ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཨེ་མ་ཧོ། །
ཨེ་ཝྃ་རིག་པའི་དེ་ཉིད་གཉུག་མའི་གཤིས། །
མ་ལུས་འགྲོ་ཀུན་འདྲེན་པའི་ཐུགས་རྗེ་ཅན། །
ཨ་ཧོ་ངེས་དོན་རྫོགས་པའི་སངས་རྒྱས་ལ། །
སྒོ་གསུམ་མི་ཕྱེད་དད་པས་ཕྱག་འཚལ་ལོ། །
ཨེ་མ་བལྟས་བཟང་བལྟམས་པའི་རྒྱལ་བའི་སྲས། །
མ་ལུས་འགྲོ་བའི་མགོན་དུ་བྱོན་པའི་རྟགས། །
ཨ་ཧོ་སྐྱེས་རབས་ཕྲེང་བ་རིན་པོ་ཆེ། །
རྟེན་འབྲེལ་བཟང་པོ་འཛིན་མའི་རྒྱན་ཏུ་མཛེས། །
ཨེ་ཀ་ཛ་ཏིས་ཉིན་མཚན་མེལ་ཚེ་མཛད། །
མ་གཟའ་དམ་ཅན་ཆོས་སྐྱོང་གེ་སར་བཅས། །
ཧོ་སྒྲའི་ཀི་བསྭོ་རྒྱལ་བའི་དཔའ་གླུའི་གསུང་། །
མངོན་སུམ་ཐོས་འཛིན་དད་དགུའི་དཔལ་དུ་བཞགས། །
ཨེ་མ་བུ་ཆུང་ཡིད་འོང་མཐུན་པའི་དཔལ། །
མ་ཧྰ་བྷོ་དྷི་རྣམ་སྤྲུལ་དགྱེས་པའི་སྐུ། །
ཨ་ཧོ་གསང་ཆེན་བསྟན་འཛིན་རྡོ་རྗེ་འཆང་། །
ཐེག་གསུམ་བསྟན་པའི་སྒྲོན་མེ་ཨེ་མ་ཧོ། །
ཨེ་ཤར་གླིང་གི་བདེན་པ་རིན་པོ་ཆེ། །
མ་ག་དྷ་ནས་མངོན་སངས་རྒྱས་པའི་སྲས། །
ཨ་ལ་ལ་ཧོ་ཕན་བདེའི་ཕྲིན་ལས་ཅན། །
བརྒྱུད་གསུམ་བླ་མའི་ཐུགས་སྲས་ཨེ་མ་ཧོ། །
ཨེ་མ་འཇམ་དཔལ་དགྱེས་པའི་རིགས་བདག་རྗེ། །
མ་ལོས་བྱམས་བརྩེའི་ཡིད་བཞིན་ནོར་བུའི་སྐུ། །
ཨ་ཧོ་རྡོ་རྗེ་སེམས་དཔའི་ཟབ་གསང་མཆོག །
བདེ་ཆེན་རིག་འཛིན་རྒྱལ་པོ་ཨེ་མ་ཧོ། །
ཨེ་རིག་མཁྱེན་པའི་ཡེ་ཤེས་མཁའ་ལྟར་ཡངས། །
མ་ལུས་བརྩེ་བའི་བྱང་ཆུབ་སེམས་དཔའ་མཆོག །
ཨ་ཧོ་ཟབ་གསང་བསྟན་འཛིན་རིན་པོ་ཆེ། །
མཁྱེན་བརྩེ་ནུས་ལྡན་གུ་རུ་ཨེ་མ་ཧོ། །
དད་བརྩོན་དབང་པོ་གསལ་བའི་ཞི་དུལ་མཁན། །
ཕུན་ཚོགས་དགེ་ལེགས་སྒྲུབ་པའི་ལྷག་བསམ་ཅན། །
ཤེས་རབ་དག་རྫོགས་སྨིན་གྲོལ་ཡེ་ཤེས་པ། །
རང་བྱུང་རིག་པའི་དཔའ་ཆེན་ཨེ་མ་ཧོ། །
ཆུང་ནས་བྱིས་པའི་མིང་ལ་ཨེ་མ་ཧོ། །
ཆེ་དུས་སྨྱུ་གུའི་མིང་ལ་ཨེ་མ་ཧོ། །
དེང་དུས་དྲྭ་ཚིགས་མིང་ལ་ཨེ་མ་ཧོ། །
དཔལ་དགྱེས་རྡོ་རྗེའི་མིང་དོན་ཨེ་མ་ཧོ། །
ལོ་ཟླའི་ཆུ་བོ་ཟད་པའི་ལམ་ཁ་ནས། །
སྐྱིད་པའི་ནམ་ཟླ་སྡུག་གིས་གཙེས་པའི་ཚེ། །
ཨེ་མ་ཧོ་ཡང་རི་མོའི་མར་མེ་བཞིན། །
བདེན་པའི་དྲང་སྲོང་ཀུན་བཟང་གླིང་དུ་མཆིས། །
འགྲོ་ཁམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །
ཉན་རང་དགྲ་བཅོམ་ཐོབ་པའི་བདེ་ལེགས་ཤོག །
བྱང་ཆུབ་སེམས་མཆོག་རིན་ཆེན་ཕུན་ཚོགས་ཤོག །
གསང་སྔགས་བཤད་སྒྲུབ་བསྟན་པ་དར་རྒྱས་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་རྒྱལ་ཟླའི་ཡར་ངོའི་ཟླ་བ་ཉ་ཡོངས་སུ་གང་བའི་དུས་སུ་གྲོགས་མཆེད་དམ་པས་བསྐུལ་ངོར་ཤྲྰི་སྨྱོན་ཨེ་མ་ཧོས་ཀུན་བཟང་ཆོས་གླིང་ནས་བྲིས་པས་ཤྲྰི་སརྦ་བི་ཛ་ཡནྟུ།།།།
༄༅།། ཨེ་མ་ཧོའི་རིག་མཛོད། ནས་འདྲེན་བཀོལ་བྱས།
ཨེ་མ་སངས་རྒྱས་ཡེ་སངས་རྒྱས།།
ཨེ་མ་སངས་རྒྱས་མཛད་པ་ལེགས།།
ཨེ་མ་སངས་རྒྱས་རང་སངས་རྒྱས།།
ཨེ་མ་སངས་རྒྱས་ས་ལ་འགོད།།
ཧ་ཧ་ཧཧཧ། ཡང་དཔལ་མཇེ་ལགས་ཀྱིས། འདྲ་དཔེ་ཀློང་བརྡོལ་ཡིན་མདོག་བྲིས་པ་དེ་ཁོ་རང་མཁའ་འགྲོས་གཟིགས་འདོག་རེད།།
ལོ་ཟླའི་ཆུ་བོ་ཟད་པའི་ལམ་ཁ་ནས། །
སྐྱིད་པའི་ནམ་ཟླ་སྡུག་གིས་གཙེས་པའི་ཚེ། །
ཨེ་མ་ཧོ་ཡང་རི་མོའི་མར་མེ་བཞིན། །
བདེན་པའི་དྲང་སྲོང་ཀུན་བཟང་གླིང་དུ་མཆིས། །
ཚིག་བཞི་འདི་སྣང་བར་ཞེ་དྲགས་ཕྱིན་སོང་།