འབྲོག་མྱིས།
ཨེ་ཇེབ་མི་དམངས་ཀྱིས་འཇིགས་ཞེད་མེད་པར་ཉིན་༡༨རིང་སྲིད་དབང་སྒེར་གཅོད་པ་དང་འཐབ་རྩོད་དྲག་པོ་བྱས་ཏེ། ཕྱི་ལོ་༢༠༡༡ལོའི་ཟླ་༢པའི་ཚེས་༡༡ཉིན་ཨེ་ཇེབ་ལ་ལོ་ངོ་༣༠འི་རིང་དབང་བསྒྱུར་བྱས་པའི་སྒེར་གཅོད་པ་མའུ་བྷ་རག་ ( Ḥusni Mubarak) གིས་འཆི་ཁའི་འཕག་འཚག་འགའི་རྗེས་སུ་འུ་ཐུག་ཏེ། ཐབས་ཟད་ནས། ཉམས་ཤོར་ཏེ་འཛམ་གླིང་མི་མང་གི་གཤེ་གཤེའི་ཁ་རྡུང་ཁུར་ནས་སྒེར་གཅོད་པའི་སྟེགས་བུ་ལས་མི་འབབ་རང་འབབ་བྱུང་ཡོད། ཡང་དག་པར་བཤད་ན་མའུ་བྷ་རག་སྒེར་གཅོད་པའི་སྟེགས་བུ་ལས་ཕར་བསྐྲད་པ་རེད།
སྒེར་གཅོད་པ་མའུ་བྷ་རག་སྲིད་སྟེགས་ལས་ཕར་བསྐྲད་པ་དང་དུས་མཚུངས་སུ། ཤར་ཕྱོགས་དཔལ་ཡོན་ཅན་གྱི་གནའ་བོའི་རྒྱལ་ཁབ་ཏུ་འབོད་པའི་ཨེ་ཇེབ་དེ་དམངས་གཙོའི་ལང་ཚོ་ཡོངས་སུ་སྨིན་པའི་དེང་རབས་རྒྱལ་ཁབ་ཅིག་དུ་གྱུར་དགོས་ན་ད་དུང་ལམ་ཐག་རིང་པོར་འགྲོ་དགོས་མོད། འོན་ཀྱང་། ཨེ་ཇེབ་མི་དམངས་ཀྱིས་ཆེས་བློ་སྤོབས་ཅན་གྱི། ཆེས་གསོན་ཤུགས་ལྡན་པའི། ཆེས་ཐག་གཅོད་རང་བཞིན་ཅན་གྱི་གོམ་པ་གང་མདུན་དུ་སྤོས་ཡོད།
ཉིན་༡༨་གྱི་སྔོན་དུ། མའུ་བྷ་རག་གིས་སྲིད་དབང་སྒེར་གཅོད་པའི་གོ་ས་དེ་རི་ལྟར་བརྟན་ལ་བྲག་ལྟར་སྲ་བ། མི་ཞིག་རྡོ་རྗེ་མཁར་བཙན་བཞིན་སྣང་ཡང༌། ཏག་ཏག་ཉི་མ་༡༨ཀྱི་དུས་ཡུན་ནང་ཨེ་ཇེབ་མི་དམངས་ཀྱིས་འཇིགས་པ་བྲལ་བའི་སྙིང་སྟོབས་དང༌། ཀུན་མཐུན་ཞི་བདེའི་རྣམ་པས་སྲང་མགོ་རུ། ཐང་ཆེན་དུ། དེང་རབས་འཕྲུལ་ལམ་དུ་ཁོང་ཚོས་སྒེར་གཅོད་པར་བཅངས་པའི་སྡང་སེམས་དང་རང་དབང་དམངས་གཙོ་ལ་མོས་པའི་རེ་འདུན་ངར་ཤུགས་ཀྱིས་བསྟན་པ་དང་ཆབས་ཅིག་དུས་དེ་ནས་བཟུང་བཟོད་སྒོམ་མི་བྱེད་རྒྱུའི་ཆོད་སེམས་ཀྱང་མངོན་ཡོད།
ང་ཚོས་ཨེ་ཇེབ་ཀྱི་རྒྱལ་ས་ཁེ་རོ་ལས་མཐོང་པ་ཞིག་ནི་མི་དམངས་འབུམ་ཕྲག་མང་པོ་དུས་གཅིག་ཏུ་ས་ཁུལ་གཅིག་ཏུ་འཛོམས་པའི་གཅིག་གྱུར་གྱི་འདུན་པ། ཐུན་མོང་གི་ཕུགས་སེམས། གཅིག་མཚུངས་ཀྱི་དམིགས་ཡུལ་ལས་བྱུང་བའི་གནམ་ས་མགོ་རྟིང་སློག་པའི་སྟོབས་ཤུགས་དེ་རེད། སྟོབས་ཤུགས་དེ་དབང་ཤུགས་ཤིག་གིས་གཏན་ནས་འགོག་མི་སྲིད་ལ། སྟོབས་ཤུགས་དེ་ནི་འགྲན་ཟླ་བྲལ་བའི་རང་བྱུང་གི་སྟོབས་ཤུགས་ཤིག་ཡིན་པས་ཇི་ལྟར་མཁྲེགས་པའི་སྟོབས་ཤུགས་ཤིག་ཡིན་ཡང་གཏོར་མི་ནུས་པ་ཞིག་ཡོད་མི་སྲིད། སྟོབས་ཤུགས་དེ་ནི་ཉི་མ་གཅིག་ལ་གྲུབ་པ་མིན་ལ། དེ་ནི་སྒེར་གཅོད་སྲིད་དབང་གིས་ཉི་མ་རེ་རེར། དུས་ཚོད་རེ་རེར། སྐར་ཆ་རེ་རེར་མི་དམངས་ལ་གཉའ་སྣོན་དང་མནར་གཅོད་ཁྲོད་གྲུབ་པ་ཞིག་ཡིན་པས། དེ་ནི་མིག་ཆུའི་ཐུག་པ་རེ་རེ་དང་། ཁྲག་ཐུག་རེ་རེའི་འདུ་འགྲིལ་ཡིན།
ལོ་ངོ་༣༠འི་སྲིད་དབང་གདུག་རྩུབ་ཅན་གྱིས་ཉིན༡༨རིང་གི་སྟོབས་ཤུགས་བསྙལ་གསོག་བྱས་ཡོད་ལ། ཉིན༡༨རིང་གི་སྟོབས་ཤུགས་ཀྱིས་ལོ་ངོ་༣༠འི་ཁོང་ཁྲོ་བསྒྲོན་ཡོད།
ཨེ་ཇེབ་ཀྱི་ཉིན་༡༨རིང་གི་གསར་བརྗེ་ལ་གཞིགས་ན། འཛམ་གླིང་མི་མང་ལ་འདི་ལྟ་བུ་ཞིག་བདེན་དཔང་བྱས་ཡོད། སྒེར་གཅོད་པས་རྒྱས་སྤྲོས་འཚོ་བ་དང་མགོ་ན་གནམ་མ་གཏོགས་མེད་སྙམ་པའི་དབང་ཆའི་ཁྲོད་ང་ནི་མི་དམངས་ཀྱི་ཡབ་ཆེན་དེ་ཡིན། ང་ནི་མི་དམངས་ཀྱི་མ་ཡུམ་དེ་ཡིན། ང་ནི་མི་དངམས་ཀྱི་མགོན་སྐྱབས་ཁོ་ན་དེ་ཡིན་ཞེས་འབངས་མི་བླུན་པོར་བསྒྱུར་ནས་རང་གི་ཁེ་ཕན་དང་གོ་ས་སྲུང་ཐབས་ཀྱིས་སྒེར་གཅོད་སྲིད་དབང་རྒྱུན་སྐྱོང་དང་ང་གཙོའི་སེམས་ཁམས་དེ་ཆགས་ཡོད། མི་དམངས་མ་དགའ་བའི་ཚུལ་དེ་སྒེར་གཅོད་པ་དག་གི་མིག་ནང་དུ་འབངས་ངན་ཀྱི་གཡོ་སྒྱུ་ལས་མ་འདས་པས་འབངས་ངན་དེ་ཚོ་གསོད་རྒྱུ་གཏུབ་རྒྱུ་ནི་གྲོག་མ་ཞིག་དང༌། ཤིག་ཅིག་ལས་མི་སྣང༌། དེའི་ཕྱིར། མི་དམངས་འུ་ཐུག་ཏེ་ཡར་ལངས་ནས་ངོ་རྒོལ་བྱེད་སྐབས་ཁོང་ཚོ་ད་དུང་དབང་ཤེད་ནི་ཀུན་འཇོན་ནོ་བསམ་པའི་རེ་སྟོང་བཅངས་ནས་བསྡད་ཡོད།
