ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་པདྨ་ཀ་ར་ཡེ།
༡༽ ཆོས་སྐུའི་བླ་མ་སངས་རྒྱས་ཀུན་ཏུ་བཟང་།།
ཆོས་ཅན་གྲུབ་མཐའ་ཀུན་གྱི་སྙིང་པོའི་དོན།།
མ་ལུས་གནད་ཀུན་འདུས་པའི་རྫོགས་པ་ཆེས།།
ཚེ་གཅིག་འཇའ་ལུས་གྲུབ་པས་དུས་ཀུན་སྐྱོངས།།
༢༽ ཀུན་བཟང་ཡབ་ཡུམ་སངས་རྒྱས་ཡེ་ཤེས་རྩལ།།
ཟབ་ཞི་སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་དང་།།
ཀ་ལྷུན་དགོངས་པར་བརྙེས་པའི་བླ་མ་རྣམས།།
སྔ་འགྱུར་རིག་འཛིན་བརྒྱུད་པའི་ཁྱད་ཆོས་ལགས།།
༣༽ འཁྲུལ་མེད་ལམ་གྱི་ཟབ་རྒྱས་དགོངས་པའི་བཅུད།།
མ་ལུས་སྨིན་གྲོལ་ཐོབ་པའི་སྐལ་བཟང་དཔལ།།
ངེས་ཤེས་རིན་ཆེན་སྒྲོན་མེའི་དཔལ་དགྱེས་པས།།
གསང་ཆེན་རྡོ་རྗེའི་དཔལ་འབར་ཨེ་མ་ཧོ།།
༤༽ སྡོམ་གསུམ་སྙིང་པོར་སྤང་བསྒྱུར་གྲོལ་གསུམ་གྱིས།།
ཐབས་ཤེས་རིག་གྲོལ་རྫོགས་པ་ཆེན་པོའི་གནད།།
བླུན་རྨོངས་ཕྱོགས་རིས་ཅན་ལ་ཅི་ཆ་ཡང་།།
འགལ་མེད་ཉམས་སུ་ལེན་མཁས་ཨེ་མ་ཧོ།།
༥༽ སྟོན་པ་བླ་མེད་སངས་རྒྱས་བཅོམ་ལྡན་འདས།།
སྐྱོབ་པ་མཚུངས་མེད་ཨོ་རྒྱན་རིན་པོ་ཆེ།།
འདྲེན་པ་ཟླ་མེད་མདོ་སྔགས་བདུད་རྩི་བཅུད།།
ཇི་བཞིན་རོལ་མཁས་དགེ་འདུན་ཨེ་མ་ཧོ།།
༦༽ མཚན་ལྡན་བླ་མར་འོད་གསལ་སྙིང་པོ་བརྟས།།
བསྐྱེད་རྫོགས་ལམ་ཀུན་སྲོག་སྡོམ་གཟེར་བཞིས་གདམས།།
ཏིང་འཛིན་མི་གཡོ་མཉམ་རྗེས་ལེགས་མཛད་པའི།།
སུམ་ལྡན་རིག་འཛིན་རྒྱལ་པོ་ཨེ་མ་ཧོ།།
༧༽ སྙིང་རྗེ་ཞི་གནས་བརྩེ་ཆེན་འགྲོ་ལ་གཟིགས།།
ཤེས་རབ་ལྷག་མཐོང་དམིགས་མེད་དབྱིངས་དང་མཉམ།།
ཐབས་ཤེས་གདམས་པའི་གཏེར་མཛོད་མ་ཎི་ཀ །
ཚངས་སྤྱོད་ལམ་གྱི་རྣལ་འབྱོར་ཨེ་མ་ཧོ།།
༨༽ རྒྱ་ཆེན་སྤྱོད་པའི་ཕྱིན་དྲུག་འཛིན་སྐྱོང་སྤེལ།།
