་ཏུ་གང་ཡོད་མ་ཤེས། །
ཤ་མདོག་དཀར་ནག་ཁྲ་གསུམ་འཛོམས་པའི། །
ས་ཕྱོགས་ཡོད་པ་དེ་བས་མ་ཤེས། །
ཧ་ཅང་བསམ་བློ་ཞིབ་ཏུ་བཏང་ན། །
ཧུ་སྒྲ་འཆོར་བའི་གཞི་ལས་མི་གདའ། །
དེ་བས་བསམ་རྒྱུ་མནོ་རྒྱུ་བཞག་ནས། །
ཨ་མའི་དྲིན་ལན་བསབ་ཏུ་ལོག་འགྲོ། །
ཞེས་པ་འདི་ནི་ཨིང་ལེནཌ་དུ་འཁྱམས་པའི་འབྲུག་བུས་རང་གི་སེམས་ལ་འཁྲུལ་སྣང་ཇི་ལྟར་ཤར་བ་ཞིན་ཡིག་ཐོག་ཏུ་བཀོད་པ་ལགས།
རང་གི་ཡུལ་ནས་གཞན་ཡུལ་སྨོན་ན་ཡང་།།
གཞན་ཡུལ་སླེབས་དུས་རང་ཡུལ་དྲན་པ་འདི།།
རང་གཞན་གཉིས་ཀའི་ལུང་པ་འགྲིམས་པའི་རྗེས།།
ཕ་ཁྱིམ་དྲོན་མོའི་ཁྱད་ཆོས་མངོན་པའི་རྟགས།།
ད་མགྱོགས་པོ་ཕ་ཡུལ་དུ་ལོག་ན་ཡག མ་རྒན་གྱིས་ཁྱེད་ལ་སྒུག་ནས་བཞུགས་འདུག དོ་དགོང་རང་ཐོན་རྩིས་བྱོས་ཨ། ཕྱི་མི་ཉན།
ཀྭ་བ་མཐོང་རྒྱུ་མེད་པའི་གྲོང་ཁྱེར་ཀྱི་དབུས་ནས། །
ཁ་རོག་མི་འདུག་ལོ་དང་ཟླ་བ་ལ་ངུས་ཀྱང་། །
ག་ལེར་བསམ་ན་རང་སྡུག་ཁོ་ན་ལས་མེད་པས། །
ང་ཡི་སྤུན་གྲོགས་མ་སྐྱོ་ལྷོད་ལྷོད་དུ་ཞུགས་ཤིག །
ཀ་ཡེ་ཉོན་ཅིག་སྒྱུ་མའི་གྲོང་ཁྱེར་གྱི་དབུས་སུ། །
ཁ་ཡག་ངོ་དགའ་བཤད་པའི་མཛེས་མ་དེ་མང་ཡང་། །
ག་དག་གནས་ལུགས་རྟོགས་པའི་གྲོགས་བཟང་ཞིག་མེད་པས། །
ང་ཡང་ས་མཐའ་འདི་ནས་སྡོད་ཐབས་ཤིག་མི་འདུག །
ཀ་ཡེ་ཚུར་ལ་གསོན་དང་མཛའ་མཐུན་གྱི་དྲྭ་གྲོགས།
ཁ་ཎ་ཌ་སོགས་སྟོབས་ལྡན་དམངས་གཙོ་ཡི་རྒྱལ་ཁབས།
ག་ནས་ལྟས་ཀྱང་རང་དབང་ལུང་པ་དེ་མཐོང་དུས།
ང་ཚོའི་ལུང་པའི་གནས་སྟངས་སྐྱོ་བ་འདི་དྲན་ཀི།
ལངྒ་དམར་པོ་ལགས།
ཅ་ལག་རྒྱུ་ནོར་ལོངས་སྤྱོད་མང་པོ་ཞིག་སྒྲུབས་དང་། །
ཆ་མཐུན་དམ་པའི་གྲོགས་བཟང་རང་བཞིན་གྱིས་འཁོར་ཡོང་། །
ཇ་ཆང་བཟའ་བཏུང་ཚོགས་ཀྱི་དགའ་སྟོན་ལ་རོལ་ན། །
ཉ་བེ་ཉོ་བེའི་བསམ་མནོ་རང་བཞིན་གྱིས་ཡལ་འགྲོ། །
ཀ་ནས་འབྲེལ་བའི་དྲ་གྲོགས་རྣམས་དང་ལྷན། །
ཁ་བརྡ་བྱེད་ཕྱིར་ངོ་དེབ་ཕྱེས་ནས་བལྟས། །
ག་ཏཱའི་བསྟན་འཛིན་མཚན་འཆང་མཁན་ཞིག་གིས། །
ང་ཡིན་ཟེར་བའི་རྩོམ་ཞིག་བྲིས་ནས་འདུག །
ཅ་ཅོ་ཡིན་བསམས་ཁོང་གི་རྩོམ་ཡིག་དང་། །
ཆ་མཚུངས་ཡོད་པའི་རྩོམ་ལན་འགའ་ཞིག་བྲིས། །