ཨེ་ཇེབ་ཧྲིལ་བོས་མའུ་བྷ་རག་སྲིད་སྟེགས་ལས་འབབ་དགོས་པའི་འབོད་སྒྲ་ངར་གྱིས་བསྒྲགས་དུས། མའུ་བྷ་རག་གིས་ད་དུང་རྒྱལ་ཁབ་དང་མི་དམངས་ཀྱི་ལས་དབང་སྐྱིད་སྡུག་ལ་དང་དུ་བླངས་ནས་ཕྱི་ཟླ་དགུ་བའི་འོས་འདེམས་བར་སྲིད་དབང་སྐྱོང་རྒྱུ་ཡིན་ལུགས་ཁྱབ་བསྒྲགས་དང་སྦྲགས། ཨེ་ཇེབ་ནི་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པས་ཕྱིའི་རྒྱལ་ཁབ་དག་གི་གནོན་ཤུགས་ལ་མགོ་བོ་མི་སྒུར་ཞེས་ཨུ་ཚུགས་རྒྱག་ཞོར་དུ་ཨེ་ཇེབ་མི་དམངས་ཕྱི་རྒྱལ་དབང་ཤེད་ཅན་གྱི་གཡོ་འོག་ཏུ་མི་ཚུད་རྒྱུ་དང་། འབངས་ངན་ངོ་རྒོལ་བ་ཚོ་མྱུར་དུ་རང་དབང་ཐང་ཆེན་ནས་ཕྱིར་རང་ཁྱིམ་དུ་ལོག་དགོས་པའི་བཙན་བཀའ་བཏང་སྟེ་མི་རིགས་རིང་ལུགས་བསླང་ཐབས་བྱས་ཡོད། འོན་ཀྱང་། ཁོང་གི་ཨུ་ཚུགས་ལ་རག་པའི་ལོན་པ་ནི་དེ་ལས་ཀྱང་ཆེ་བའི་ཨུ་ཚུགས་དང་དྲག་པོའི་ཁོང་ཁྲོ་རེད། དེའི་དབང་གིས་མའུ་བྷ་རག་གི་བརྙན་འཕྲིན་གཏམ་བཤད་བྱས་ནས་དུས་ཚོད་༡༢ཡི་རྗེས་སུ། མའུ་བྷ་རག་མི་དམངས་ཀྱི་འཕྱ་སྨོད་ཁྲོད། མི་དམངས་ཀྱི་མཆིལ་ཤག་ཁྲོད་རང་དབང་སྤུ་ཙམ་ཡང་མེད་པར་སྲིད་སྟེགས་ལས་བབས་སྟེ་བྲོས་བྱོལ་དུ་སོང༌།
ཐེངས་འདིའི་ཨེ་ཇེབ་གསར་བརྗེར་རྒྱལ་ཁ་ཐོབ་པ་དང་སྒེར་གཅོད་པ་མའུ་བྷ་རག་སྲིད་སྟེགས་ལས་ཕར་བསྐྲད་པ་དེས་གནད་དོན་གལ་ཆེན་ཞིག་གསལ་སྟོན་བྱས་ཡོད་པར་སྙམ། འཛམ་བུ་གླིང་འདིའི་གྲུ་ཁུག་གང་གི་མི་རིགས་ཡིན་ཡང་རུང། རིག་གཞུང་རྒྱབ་ལྗོངས་ཅི་འདྲ་ཞིག་ཡིན་ཡང་འདྲ། ཆོས་ལུགས་གང་དང་དད་པ་ཡོད་མེད་གང་ཡིན་ཡང་ཆོག ཤ་མདོག་དཀར་སེར་ནག་པོ་གང་ཡིན་ཡང་། དངོས་ཡོད་གནས་སྟངས་ཅི་འདྲ་ཞིག་གི་འོག་ཏུ་ཡོད་ཀྱང། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སེམས་གཏིང་དུ་རང་དབང་ལ་མོས་པའི་རེ་འདུན་བཅངས་ཡོད་ལ། ཚང་མས་རང་དབང་གི་མི་ཞིག་བྱ་འདོད་དང་ལ་རྒྱ་ཅན་གྱི་འཚོ་བར་རོལ་འདོད་ཡོད་པ་སྨྲོས་མ་དགོས།
ཐེངས་འདིའི་གསར་བརྗེའི་འོས་ལངས་དེའི་དོན་སྙིང་གཞན་ཞིག་ནི་ཨེ་ཇེབ་ནི་དཀྱིལ་ཤར་ས་ཁུལ་དུ་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་ལ། སྤྱིའི་མི་འབོར་ནི་དབྱེ་བ་བརྒྱད་དང་ས་ཡ་བཞི་ལྷག་རེད། འོ་ན་དཀྱིལ་ཤར་ས་ཁུལ་གྱི་ཆེས་ཆེ་བའི་རྒྱལ་ཁབ་ཨེ་ཇེབ་ལ་འཕོ་འགྱུར་འདི་འདྲ་ཆེན་པོ་ཞིག་བྱུང་བ་དེས་དཀྱིལ་ཤར་དང་ཨ་རབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད་དམ་ཟེར་ན། ཡོད་དེ། དཔེར་ན་རྗོར་ཌན་དང་ཡེ་མིན། ཨེ་རན། ལེ་བྷེ་ཡ་སོགས་སུ་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་རིགས་འབྱུང་དང་བྱུང་གིན་པ་ལྟ་བུས་མཚོན། དེའི་ཕྱིར་ཤུགས་རྐྱེན་དེ་གཞི་རྒྱ་ཆེ་ལ་ཡོང་སྟངས་ཤེད་དང་ལྡན་པས་དཀྱིལ་ཤར་གྱི་སྒེར་གཅོད་སྲིད་དབང་ལ་བཅོས་བསྒྱུར་དང་འཕོ་འགྱུར་གཏོང་རྒྱུར་དོན་སྙིང་ཤུན་ཏུ་ཆེ།
དོན་སྙིང་དེའི་ཐད་ནས་བསམ་བློ་བཏང་ན། ཨེ་ཇེབ་ཀྱི་གསར་བརྗེ་འོས་ལངས་དེ་དཀྱིལ་ཤར་ས་ཁུལ་ཙམ་མིན་པར། འཛམ་གླིང་ཧྲིལ་བོར་དོན་སྙིང་ཧ་ཅང་ཆེ་ལ། ལྷག་པར་དུ་རྒྱ་ནག
ཨེ་ཇེབ་ནང་བཞིན་ཆོས་ལུགས་ཀྱི་རྒྱབ་ལྗོངས་སྟུག་པོ་ཅན་ཞིག དཀྱིལ་ཤར་ནང་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་དམིགས་བསལ་ས་ཁུལ་ཞིག དེ་ལྟ་བུའི་ལོ་རྒྱུས་དང་དངོས་ཡོད་གནས་སྟངས། རྒྱབ་ལྗོངས་སོགས་ཀྱི་འོག་ཏུ་ཨེ་ཇེབ་མི་དམངས་ཡར་ལངས་པ་མ་ཟད། སྒེར་གཅོད་སྲིད་དབང་ལ་ངོ་རྒོལ་མཐར་ཐུག་བྱས་པའི་མཇུག་འབྲས་སུ་རྒྱལ་ཁ་ཐོབ་པ་དང་སྒེར་གཅོད་པ་སྲིད་སྟེགས་ལས་ཕར་བསྐྲད།