ཟབ་མོའི་ལྟ་བའི་རྟེན་འབྲེལ་མངོན་གྱུར་ནས།།
ཀ་དག་ལྷུན་གྲུབ་གཞི་ཡི་གནས་ལུགས་ཉིད།།
བརྡ་དོན་རྟགས་སྟོན་མཁན་ཆེན་ཨེ་མ་ཧོ།།
༩༽ ཆོས་ཉིད་རང་ངོ་ཤེས་པའི་ངང་ལ་གནས།།
རང་རིག་རྗེན་པ་འཆར་བའི་སྨིན་གྲོལ་བསྩལ།།
ཚེ་གཅིག་སངས་རྒྱས་འདོད་པའི་སྐལ་བཟང་ངོར།།
ཡབ་ཆེན་ཀུན་ཏུ་བཟང་པོ་ཨེ་མ་ཧོ།།
༡༠༽ ཀུན་བཟང་སྨོན་ལམ་གསོལ་འདེབས་བདེན་པའི་དཔལ།།
དྲང་སྲོང་བདེན་ཚིག་བརྡལ་མཁས་དགྱེས་པའི་གར།།
གསང་ཆེན་བསྟན་པའི་སློབ་དཔོན་རྡོ་རྗེ་འཛིན།།
ངེས་དོན་ཆོས་ཀྱི་རྒྱལ་པོ་ཨེ་མ་ཧོ།།
༡༡༽ ངེས་འབྱུང་ལམ་སྣ་ཟིན་པའི་དགེ་སྦྱོང་མཆོག །
བྱང་ཆུབ་སེམས་མཆོག་ལྡན་པའི་རྒྱལ་སྲས་ཆེ།།
སྣང་སྲིད་དག་མཉམ་རྟོགས་པའི་རྣལ་འབྱོར་རྗེ།།
ཐེག་གསུམ་བསྟན་པའི་འོད་སྣང་ཨེ་མ་ཧོ།།
ཞེས་པ་རབ་རྒྱན་ཆུ་སྦྲུལ་སྨིན་ཟླའི་ཚེས་བཅུ་ཉིན་འབྲུག་མཁན་པོ་ཐུབ་བསྟན་རྡོ་རྗེ་དང་དཔལ་ཆེན་རྡོ་རྗེ་སོགས་འདུས་པ་བརྒྱ་ཕྲག་གིས་དད་གུས་ཀྱི་རྟེན་འབྲེལ་ཟབ་མོས་བསྐུལ་བ་ལ་བསྟེན་ནས་དེ་ཉིད་དུ་གང་དྲན་དུ་གདམས་པའི་ཚུལ་དུ་སེངྒྷ་གླིང་ཤྲྰིཿམ་ཧཱ་བཛྲའི་ཆོས་ཁང་ནས་ཤྲྰིཿསྨྱོན་ཨེ་མ་ཧོས་གླུ་རུ་བླངས་པར་དགེའོ།།(གང་དག་གནས་ལུགས་དང་མཐུན་པར་ཡིན་ན་སུ་ལ་སྦྱར་ཀྱང་མཆོག་པས་གང་ཟག་ཉི་ཚེ་བ་ལ་གོ་མི་རུང་ངོ་།)
དཔལ་དགྱེས་པས་དགོངས་གཏེར་ཚར་གཅིག་ཀློག་ཟིན། ཚང་མས་ཚར་ཁ་ཤས་ཀློག་ན་ཚེ་འདིའི་ནང་བོད་རང་བཙན་ཐོབ་པ་དང་ཕྱི་མ་འཇའ་ལུས་སུ་གདེངས་འགྲོ་ས་རེད་བསམ་བསམ་འདུག ཐུགས་རྗེ་ཆེ།
སེམས་དང་འཕྲོད་པའི་སྙན་ངག་ལ་ཡི་རང་ཞུ། ལྟ་མགུར་ཞུས་ན་ཡང་མི་འགྲིག་རྒྱུ་མི་འདུག དགྱེས་རྡོར་སྐུ་ཚེ་བརྟན།