རྔ་བ་རྒྱལ་ཁམས་པ།
————————-
སྤྱི་ལོ་སྔོན༣༠༠
སྟོན་པ་ཟེ་ནོ་དང་འདྲ་བར་མཚན་ཉིད་པ་ཆེན་པོ་ཨེ་ཕེ་ཁོ་ར་སི་མཆོག་གིས་ཀྱང་། བདག་ཆེན་ས་ཁུར་ཁྲེ་སིའི་འཇིག་རྟེན་ལྟ་ཚུལ་གྱི་དགོངས་པ་ཚད་མར་འཛིན་ཅིང་། ནང་སེམས་ཀྱི་ཞི་བདེ་བརྒྱུད་མི་ཚེ་བཟང་བོ་ཞིག་འབྱུང་ཐབས་དང་། འགྲོ་བ་མི་རྣམས་མ་རིག་པ་དང་། རྣམ་པར་རྟོག་པས་བཞེངས་སྐྲུན་བྱས་པའི་འཇིགས་པ་ལས་གྲོལ་ཆེད་འབད་པ་ཆེན་པོ་གནང་ཡོད། ཁོང་གིས་མཚན་ཉིད་སློབ་གྲ་ཞིག་ཕྱག་བཏབ་མཛད་པའི་འཛུལ་སྒོ་དེའི་ཐོད་དུའང་། ༼བླ་ན་མེད་པའི་བཟང་བོ་ནི། དགའ་བདེའི་ཚོར་བ་ཡིན༽ཞེས་པའི་རྗོད་ཚིག་དེ་བཀོད་ཡོད་པར་མངོན་ལ། སློབ་དཔོན་དེའི་འདོད་པ་ལྟར་གྱི་བདེ་བ་ནི། མི་ཚེའི་ནང་གི་སྤྲོས་མེད་ཀྱི་ཆོས་ལ་ཇི་ལྟར་ལོངས་སུ་སྤྱོད་ཚུལ་གྱི་བདེ་པ་ཞིག་སྟེ། ཁ་ཁུ་སིམ་པོའི་ངང་ངལ་གསོ་བྱེད་པ། ཟས་ཀྱི་ཚོད་རིག་པ། མངོན་འདོད་ཀྱི་བདེ་བ་གང་ཞིག་ཐོག་མར་ཉམས་སུ་མ་མྱོང་གོང་། དེའི་དགེ་སྐྱོན་ལ་བརྟག་པ་ཐེངས་གཉིས་བྱེད་དགོས་པ། བརྩེ་དུང་གི་དགའ་འབྲེལ་ཡང་། ཐ་མར་སྡུག་བསྔལ་དང་མྱང་ངན་གྱི་གནས་སུ་ལྷུང་བ་སོགས། རང་ཅག་གི་འཚོ་བ་དཀྱུས་མའི་ཁྲོད་ཀྱི་ལེགས་ཉེས་བླང་དོར་གྱི་གནད་ཤེས་པའི་སྒོ་ནས་མྱོང་བའི་བདེ་བ་ལ་འདོད་ཅིང་། འབྱུར་འགྱུར་ནི་མི་རབས་གཞུག་མ་དག་ལ་ལྟོས་བས། གཞོན་སྐྱེས་རྣམས་སྐྱེད་སྲིང་ཡག་པོ་ཞིག་བྱ་རྒྱུ་ནི་ཧ་ཅིང་གི་གལ་ཆེན་པོ་ཡིན་པར་འདོད་དོ།། ཡང་ཁོང་ལྟར་ན། འགྲོ་བ་མིའི་རིགས་ནི་རྡུལ་ཕྲན་གྱི་ཚོགས་པ་ངེས་མེད་འདུས་པ་ལ་བརྟེན་ནས་གནས་ཤིང་། འཆི་བ་ཞེས་པ་རྡུལ་ཕྲན་དེ་དག་སོ་སོར་ཁ་གྱེས་པ་ལས་བྱུང་བ་ཞིག་ཡིན་པས། དེ་ལ་འཇིགས་དགོས་དོན་ཅིའང་མེད་པར་འདོད་ཅིང་། འཆི་རྗེས་རྡུལ་ཕྲན་སླར་ཡང་འདུས་ནས་སྣང་སྲིད་ཀྱི་ཆོས་སྣ་ཚོགས་བཟོ་སྐྲུན་བྱེད་བཞིན་ཡོད་པར་གསུངས་ཡོད། སྟོན་པ་ཟེ་ནོ་དང་ཨེ་ཕེ་ཁོ་ར་སི་གཉིས་ཀས་བདག་ཆེན་ས་ཁུར་ཁྲེ་སི་ཚད་མར་འཛིན་པ་ནི་གཅིག་མཚུངས་ཡིན་མོད། དེའི་དགོངས་པ་ལེན་སྟངས་ཀྱི་ཆ་ནས་འདོད་ཚུལ་སོ་སོར་གྱུར་ཏེ། ཨེ་ཕེ་ཁོ་ར་སི་རྗེས་འབྲིང་དང་བཅས་པས། སྟོན་པ་ཟེ་ནོ་དཔོན་སློབ་ཀྱི་བཞེད་པའི་ལས་དབང་ལ་ངོས་ལེན་དང་། ཡིད་ཆེས་འགངས་ནས་གནང་མེད། ཁོང་རྣམ་གཉིས་ཀྱིས་མཚན་ཉིད་རིག་པའི་སློབ་གཉེར་ཁང་བཞེངས་སྐྲུན་མཛད་རྗེས་ཀྱི་ལོ་བརྒྱ་དང་ལྔ་བཅུ་ཙམ་གྱི་སྐབས་ནས། དགུ་རིག་དེ་བཞིན་རོམ་རྒྱལ་ཁབ་ཀྱི་ཆ་ཤས་སུ་གྱུར་ཅིང་། རོམ་རྒྱལ་གཞུང་གིས་སློབ་དཔོན་དེ་གཉིས་ཀྱི་མཚན་ཉིད་རིག་པས་གཙོས། དགུ་རིག་གི་གནའ་རིག་མང་བོ་ཞིག་ཡར་རྒྱས་བཏང་འདུག་ལ། ལྷག་པར་སྟོན་པ་ཟེ་ནོའི་ལྟ་བ་དེ་ཉིད་བྲན་གཡོག་ནས་རྒྱལ་བོའི་བར། རོམ་གྱི་སྤྱི་ཚོགས་རབ་འབྲིང་ཐ་གསུམ་གྱི་འཚོ་བའི་ནང་དར་ཁྱབ་ཆེན་པོ་ཞིག་བྱུང་འདུག་པར་མངོན་ནོ།།