རྒྱ་ནག་དེ་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ཅིག་མིན་ལ། ཆོས་ལུགས་ཀྱི་རྒྱབ་ལྗོངས་སྟུག་པོ་ཅན་གྱི་རྒྱལ་ཁབ་ཅིག་དེ་བས་ཀྱང་མིན། རྒྱ་ནག་ནི་ཁྱིམ་སྲིད་ཀྱི་ལུགས་ལྟར་སྤྱི་ཚོགས་སྐྱོང་གིན་པའི་རྒྱལ་ཁབ་ཅིག་ཡིན། ཁྱིམ་སྲིད་དམ་འཇིག་རྟེན་པའི་ལུགས་ལྟར་སྐྱོང་གིན་པའི་རྒྱལ་ཁག་ཅིག་དམངས་གཙོའི་ལམ་བུར་ཞུགས་རྒྱུ་ཆོས་སྲིད་ཟུང་འབྲེལ་ཀྱི་ལུགས་ལྟར་སྲིད་སྐྱོང་གིན་པའི་སྤྱི་ཚོགས་ལས་སླ་པར་སྙམ། ཡིན་ནའང་དམངས་གཙོ་དང་རིག་གཞུང་གཉིས་ལ་འབྲེལ་བ་ཡོད་མེད་བཤད་དཀའ་ཡང་ང་རང་གི་ལྟ་ཚུལ་དུ་དམངས་གཙོ་འོས་འཚམས་ཡིན་མིན་དེ་མི་རིགས་དེའི་རིག་གནས་དང་ཐད་ཀར་འབྲེལ་བ་ཡོད་པར་འདོད་པས། རྒྱ་ནག་གི་རིག་གནས་ཀྱིས་དམངས་གཙོའི་ལམ་སྲོལ་རྒྱ་ནག་ལ་འོས་འཚམས་མིན་པ་ཐག་གིས་བཅད་ཡོད་ཟེར་མཁན་ཡོད་པ་ཇི་བཞིན་དེར་ཡིད་ཆེས་ཀྱང་ཡོད། འོན་ཀྱང་། སྐབས་འདིའི་གླེང་བྱ་དེ་མིན་སྟབས་དེའི་སྐོར་རེ་ཞིག་བཏང་སྙོམས་སུ་འཇོག་རྒྱུ་ཡིན།
རྒྱུ་མཚན་དེའི་དབང་གིས་ཨེ་ཇེབ་ཀྱི་གསར་བརྗེ་འོས་ལངས་ཀྱིས་རྒྱ་ནག་པ་ཚོར་ལ་ཤུན་ཏུ་རབ་ཏུ་ཆེ་བའི་དྲི་བ་ཞིག་དྲིས་ཡོད་པ་ནི། རྒྱ་ནག་མི་དམངས་ཀྱིས་མུ་མཐུད་ནས་སྲིད་དབང་སྒེར་གཅོད་ལམ་ལུགས་ལ་བཟོད་སྒོམ་བྱ་རྒྱུ་ཡིན་ནམ། ཡང་ན་བྱང་ཨ་ཧྥི་རི་ཀའི་ཐའོ་ནེ་སི་ཡའི་མི་མང་ཇི་བཞིན། དཀྱིལ་ཤར་གྱི་ཨེ་ཇེབ་མི་དམངས་ནང་བཞིན་དཔའ་ངར་ལྡན་པའི་ངང་ཡར་ལངས་ནས་སོ་སོའི་འབྱུང་འགྱུར་གྱི་བདེ་སྡུག་གི་ཆེད་དུ། རྒྱ་ནག་མི་རིགས་ཀྱི་ཕྱི་རབས་པ་ཚོའི་དོན་དུ་རྒྱ་ནག་ཞེས་པའི་འཛམ་གླིང་འདིའི་སྟེང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་འདིས་ཀྱང་སྒེར་གཅོད་ཚོགས་པ་སྟེ་དམར་ཤོག་ཚོགས་པ་ཕྱིར་བསྐྲད་ནས་རང་ཉིད་ལ་རང་དབང་དང་ལ་རྒྱ་ཅན་གྱི་འཚོ་བ་རོལ་སའི་ཞིང་ཁམས་ཤིག་བསྐྲུན་རྒྱུ་དེར་ཐུག་ཡོད། དེའི་ཕྱིར། དེར་དོན་སྙིང་ཆེན་པོ་ཡོད་པར་སྙམ།
འོན་ཀྱང་། ཁ་ཕྱིར་འཁོར་ནས་རང་རེའི་བོད་པའི་གནས་སྟངས་དང་ཨེ་ཇེབ་ཀྱི་གནས་སྟངས་གཉིས་གཤིབ་བསྡུར་ཞིག་བྱས་ན། དེ་གཉིས་ལ་འདྲ་ས་ཡོད་ལ་མི་འདྲ་སའང་མང། ཨེ་ཇེབ་ནི་རང་བཙན་གཙང་མ་ཡོད་པའི་རྒྱལ་ཁབ་ཅིག་རེད། བོད་ནི་བཙན་འཛུལ་བའི་དབང་བསྒྱུར་འོག་ཡོད་པའི་མི་རིགས་ཤིག་དང་། རང་གི་རྒྱལ་ཁབ་སྲུང་སྐྱོང་མ་ནུས་པར་གཞན་ལ་ཤོར་ནས་དེང་སང་གཞིས་བྱེས་གཉིས་སུ་གྱེས་པའི་མི་རིགས་ཤིག་ཡིན། ཨེ་ཇེབ་མི་དམངས་ཀྱིས་སྒེར་གཅོད་ལམ་ལུགས་ལ་འགག་རྒྱག་དང་རང་དབང་ཐོབ་ཐང་ལ་རྩོད་ལེན་བྱེད་ཀྱིན་ཡོད། སྤྱིར་བཏང་ང་ཚོ་བོད་པས་ཤོར་ཟིན་པའི་རང་ས་རང་ཡུལ་རྩོད་ཁལ་བྱེད་ཀྱིན་ཡོད་ལ་བྱེད་ཀྱང་དགོས། འོན་ཀྱང་དོ་ཞག་ལོ་དུས་ཤིག་ལ་ཐོབ་ཐང་ལས་རང་བཙན་རྩོད་ཀྱིན་མེད་ཟེར། གལ་ཏེ་དེ་དག་མི་འདྲ་སར་བགྲང་ཆོག་ན་རྩོད་གཞི་མེད་པའི་འདྲ་ས་ཉག་གཅིག་ཡོད་པ་དེ་ནི་ཆོས་ལུགས་དང་དད་པའི་རྒྱབ་ལྗོངས་ཡོད་པ་དེ་རེད།
ཨེ་ཇེབ་ཀྱི་གསར་བརྗེ་འོས་ལངས་ལ་རྒྱལ་ཁ་ཐོབ་རྒྱུར་གཞད་དུ་མེད་པའི་ནུས་ཤུགས་ཐོན་པའི་ཡོ་བྱད་དམ་ལག་ཆ་ཞིག་ནི་དེང་རབས་ཚན་རིག་ལག་རྩལ་གྱི་ཐོན་རྫས་སྟེ་གློག་ཀླད། གནས་འཕྲིན་དྲ་རྒྱ། ལག་འཁྱེར་ཁ་པར་སོགས་རེད། དེ་སྔོན་འཕྲུལ་རིགས་མ་དར་གོང་ངམ་དར་ཁྱབ་མི་ཆེ་བའི་དུས་སུ་དམིགས་བསལ་གྱི་དོན་རྐྱེན་ལ་རེ་སྒུག་བྱ་དགོས། དཔེར་ན་ཕྱི་ལོ་༡༩༨༩ལོར་རྒྱ་ནག་གི་སྲིད་འཛིན་ཧའོ་ཡོ་པང་སྐུ་གཤེགས་པ་ལྟ་བུའི་དོན་རྐྱེན་རེད། དེ་རིང་དེ་འདྲའི་དམིགས་གསལ་དོན་རྐྱེན་བྱུང་རྒྱུར་སྒུག་མི་དགོས། གློག་ཀླད་དྲ་རྒྱ་དང་ལག་འཁྱེར་ཁ་པར་གྱིས་གཅིག་གིས་གཅིག་ལ་ཡང་ན་གཅིག་གིས་དུ་མར་གནས་ཚུལ་མཁོ་སྤྲོད་བྱ་ནུས། སྲིད་གཞུང་གིས་ཚགས་པར། བརྙན་འཕྲིན་རླུང་འཕྲིན་སོགས་བཀག་འགོག་བྱ་སྲིད་མོད། ཚན་རིག་ལག་རྩལ་ཤིན་ཏུ་དར་ཆེ་བའི་དེང་གི་སྐབས་འདི་རུ་དྲ་རྒྱ་དང་ལག་འཁྱེར་ཁ་པར་སོགས་ལ་ཡོངས་སུ་བཀག་སྡོམ་བྱ་རྒྱུ་ནི་ཕལ་ཆེར་འཕྲུལ་སྣང་ཡིན། ཐེངས་འདིའི་ཨེ་ཇེབ་ཀྱི་གསར་བརྗེ་དེའང་ལག་འཁྱེར་ཁ་པར་དང༌། གློག་ཀླད། གྷོ་གྷོལ་དྲ་རྒྱ་སོགས་བཀོལ་ནས་ཕན་ཚུན་བར་རྩ་འཛུགས་དང༌བརྡ་རྒྱག་པ། སྐུལ་སློང་སོགས་བྱས་ནས་མི་དམངས་ཀྱི་ཚོར་ཤེས་བསྐུལ་སྤེལ་བྱས་ཐུབ་ཡོད།