ཇ་ཧོང་འཛིན་པའི་རྩོམ་པ་པོ་དེ་ཡིས། །
ཉ་པ་འདྲ་བའི་སྐད་ཆ་བཤད་ནས་བྱུང་། །
ཏ་ཐཱ་ག་ཏཱའི་བསྟན་འཛིན་མིང་ཅན་དེས། །
ཐ་མལ་ང་ལ་བསྡིགས་པ་ལན་གཅིག་མིན། །
ད་དུང་ཡང་ནས་ཡང་དུ་བསྡིགས་བྱས་པས། །
ན་མཉམ་རྣམས་ཀྱི་མདུན་དུ་བཤད་ནས་ཐལ། །
པཱ་ར་མི་ཏའི་གཞུང་ལུགས་རྣམས་སུ་ནི། །
ཕ་རོལ་དགྲ་བོར་བྱམས་སྙིང་བསྒོམ་དགོས་གསུངས། །
བནྡྷེ་དེ་ཡིས་རྩོམ་ལན་བྲིས་ཙམ་ལ། །
མཱ་ར་ཡ་ཞེས་བརྗོད་པ་ཤིན་ཏུ་མཚར། །
ཙ་ར་གཅོད་ན་བསྟན་འཛིན་མིང་ཅན་དེ། །
ཚ་ཚ་འུར་འུར་ཡོད་པའི་དེང་སང་གི །
ཛ་དྲགས་ཆེ་བའི་གནས་ཚུལ་ངན་པ་ཡི། །
ཝ་སྐྱེས་འདི་ཉིད་གཏེ་བོ་མིན་ནམ་སྙམ། །
ཞྭ་རིང་པན་ཞྭ་ལ་སོགས་བསྐོན་བྱས་ནས། །
ཟ་འཐུང་ཆེད་དུ་དད་ཅན་མགོ་བསྐོར་ཞིང་། །
འ་ཅག་འདྲ་བའི་གཉོམ་ཆུང་མི་རྣམས་ལ། །
ཡ་ངའི་ཚིག་རྩུབ་བརྗོད་པ་ཤིན་ཏུ་མཚར། །
རང་གིས་རང་ཉིད་གང་ཡིན་མི་ཤེས་ཤིང་། །
ལ་ལུང་རྒྱབ་ཀྱི་སྤྲུལ་སྐུར་བསྙད་འདོགས་བྱས། །
ཤ་ཁྲག་ཐང་ལ་འཕོ་བའི་ལས་འགུལ་ཞིག །
ས་སྟེང་འདི་ན་ཁོང་གིས་སྤེལ་དོགས་གདའ། །
ཧ་ལེ་ཧོ་ལེར་བྲིས་པའི་ཀ་རྩོམ་འདི། །
ཨ་མཚར་ཀུ་རེ་མ་ཡིན་དངོས་དོན་ཏེ། །
རང་ལ་དངོས་སུ་བྱུང་བའི་ལོ་རྒྱུས་ཤིག །
སོར་རྩེ་འཕྲུལ་གྱིས་བསྐྲུན་ཏེ་ཕུལ་བ་ལགས། །
ཀ་ར་ཚོན་གྱིས་བྲིས་པའི་རི་མོ་བཞིན། །
ཁ་དོག་མཚར་སྡུག་ངོམས་པའི་ལང་འཚོ་ཅན། །
ག་བུར་དྲི་བཟང་ལུས་ལ་རབ་བསྐུས་ཏེ། །
ང་ཡི་ཡིད་དབང་འཕྲོགས་པའི་དཔལ་དུ་བསྐྲུན། །
ཅ་ག་དག་པའི་ཁྱོད་ཀྱི་ཞལ་སྐྱིན་དེ། །
ཆ་ཤས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་འདྲ། །
ཇ་མ་ང་ཡི་ཡིད་ཀྱི་ནམ་མཁའ་རུ། །
ཉ་གང་ཟླ་བ་འགོག་པ་མེད་པར་ཤར། །
ཏ་ལེར་གྱུར་པའི་ལུས་ཕྲ་གཞོན་ནུ་ཁྱོད། །
ཐ་གྲུ་རྒྱལ་ཁམས་གང་དུ་བཞུགས་ཡོད་རུང་། །
ད་སྟེ་རིང་མིན་བུ་ངའི་དོན་སྙིང་གི །
ན་ཟུག་སེལ་བའི་སྙིང་གཏམ་བཤད་རོགས་མཛོད། །
བརྩེ་གདུང་གི་ཉིན་མོར་དྲ་གྲོགས་རྣམས་ལ་མཚམས་དྲིས་བཅས་གུས་པ་རྡོར་རྒྱལ་པས་ཕུལ། དྲྭ་གྲོགས་རྣམ་པས་མུ་མཐུད་རོགས་གནང་།