དམིགས་བསལ་གྱི་དོན་རྐྱེན་ལས་དམིགས་བསལ་གྱི་དོན་རྐྱེན་བསླངས་པ་གོང་ཞུས་ཇི་བཞིན་དཔེར་མཚོན་ཡོད་ཀྱང༌། རང་རེའི་བོད་པ་ལ་དམིགས་བསལ་ཀྱི་དོན་རྐྱེན་ལས་དམིགས་བསལ་གྱི་ཚོར་བ་བསླངས་ཐུབ་མེད། དེའང་བོད་མི་ཚང་མའི་སེམས་སུ་ནམ་ཡང་འཇགས་ཐབས་བྲལ་བའི་ཀུན་གཟིགས་པན་ཆེན་རིན་པོ་ཆེ་བཀྲོངས་པའི་དོན་རྐྱེན་དེ་རེད། སྤྱི་ལོ་༡༩༨༩ལོའི་ཕྱི་ཟླ་༡པོའི་ནང་ཀུན་གཟིགས་པན་ཆེན་རིན་པོ་ཆེ་གཙང་བཀྲ་ཤིས་ལྷན་པོ་རུ་ཅི་ཡིན་འདི་ཡིན་མི་ཤེས་པར་སྙིང་གི་ནད་ཚས་གློ་བུར་དུ་གྲོངས་སོང་ཞེས་རྒྱ་ནག་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་དུས་རྒྱ་ཆེའི་བོད་མི་དམངས་ཀྱིས་མ་ཎི་འགའ་དང་མཆོད་མེད་ཀོང་བུ་གང་གིས་ཕར་བསྐྱལ་ཡོད། དེ་མིན་པའི་ཤེས་རྒྱ་མཐོང་རྒྱ་ཅན་གྱི་བོད་པ་སྐོར་ཞིག་གིས་ཇ་ཁ་ཆང་ཁ་རུ་དོགས་པའི་གླེང་སློང་ཙམ་ལས་དོན་རྐྱེན་ཞིག་ཏུ་གྱུར་ཐུབ་མེད། དུས་དེ་ནས་བཟུང་གུང་ཐང་རིན་པོ་ཆེ་བཀྲོངས་པ་རེད་ཟེར། མཁན་པོ་འཇིགས་མེད་ཕུན་ཚོགས་བཀྲོངས་པ་སོགས་དམིགས་བསལ་གྱི་དོན་རྐྱེན་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་ཡང་བོད་ཁུལ་དུ་སྡུག་བསྔལ་གྱི་སྨྲེ་སྔགས་ཙམ་ལས་ཅི་ཡང་བྱུང་མེད། བོད་མི་དམངས་ཀྱི་ནང་སེམས་ཀྱི་འགྱུར་བ་དང་ཕྱི་རྣམ་པའི་བྱ་སྤྱོད་ལས་རྒྱ་ནག་དམར་ཤོག་ཚོགས་པས་ཤེས་རྟོགས་བྱུང་བ་ནི་བོད་མི་མང་ལ་དམིགས་ཀྱི་ཚོར་བ་མེད་པ་དང་ཁོང་ཚོའི་ཐབས་ཇུས་དེ་ནོར་མེད་པ་བདེན་དབང་ཐོབ། དེའི་ཕྱིར་ཀུན་གཟིགས་པན་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་དུས་ཀྱང་ཁོང་ཚོས་བོད་ཀྱི་ཡང་སྲིང་ངོས་འཛིན་གྱི་སྲོལ་རྒྱུན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་གང་ལའང་ཁ་ཡ་མི་བྱེད་པར་རང་འདོད་ལྟར་བྱིས་པ་ཞིག་ཁྲིད་ཡོང་ནས་འདི་པན་ཆེན་རིན་པོ་ཆེའི་ཡང་སྲིད་སྤྲུལ་སྐུ་ཡིན་ཞེས་བཙན་བཀལ་བྱས་དུས་བོད་མི་དམངས་ཀྱི་ལགས་སོ་ལས་ ནང་གི་ཞེ་སྡང་དང་སྡུག་བསྔལ་སོགས་ཀྱི་འགྱུར་བ་ཅི་ཡང་ཕྱི་རུ་བཏོན་མེད། རྒྱུ་མཚན་དེའི་དབང་གིས་རྒྱ་ནག་གཞུང་གིས་མ་འོང་པར་རང་འདོད་ལྟར་བྱིས་པ་ཞིག་ལ་རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་བའི་ཡང་སྲིད་སྤྲུལ་སྐུ་རུ་ངོས་འཛིན་བྱས་ན་བོད་མི་ཚོར་ཚོར་བ་མེད་ལ་དམིགས་བསལ་གྱི་དོན་རྐྱེན་ཞིག་ཏུ་གྱུར་མི་སྲིད་པར་གདེང་ཚོད་བརྒྱ་ཆའི་བརྒྱ་ཡོད་པས་ད་ལྟ་ནས་དབང་ཚད་ཡོད་ཚད་དབུས་གཞུང་ལ་ཡོད་ལུགས་འུར་གྱིས་བསྒྲགས་དང་སྒྲོག་གིན་པ་ང་ཚོས་རིག་རྒྱུ་གོ་རྒྱུ་ཡོད་པ་དེ་རེད། དེའི་འདྲིའི་གནས་སྟངས་བྱུང་དགོས་པ་དེ་རྒྱ་ནག་གཞུང་གི་ཧམ་སེམས་ཙམ་ལས་ང་ཚོ་བོད་མིའི་སྡར་མིའི་ཆ་ལུགས་ཀྱི་སྐྱོན་ཡང་འདུས་ཡོད།
ལག་འཁྱེར་ཁ་པར་གྱིས་འོས་ལངས་ལས་འགུལ་རིགས་ལ་ཐོན་པའི་ནུས་པ་གླེང་ཡོང་ཚེ། ང་ཚོ་ལའང་གཅིག་མཚུངས་ཀྱི་ཉམས་མྱོང་ཡོད་ལ། དེའང་༢༠༠༨ལོའི་བོད་མིའི་ཞི་རྒོལ་ཆེན་མོའི་སྐབས་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་གང་རུང་ཞིག་ཏུ་ལས་འགུལ་རིགས་ཅི་ཞིག་སྤེལ་ཡང་ཅུང་མི་འགོར་བར་འཛམ་གླིང་ཡུལ་གྲུ་སོ་སོ་ན་ཡོད་པའི་མི་མང་གི་སྤྱན་ལམ་དང་སྙན་ལམ་དུ་ཕུལ་ཐུབ་པའི་ནུས་པ་དེ་ནི་ལག་འཁྱེར་ཁ་པར་གྱི་ཐོན་པ་རེད། དེ་བཞིན་ལག་འཁྱེར་ཁ་པར་གྱི་གནས་ཚུལ་རིགས་སྐབས་ཐོག་དེར་མཁོ་སྤྲོད་ཐུབ་པ་མ་ཟད། པར་རིས་དང་ཡང་ན་བརྙན་པར་གྱི་ལམ་ནས་ཀྱང་གཏོང་ནུས་པས་རྫས་ཀྱི་ནུས་པ་བསམ་མི་ཁྱབ་ཅེས་པ་བཞིན་འཕྲུལ་རིགས་ཡོ་བྱད་ཀྱི་ནུས་པ་བསམ་མི་ཁྱབ་པའི་དུས་རབས་སུ་བསླེབས་ཡོད།
ད་ལྟ་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ལག་འཁྱེར་ཁ་པར་གྱི་ཁྱབ་གདལ་གྱི་ཚད་ནི་ཕལ་ཆེར་མི་རེའི་ལག་ན་ཁ་པར་རེ་ཡོད་ལ། རྒྱ་ནག་ནང་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་མི་དུང་ཕྱུར་བཞི་དང་བྱེ་བ་ལྔ་ཡོད་པས། འཕྲུལ་རིགས་ལག་རྩལ་གྱི་ཆ་རྐྱེན་རྒྱ་ནག་ལ་ཚང་ཡོད། ད་ལྟ་རྒྱ་ནག་མི་དངམས་ཀྱི་མདུན་དུ་ལྷག་པ་ནི་འདི་ལྟ་བུའི་དྲི་བ་གཉིས་ལས་མ་འདས། གཅིག་ནི་ཁྱེད་ཀྱིས་མའུ་བྷ་རག་ལས་ལྡབ་གཅིག་ལྷག་གི་དུས་ཡུན་རིང་རྒྱ་ནག་ལ་དབང་བསྒྱུར་བྱས་པའི་དམར་ཤོག་ཚོགས་པའི་ངོ་གདོང་ངོ་མ་དེ་མཐོང་ཐུབ་པའི་བློ་མིག་ཡོད་དམ་མེད། གཉིས་པ་ནི་རྒྱ་ནག་མི་དམངས་ལ་རང་གི་ལས་དབང་རང་གིས་ཐག་གཅོད་བྱ་ཆེད་ངོ་རྒོལ་བྱ་རྒྱུའི་བློ་སྟོབས་ཡོད་དམ་མེད་ཅེས་པ་དེ་གཉིས་རེད།
གནས་ཚུལ་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་ནང་ཁུལ་དུ་ལོ་རེར་ངོ་རྒོལ་རིགས་ཆེ་མ་ཆུང་གསུམ་འབུམ་གཅིག་ལྷག་འབྱུང་གིན་ཡོད་པར་གཞིགས་ན། རྒྱ་ནག་མི་དམངས་ཁྲོད་དུ་ཨེ་ཇེབ་མི་དམངས་སྒེར་གཅོད་པ་མའུ་བྷ་རག་ལ་སྡང་བ་ཇི་བཞིན་གྱི་སེམས་ཚོར་ཡོད་པ་ཁག་ཐེག་རེད། འོན་ཀྱང། རྒྱ་ནག་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་གཉིས་ལྷག་རིང་གི་བཀས་བཀོད་རྒྱུད་འཛིན་ལམ་ལུགས་རྒྱུན་སྐྱོང་དང་ངོས་ལེན་བྱས་པ་མ་ཟད། མདོག་ཙམ་འགྱུར་ཡང་གཞི་རྐང་གཅིག་མཚུངས་ཡིན་པའི་ལམ་ལུགས་དང་ཐབས་ལམ་དེད་ནས་དེ་རིང་བར་དུ་བསླེབས་པའི་སྤྱི་ཚོགས་ལམ་ལུགས་རྒྱུན་འཁྱོངས་བྱས་པར་འདང་རེ་བརྒྱབ་ན། ཁོང་ཚོའི་ཁྲག་རྒྱུན་ན་བྲན་འགྱུར་རིག་གནས་ལས་ཐར་རྒྱུའི་ཕྲ་ཕུང་དེ་མེད་པའི་ཚོར་བ་ཞིག་ཀྱང་ངང་གིས་སྐྱེས་ཡོང་བས། ངས་རྒྱ་ནག་མི་དམངས་ཀྱི་ཧ་ལས་དགོས་པའི་བཟོད་སྒོམ་མམ་བྲན་འགྱུར་རིག་གནས་ལས་འབྱུང་པའི་བསམ་བློའི་འདུ་ཤེས་དེ་ཁོང་ཚོའི་ལོ་ངོ་ལྔ་སྟོང་ཅན་གྱི་རིག་གནས་དང་ཁ་གཏད་ན་འགྲིག་མིན་ཁ་ཚོན་གཅོད་མ་ནུས།
བོད་ལའང་དེ་དང་གཅིག་མཚུངས་མིན་ཡང་རིགས་ཉེ་བའི་གཤིས་བརྒྱུད་ཡོད་པ་རང་ཉིད་བོད་པ་ཞིག་ཡིན་པས་ངེས་ཟིན་ཡོད། འདོད་ཆུང་ཆོག་ཤེས་དང་བཟོད་སྒོམ་ལ་སོགས་པ་དེ་ང་ཚོ་བོད་པས་རིག་གནས་དང་བསམ་བློའི་ཀུན་སྤྱོད་དང་སྦྱར་ཡོད། ཡིན་ན་ཡང་གྲུ་ཟུར་གཞན་ཞིག་ནས་བལྟས་ན་དེ་དག་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོག་རྡོ་ཡིན། བོད་པའི་རྒྱུད་ན་ལེ་ལོ་དང་སྒྱུད་ལུག་མང་དྲགས་པ་དང་བརྩོན་འགྲུས་ཉུང་དྲགས་པ་དེ་རིག་པས་དཔྱོད་དང་ཤེས་ཐུབ། དེ་མིན་རང་ལ་མི་རྟེན་གཞན་ལ་རྟེན་པའི་སེམས་པ་ནི་བོད་པའི་རང་ས་རང་ཡུལ་ཤོར་དགོས་རྐྱེན་གཙོ་བོ་དེ་ཡིན་ལ། ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། ས་སྐྱ་ཚང་ནས་རྒྱལ་དབང་བཅུ་གསུམ་པའི་བར་གྱི་བོད་ཀྱི་གཞུང་འཛིན་པ་དག་གིས་སོ་སོའི་དབང་ཤེད་དང་ཡང་ན་གྲུབ་མཐའ་གང་གི་དབང་ཆ་དམ་སྲུང་གི་ཆེད་དུ་ཐབས་ལམ་སྣ་ཚོགས་བཀོལ་ནས་རྒྱབ་རྟེན་བཙལ་ཡོད་པའི་ཚུལ་དང༌། གཞན་ལ་བརྟེན་ནས་རང་ཉིད་འཚོ་ཐབས་དང་གཞན་ལ་བརྟེན་ནས་ནང་དགྲ་གནོན་ཐབས་ཀྱི་གཞན་རྟེན་གྱི་སེམས་པ། འོན་ཀྱང༌། ཁོང་ཚོའི་བློ་ངོར་མ་ཤར་ཞིག་ནི་སོག་པོ། མན་ཇུ། རྒྱ་ནག་སོགས་རྒྱབ་རྟེན་དུ་བཙལ་བ་དང་འགྲོས་མཉམ་གྱིས་ཕྱི་དགྲ་ནང་ལ་འདྲེན་པ་དེ་རེད། དེ་མིན་དུས་དེ་རིང་ཡང་མི་རིགས་འདིའི་མ་འོང་བ་དང་རེ་བ་ཡོད་ཚད་༧གོང་ས་མཆོག་གཅིག་པུའུ་ཕྲག་ལ་བཙན་གྱིས་བཀལ་ནས། ཁྱེད་ཀྱིས་འཇོན་པས་ཁྱེད་ཀྱིས་རྩོད་རོགས་གནོངས། ཁྱེད་ཉིད་ལྷ་དང་མི་རྣམས་ཀྱི་མགོན་སྐྱབས་ཡིན་པས་ཁྱེད་ཀྱིས་སྐྱོབ་རོགས་སོགས་ཀྱི་མཚོན་པའི་རང་གིས་མི་རྩོལ་རེ་སྒུག་དང་གཞན་ལ་སྐྱབས་བཅོལ་བའི་སེམས་ཁམས། དེང་གི་སྐབས་འདུ་རུ་ང་ཚོས་རེ་སྒུག་ནི་འཆི་བ་ཡིན་པའི་གནས་ལུགས་དེ་ངེས་པར་དུ་ཤེས་དགོས།
གལ་སྲིད་རྒྱ་ནག་ནང་གསར་བརྗེ་བྱུང་ཚེ་དམག་མིས་མི་དམངས་ལ་སྲུང་སྐྱོབ་བྱ་སྲིད་དམ་ཡང་ན་སྒེར་གཅོད་པར་རྒྱབ་སྐྱོར་བྱ་སྲིད་པར་ཚོད་དཔོག་ཅིག་བྱ་འདོད་བྱུང༌། ཨེ་ཇེབ་ནང་མེ་ཏོག་མ་ལི་ཀ་གསར་བརྗེ་བསླངས་ནས་ཅུང་མ་འགོར་བར་ཨེ་ཇེབ་ཀྱི་དམག་གིས་བོའུ་ཁ་མི་དམངས་ལ་མི་སྐོར་ཞེས་གསལ་བསྒྲགས་བྱས་ནས་སྒེར་གཅོད་པ་མའུ་བྷ་རག་ལ་རྒྱབ་སྐྱོར་མི་བྱ་རྒྱུ་བསྟན་ཡོད་པ་ཇི་བཞིན་དུ། དེ་རིང་གི་རྒྱ་ནག་གི་དམག་དཔུང་གིས་ཀྱང་བོའུ་ཁ་མི་དམངས་ལ་མི་སྐོར་རྒྱུ་ང་ལ་ཡིད་ཆེས་ཡོད། འདི་རུ་བརྗོད་པའི་མི་དམངས་ནི་རྒྱ་རིག་མི་དམངས་ཁོ་ན་ཟེར་གིན་ཡོད། འོ་ན་ལོ་ངོ་༢༠འི་སྔོན་པེ་ཅིན་གནམ་བདེ་སྒོ་མོའི་ཆེའི་ཐང་ཆེན་དུ་བསླངས་པའི་༦-༤དོན་རྐྱེན་སྐབས། རྒྱ་ནག་དམག་དཔུང་གིས་ལག་ན་ལག་ཆ་མཐོ་གང་ཡང་མེད་པའི་སློབ་མ་ཚོ་དམར་གསོད་བྱས་པ་མ་ཡིན་ནམ་ཤེ་ན། དེ་དེ་བཞིན་རེད། འོན་ཀྱང་སྐབས་དེའི་དོན་རྐྱེན་དེར་དྲག་གནོན་བྱེད་མཁན་གཙོ་བོ་ནི་ཏིན་ཞོ་ཕེན་ཡིན་པ་དང་། ཚང་མས་ཤེས་གསལ་ལྟར་ཏིན་ཞོ་ཕེན་ནི་མའོ་ཙེ་ཏུང་དང་མཉམ་དུ་ནང་གི་དགྲ་བོ་ཡོད་དོ་ཅོག་རྩ་མེད་དུ་བཏང་ནས་རྒྱ་ནག་གཅིག་གྱུར་བྱེད་མཁན་གྱི་འགོ་ཁྲིད་ཐོག་མའི་གྲས་ཡིན་པ་མ་ཟད། ད་དུང་ཆེས་མཁྲེགས་པོ་དང༌། ཆེས་གཏུམ་པོ། ཆེས་དབང་ཐང་ཅན་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཐོག་མའི་གྲས་ཀྱང་རེད། ཏིན་ཞོ་ཕེན་ལྟ་བུའི་དབང་ཆ་ཡོད་ཚད་གཅིག་ལྕོགས་ཀྱི་འགོ་ཁྲིད་ཅིག་གིས་ཀྱང་སློབ་མར་དྲག་གནོན་བྱ་རྒྱུར་བློ་ཐག་མ་ཆོད་པར་རྒྱ་ནག་ལྷོ་ཕྱོགས་ཀྱི་དམག་ཁུལ་ཁག་ཏུ་སོང་ནས་དམག་སྤྱི་རྣམ་དང་གོ་བསྡུར་བྱས་ཡོད། རྒྱ་ནག་གི་དམག་སྤྱི་དང་དམག་མི་ཚོས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དོན་དམ་པའི་དོན་དག་ཅི་ཞིག་བྱུང་ཡོད་པ་ཁོང་ཚོས་ཤེས་མེད། ༼འབྱོར་ལྡན་གྲལ་རིམ་གྱི་རང་དབང་ཅན་གྱི་བསམ་བློ་ཅན་ཚོས་གསར་བརྗེ་ལ་ངོ་ལོག་དང་རྒྱལ་ཁབ་མགོ་རྟིང་སློག་འདོད་ཀྱི་ངན་ཇུས་ཕམ་པར་རྒྱོབ་༽ཅེས་པའི་གོང་མའི་བཀའ་ལྟར་གློ་བུར་དུ་ཡོང་ནས་གློ་བུར་དུ་དྲག་གནོན་བྱས་ཏེ་ཞག་གཅིག་གི་རིང་གཙང་འཕྱག་བྱས་པ་རེད། གལ་ཏེ་རྒྱ་ནག་གི་དམག་མི་ཚོས་དོན་དག་གི་ངོ་བོ་གསལ་བོ་ཞིག་ཤེས་ཡོད་ཚེ་སློབ་མ་ཚོར་དམར་གསོད་བྱེད་མིན་ལ་ཐེ་ཚོམ་ཡོད། གཅིག་བགྱིས་ན་སློབ་མ་དེ་ཚོའི་ནང་རང་གི་བུ་ཕྲུག་ཀྱང་ཡོད་སྲིད།
ཨེ་ཇེབ་དམག་མི་ངོ་རྒོལ་བ་མི་དམངས་ཀྱི་དཔུང་ཁག་ནང་ཞུགས་དོན་ཡང་ཁོང་ཚོས་གནས་ཚུལ་དངོས་ལ་རྒྱུས་ལོན་ཐུབ་ཡོད་པས་རེད་ལ། གནས་ཚུལ་དངོས་དེ་ཤེས་རྗེས་དམག་མི་ཡིན་ཡང་ཁོང་ཚོའི་སྙིང་ནི་ཤས་གྲུབ་པས་བདེན་རྫུན་དང་ལེགས་ཉེས་ཀྱི་དབྱེ་བ་འབྱེད་ནུས། དེའི་ཕྱིར་མི་དམངས་ལ་བོའུ་ཁ་མ་བསྐོར་བ་རེད། དེ་བཞིན་དུ་དེ་རིང་རྒྱ་ནག་ནང་དེ་ལྟ་བུའི་དོན་རྐྱེན་ཞིག་བྱུང་པའི་དབང་དུ་བཏང་ན། ལོ་ངོ་༢༠འི་སྔོན་ནང་བཞིན་གནས་ཚུལ་ལ་གསང་མི་ཚུགས་པ་ད་གོང་ནས་བརྗོད་པའི་དྲ་རྒྱ་དང་ལག་འཁྱེར་ཁ་པར་གྱི་གྲངས་ཁ་ལས་ཤེས་ཐུབ། དེ་མིན་ཧའོ་ཇིན་ཐོའོ་དང་ཏིན་ཞོ་ཕེན་གཉིས་ཀྱི་འཇོན་ཐང་དང་དབང་ཤེད་སོགས་བསྡུར་ཚེ་གནམ་སའི་ཁྱད་པར་ཡོད། གོ་ཚོད་ལྟར་ན་སྲིད་འཛིན་ཧའོ་ཇིན་ཐའོ་ལ་དམག་དཔུང་གསུམ་བཀོད་འདོམས་ཀྱི་དཔང་ཆ་ཡོད་ཀྱང༌། དམག་དཔུང་དང་རྒྱ་ནག་མཐོ་རིམ་འགོ་ཁྲིད་བར་ཐ་དད་དུ་གྱུར་ཡོད་པ་ད་ལོའི་ཕྱི་ཟླ་དང་པོ་རུ་ཨ་རིའི་རྒྱལ་སྲུང་བློན་ཆེན་རཱ་བྷེ་ཊི་གྷེ་ཚི་པེ་ཅིན་དུ་འཚམས་གཟིགས་དུས་སུ། སྲིད་འཛིན་ཧའོ་ཇིན་ཐའོ་དང་མཇལ་མོལ་སྐབས་ཉིན་དེར་ཚོད་ལྟ་བྱས་པའི་རྒྱ་ནག་གི་གཟིགས་སྒྲུབ་གནམ་གྲུའི་སྐོར་དྲིས་དུས་ཧའོ་ཇིན་ཐའོ་ཡིས་ཧ་མ་གོ་བར་ཡར་འདྲི་མར་འདྲི་བྱས་རྗེས་ད་བཟོད་གནས་ཚུལ་དེ་འདྲ་ཞིག་ཡོད་མེད་མི་གསལ་ཞེས་ལན་འདེབས་བྱས་ཡོད་པས་མཚོན། རྒྱུ་མཚན་དེ་དང་དེ་ལྟ་བུ་མང་པོ་ཞིག་གིས་སྒྲུབ་ནུས་པ་ཞིག་ནི། གལ་ཏེ་དེ་རིང་ཨེ་ཇེབ་ནང་བཞིན་གྱི་དོན་རྐྱེན་ཞིག་རྒྱ་ནག་པེ་ཅིན་དུ་བྱུང་ཚེ་རྒྱ་ནག་གི་དམག་དཔུང་གིས་དྲག་གནོན་མི་བྱེད་པ་མ་ཟད། ཧའོ་ཇིན་ཐའོ་ཡིས་ཀྱང་དྲག་གནོན་གྱི་བཀའ་རྒྱ་གཏོང་མི་ཕོད།
རྒྱ་ཡིས་རྒྱ་ལ་བོའུ་ཁ་མི་སྐོར་རྒྱུར་ཡིད་ཆེས་ཡོད་མོད། ཡང་དེ་ལས་ལྡོག་སྟེ་ང་ཚོ་བོད་པ་དང་ཡུ་གུར་བ་སོགས་ལ་རྒྱ་ནག་གི་འགོ་ཁྲིད་ཚོས་བཀའ་རྒྱ་གཏོང་ཕོད་ལ་དམག་དཔུང་གིས་ཀྱང་བོའུ་ཁ་སྐོར་རྒྱུར་རྔམ་ནས་བསྡད་ཡོད་པ་དེ་སྔོན་༡༩༨༨ལོར་ལྷ་སའི་ཟིང་འཁྲུག་ཟེར་བའི་དྲག་གནོན་ནང་ཞུགས་མྱོང་བའི་རྒྱ་རིགས་དམག་མི་ཞིག་གིས་ཁོང་གི་ཉིན་ཐོའི་ནང་འདི་ལྟར་བྲིས་ཡོད་འདུག ༼ལྷ་སར་བསླེབས་ནས་ཉིན་ཤས་འགོར་སོང༌། གོང་རིམ་ནས་ད་དུང་མེ་མདའ་རྒྱག་ཆོག་པའི་བཀའ་རྒྱ་མ་བཏང་བས། དམག་མི་ཚོ་མི་གསོད་རྒྱུར་རྔམ་དྲགས་པས་འདུག་བཟོད་མེད་པའི་ཚོར་བ་དང་མཉམ་དུ་གོང་མའི་བཀའ་རྒྱར་རེ་སྒུག་བྱས་ཏེ་བསྡད་པ་ཡིན་༽ཞེས་པས་གསལ་སྟོན་བྱས་ཡོད།
རྒྱུ་མཚན་ནི་བོད་དང་ཡུ་གུར་བ་གསོད་རྒྱུ་ནི་རྒྱ་ནག་གི་མཐོ་ས་ནས་སྲིད་འཛིན་དང་དམའ་ས་ནས་མི་སེར་དཀྱུས་མའི་བར་ཁྲིམས་མཐུན་དུ་སྣང་ཡོད་པས་ཡིན། དཔེར་ར་༢༠༠༨ལོའི་བོད་མའི་ཞི་རྒོལ་དང་༢༠༠༩ལོའི་ཡུ་གུར་བའི་ངོ་རྒོལ་གཉིས་ཀྱི་སྐབས་སུ་རྒྱ་ནག་དམག་མིས་བོད་མི་དང་ཡུ་གུར་བ་ག་ཚོད་ཅིག་མེ་མདས་བསད་ཡོད་པ་ཤེས་ཐབས་མེད། ཁོང་ཚོས་བོད་དང་ཡུ་གུར་བ་ཚོ་གསོད་རྒྱུར་དགའ་མོས་ངང༌། རྩེད་མོ་རང་བཞིན་གྱིས་། འབུ་གྲོག་མ་ཞིག་གསོད་ཀྱིན་པའི་སྣང་བས། རང་གི་དགྲ་བོ་གསོད་ཀྱིན་པའི་འདུས་ཤེས་ཀྱིས་བསད་ཡོད་པ་དང་། ལྷ་ས་དང་ཨོ་རོམ་ཆི་སོགས་སུ་རྒྱ་རིགས་མང་ཚོགས་ཀྱིས་ལག་ཏུ་ལྕགས་ཁེམ་དང་དབྱུག་པ་སོགས་བཟུང་ནས་དམག་མི་ལ་ལག་རོགས་བྱས་པའི་ཚུལ་གྱིས་བོད་པ་དང་ཡུ་གུར་བར་རྡོང་རྡེག་བྱས་ཡོད་པའི་བསམ་བློའི་འཛིན་སྲོལ་ལས། དེ་རིང་བོད་ཁུལ་དང་ཡང་ན་ཡུ་གུར་ས་ཁུལ་དུ་འོས་ལངས་རིགས་ཅི་ཞིག་བསླང་ཚེ་དམར་གསོད་ཐེངས་ཤིག་གི་འགྲེམས་སྟོན་ལས་མེད་པ་ངས་ཐེག་གི་བཅད་ནས་བཤད་ཕོད།
ཁ་སང་དེ་རིང་གི་རྒྱ་ནག་དེ་དུས་རབས་ཉི་ཤུ་བའི་ནང་གི་རྒྱ་ནག་དེ་མིན་ལ། ཐ་ན་༢༠༠༦གི་སྔོན་གྱི་རྒྱ་ནག་དེ་ཡང་མིན། འཛམ་གླིང་དཔལ་འབྱོར་ཉམས་ཆག་དང་པེ་ཅིན་ཨོ་ལེམ་པེ་ཁི་རྩེད་འགྲན། ཧྲང་ཧེའི་འཛམ་གླིང་ཚོང་ཟོག་འགྲེམས་སྟོན་སོགས་ཀྱི་རྐྱེན་གྱིས་རྒྱ་ནག་གཞུང་དང་རྒྱ་རིགས་ཚོར་འཛམ་གླིང་འདིར་མི་ཤོང་བའི་ང་རྒྱལ་ཞིག་སྐྱེས་ཡོད། མདོར་དེད་ན་དེའང་ལྟོ་བ་འགྲེང་བ་ཙམ་དང་རྒྱབ་མ་གྲང་བ་ཙམ་ལས་བྱུང་བའི་ང་རྒྱལ་ཙམ་ལས་མ་འདས། ཉེ་ལམ་རྒྱ་ནག་དེ་འཛམ་གླིང་དཔལ་འབྱོར་ནུས་སྟོབས་ཅན་ཨང་གཉིས་པར་གྱུར་ཡོད་ནའང་དེ་ནི་གྲངས་ཀའི་རྩེད་མོ་ཙམ་རེད། དོན་དམ་པའི་རྒྱ་རིགས་མི་དམངས་༩༩.༦%ད་དུང་ལྟོ་རྒྱབ་ཁོ་ནའི་དོན་དུ་འབད་ཀྱིན་ཡོད་ལ། རྒྱ་ནག་གི་རྒྱུ་ནོར་ཡོད་ཚད་རྒྱ་ནག་གི་རྒྱུ་དབང་གཉིས་འཛོམས་ཀྱི་མི་གྲངས་༠.༤%ཡིས་ལོངས་སུ་སྤྱོད་ཀྱིན་ཡོད། གལ་ཏེ་རྒྱ་ནག་གི་དཔལ་འབྱོར་དེ་འདྲའི་མགྱོགས་མྱུར་ངང་འཕར་ཐུབ་པའི་རྒྱུ་རྐྱེན་དེ་གང་ལ་རག་ལས་ཡོད་ཅེ་ན་དེ་ནི་གོ་སྐབས་ཤིག་ཏེ་ཨོ་ས་མ་པེན་ལ་ཊེན་གྱིས་བསྩལ་བའི་བསྐལ་བ་སྟོང་ལ་མི་རག་པའི་གོ་སྐབས་ཤིག་ཡིན་པས། ཁ་ཆེའི་དཔའ་བོ་པེན་ལ་ཊེན། རྒྱ་ནག་པ་ལ་བཀའ་དྲིན་ཆེ་ཞེས་རྒྱ་ནག་པ་ཁོང་ཚོས་བརྗོད་ཀྱིན་པ་དེ་དེ་བཞིན་རེད། ཡིན་ན་འང་དཔའ་བོར་དད་པའི་མི་རིགས་ཤིག་ནི་འགྲོ་བ་རིགས་དྲུག་ཡོངས་ཀྱི་ཞི་བདེའི་གེགས་ཆ་ཡིན།
ཅུང་ཡངས་པའི་བློ་མིག་གིས་ཞིབ་ཏུ་དཔྱད་ན་། རྒྱ་ནག་གི་རིག་གནས་དང་དམངས་གཙོ་གཉིས་འགལ་ཟླ་རུ་སྣང་ཡང༌། དེང་སྐབས་རྒྱ་ནག་ཕྱི་ནང་གཉིས་སུ་རྒྱ་རིགས་སྐོར་ཞིག་གི་སེམས་སུ་དམངས་གཙོ་ལ་རེ་སྨོན་བྱས་ཡོད་པ་མཐོང་ཐུབ། གཅིག་བགྱིས་ན་དུས་རབས་ཉེར་གཅིག་པའི་དེ་རིང་། རྒྱ་ནག་མི་དམངས་ལ་དམངས་གཙོ་མི་མཁོ་བའི་རྣམ་པ་ཞིག་ཤར་ཡོད་པ་དེ་རྒྱ་ནག་དམར་ཤོག་ཚོགས་པས་ལོ་མང་རིང་བླུན་སྒྱུར་སློབ་གསོ་བྱས་པར་རག་ལས་ཡོད་ཀྱང་སྲིད། རྒྱ་ནག་མི་དམངས་ཀྱི་དེ་རིང་གི་བསྒྲུབ་བྱ་ནི། དེ་སྔོན་རྒྱ་ནག་མང་ཚོགས་ཀྱིས་བཅོས་བསྒྱུར་ཆེད་དམར་ཤོག་ཚོགས་པར་ཞུ་བ་བྱེད་རྒྱུ་དང་གུས་ཕྱག་དང་བཅས་ཞུ་ཡིག་ཕུལ་པའི་རིག་ལམ་རྙིང་པའི་རིགས་དོར་ནས་སོ་སོའི་རྐང་པའི་སྟེང་ཡར་ལངས་ནས་སྒེར་གཅོད་སྲིད་དབང་ཕར་བསྐྲད་ནས་ལོ་རྒྱུས་ལ་བསྡོམས་ཚིག་འཇོག་རྒྱུ་དང་། རྒྱ་ནག་མི་དམངས་ཀྱིས་ཨེ་ཇེབ་དང་ཡོ་རབ་ཤར་མའི་མི་དམངས་ཇི་བཞིན་རང་གི་རྒྱལ་ཁབ་ལ་བདག་སྐྱོང་བརྒྱབ་ཏེ་དམངས་གཙོ་དང་རང་དབང་གི་ལམ་དུ་བསྐྱོད་རྒྱུ་དེ་རེད།
ཨེ་ཇེབ་གསར་བརྗེར་རྒྱལ་ཁ་ཐོབ་པ་དེས་རྒྱ་ནག་མི་དམངས་ཀྱིས་དམར་ཤོག་སྒེར་གཅོད་ཀྱི་སྲིད་དབང་གདུག་རྩུབ་ཅན་དང་ཁེ་བཟང་དབང་ཤུགས་ཚོགས་ཁག་ལ་ངོ་རྒོལ་བྱ་རྒྱུར་སྐུལ་མ་ཐེབས་ཡོད་པ་སྨྲོས་མ་དགོས། དེ་བཞིན་དུ་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ཚོགས་ཁག་ལའང་ཅུང་བརྡ་ཞིག་སྤྲད་ཡོད། དཔེར་ན་ཟླ་གཉིས་པའི་ཚེས་༢༠འི་ཉིན་པེ་ཅིན་གྱི་ཝང་ཧྥུ་ཅིན་ཞེས་པའི་སྲང་ལམ་ན་ཡོད་པའི་མཱེ་ཁི་ཌོ་ནལ་ཟ་ཁང་གི་མདུན་དང་ཧྲང་ཧེ་གྲོང་ཁྱེར་སོགས་སུ་འཆམ་འཆབ་དུ་འགྲོ་བ་དང༌། རུབ་ལྟ་སོགས་ཀྱི་ལམ་ནས་རྒྱ་ནག་གི་མེ་ཏོགམ་ལི་ཀ་གསར་བརྗེ་བསླང་ཐབས་བྱས་དང་བྱེད་ཀྱིན་པ་ལྟ་བུའོ།
འོན་ཀྱང་རྒྱ་ནག་སྒེར་གཅོད་ཚོགས་ཁག་དང་ཨེ་ཇེབ་སྒེར་གཅོད་པ་གཉིས་ལ་རང་གི་སྲིད་དབང་དེ་ནི་མི་ཞིག་རྡོ་རྗེ་ཕ་བོང་དང་སྲིད་དབང་གི་ནུས་ཤུགས་ཀྱིས་ཡོད་ཚད་ལ་ཁ་ལོ་བསྒྱུར་ནུས་པར་ཞེན་ཆགས་པའི་གཅིག་མཚུངས་ཀྱི་དད་འདུན་ཡོད། དེ་ལྟར་ཡིན་སྲིད་མོད་ཀྱང༌། ཨེ་ཇེབ་གསར་བརྗེ་ཡིས་ཁྱེད་རང་ཚོའི་མིག་ལམ་དུ་གསལ་བོར་མངོན་པ་ནི། ཁྱེད་རང་ཚོ་ལ་མོས་མཐུན་ཡོད་མེད་གང་ཡིན་རུང༌། ཡིད་ཆེས་ཡོད་མེད་གང་ཡིན་རུང༌། ཁྱེད་ཚོས་དོགས་ཟོན་ཇི་ལྟར་བྱས་ཀྱང་།དོ་དམ་བྱེད་ཐབས་ཇི་ལྟར་ཞིབ་ཚགས་ཡིན་རུང༌། བཀོལ་སྤྱོད་བྱེད་ཀྱིན་པའི་ཐབས་ལམ་ཅི་འདྲིའི་གདུག་རྩུབ་ཆེ་རུང༌། རྒྱ་ནག་དམངས་ཁྲོད་དུ་ཁ་ཐོར་ཀྱི་ངོ་བོས་ལངས་དང་ལང་གིན་པའི་ཆེ་མ་ཆུང་གསུམ་གྱི་ངོ་རྒོལ་དེའི་རིགས་ཉི་མ་ཞིག་ལ་རྒྱལ་ཡོངས་རང་བཞིན་གྱི་གསར་བརྗེ་ཞིག་ཏུ་གྱུར་སྲིད་ལ། སྐབས་དེ་དུས་མི་དམངས་ཀྱི་ཀི་བསྭོ་ཡི་ཁྲོད་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དེ་སྒེར་གཅོད་སྲིད་དབང་གདུག་རྩུབ་ཅན་གྱི་དུར་ས་རུ་གྱུར་སྲིད་ལ། མའུ་བྷ་རག་གི་དེ་རིང་ནི་ཁྱེད་ཚོའི་སང་ཉིན་ཡིན།
ཕྱི་ལོ་༢༠༡༡ལོའི་ཟླ་༣པའི་ཚེས་༡༦ཉིན།
ཨ་རིའི་རྒྱལ་ས་ཝ་ཞིན་ཊིན་ནས་
ཨེ་ཇེབ་ཀྱིས་སྲིད་འཛིན་བཙན་ཤེད་ཀྱིས་བསྐྲོད་དགོས་ཐུག་པ་དང་། བོད་ཀྱིས་དབུ་ཁྲིད་བཙན་ཤེད་ཀྱིས་སྡོད་དགོས་ཞེས་བསྐུལ་བཞིན་པ་འདི་གཉིས་བར་གནམ་སའི་བར་ཁྱད་ཡོད་པར་མ་ཟད། རྒྱ་གར་དམངས་གཙོས་ལོ་ངོ ༥༠རིང་དྲི་ཙམ་གྱི་ཤུགས་རྐྱེན་ཡང་དེང་གི་བར་འདེམས་པའི་སྤྱི་འཐུས་ཁག་ཅིག་ལ་ཐེབས་ཐུབ་མེད་པ་དེ་སྟོན་བཞིན་པས། འདི་ནི་རླུང་རྟ་མར་འགྲོ་དང་བོད་དོན་འཇིག་བྱེད་ཀྱི་རྒྱུ་རྐྱེན་ཅིས་མ་ཡིན།