སངས་རྒྱས་བཀྲ་ཤིས་ཀྱིས།
————–
ཨ་རིའི་ཇོར་ཇི་ཡ་མངའ་སྡེའི་གྲོང་ཁྱེར་ཨེ་ཊི་ལན་ཌའི་ནང་ཡོད་པའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་ཟླ་འདིའི་ཚེས་༢༣ ཉིན་ནས་བཟུང་བདུན་གཅིག་རིང་ལ་བོད་ཀྱི་བདུན་ཕྲག་སྲུང་བརྩི་བྱེད་རྒྱུ་ཡིན་པ་དང་། ལས་གཞིའི་དབུ་འབྱེད་ཀྱི་ཉིན་ལ་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚབ་བློ་བཟང་སྙན་གྲགས་ལགས་ཆེད་ཕེབས་ཀྱིས་བོད་ཀྱི་ད་ལྟའི་གནས་བབ་ངོ་སྤྲོད་དང་བསྒྲགས་ནས་གཏམ་བཤད་གནང་རྒྱུ་རེད།
བདུན་ཕྲག་གཅིག་རིང་གི་ལས་རིམ་ཁྲོད་དུ་བོད་དང་འབྲེལ་བའི་ལས་གཞི་སྣ་མང་ཞིག་སྤེལ་རྒྱུའི་ཁྲོད་དུ། ནོར་གླིང་ནས་ཕེབས་པའི་ལྷ་བྲིས་པ་གཉིས་ནས་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་ངོ་སྤྲོད་དང་། དེ་བཞིན་བོད་ཕྱི་ནང་གཉིས་ནས་ཕེབས་པའི་ཚན་རིག་ཡིག་སྒྱུར་བ་མང་པོ་ཞིག་གིས་རྒྱལ་སྤྭིའི་བོད་ཀྱི་ཚན་རིག་ཡིག་སྒྱུར་བྱ་བའི་སྐོར་ལ་བགྲོ་གླེང་གནང་རྒྱུ་རེད།
བོད་ཀྱི་བདུན་ཕྲག་ནི་ཕྱི་ལོ་ ༡༩༩༨ལོར་ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་དབུ་བརྙེས་པ་ནས་བཟུང་ལོ་རེར་ཐེངས་རེར་སྤེལ་བཞིན་པའི་ལས་གཞི་ཞིག་ཡིན་པ་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་ལས་གཞི་འདིའི་གཙོ་འཛིན་གནང་གི་ཡོད་པ་རེད། བོད་ཀྱི་བདུན་ཕྲག་གི་ཞིབ་ཕྲའི་གནས་ཚུལ་དང་ཉིན་རེའི་གསར་འགྱུར་ལ་གཟིགས་འདོད་ན། ཨེ་མོ་རི་དང་བོད་ཀྱི་མཐུན་ཚོགས་ཀྱི་བོད་ཡིག་དྲ་གནས་སུ་ཕེབས་རོགས།
http://kiind.com/tibetweek/index.html
འདི་ནི་ཕྱི་རྒྱལ་ནས་ཕྱི་རྒྱལ་གྱི་ཚོགས་པ་ཞིག་གིས་བསྐྲུན་པའི་ལོ་རྒྱུས་ཐོག་གི་བོད་ཡིག་དྲ་གནས་ཐོག་དང་པོ་ཡང་ཆགས་ཀྱིན་ཡོད།
བོད་ཀྱི་བདུན་ཕྲག་ལ་བཀྲ་ཤིས་བདེ་ལེགས་ཡོད། “འདི་ནི་ཕྱི་རྒྱལ་ནས་ཕྱི་རྒྱལ་གྱི་ཚོགས་པ་ཞིག་གིས་བསྐྲུན་པའི་ལོ་རྒྱུས་ཐོག་གི་བོད་ཡིག་དྲ་གནས་ཐོག་དང་པོ་ཡང་ཆགས་ཀྱིན་ཡོད།” ཅེས་པ་འདི་ཁ་ཤོར་པ་ཞིག་མ་ཡིན་ནམ། དྲ་རྒྱ་གཞན་དག་ཡོད་སྲིད་པ་རེད། གློ་བུར་དུ་དྲན་པ་ནི་གཤམ་གསལ་གཉིས་ཡིན།
http://www.thdl.org
http://www.tbrc.org/index.xq
བོད་ཕྱི་ནང་ནས་བོད་རིགས་ཚན་རིག་ཡིག་སྒྱུར་བ་མང་པོ་ཞིག་འཛོམས་ནས་བགྲོ་གླེང་བྱེད་འཆར་ཡོད་པ་ནི་དགའ་འོས་བའི་དོན་ཞིག་རེད། ཚན་རིག་ཡིག་སྒྱུར་བ་དེ་དག་སུ་སུ་རེད།
བོད་ཕྱི་ནང་ན་བོད་རིགས་ཚན་རིག་ཆེད་ལས་པ་འདུག་གམ། ཡང་ན་ཚན་རྩལ་རིག་པའི་ཕྱོགས་ལ་ཆེད་ལས་བྱེད་བཞིན་པ་འདུག་གམ། ཚན་རིག་ཡིག་སྒྱུར་བ་འདི་དག་ཚན་རིག་གི་ཕྱོགས་ལ་ཆེད་ལས་ཡོད་མཁན་དེ་འདྲ་རེད་དམ་ཡང་ན་བོད་རང་གི་སྐད་ཡིག་དང་ནང་བསྟན་ཤེས་རིག་གི་་རྨང་གཞི་གང་འཚམ་ཡོད་པའི་ཐོག་ལ་ཡིག་སྒྱུར་གྱི་བྱ་བ་གཉེར་མཁན་དེ་འདྲ་རེད།
ཡིག་སྒྱུར་བ་དེ་དག་ཆེད་ལས་ཡིག་སྒྱུར་བ་རེད་དམ་ལས་ཞོར་ཡིག་སྒྱུར་བ་དེ་འདྲ་རེད། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ཅི་རེད།
འདིའི་ཕྱོགས་ལ་གནས་ཚུལ་གསལ་བོ་འདྲ་བཤད་རྒྱུ་ཡོད་དམ། སྤྱི་ཚོགས་ཀྱི་སྟོང་ཆ་ཞིག་སྐོང་བཞིན་པ་འདི་དགའ་འོས་བ་ཞིག་རེད།
ཁ་ཤོར་ལག་ཤོར་འདྲ་ཡོད་ན་དགོངས་དག
ཚན་རིག་ཡིག་སྒྱུར་བ་ཚོ་ནི་ཆེད་ལས་ཡིག་སྒྱུར་བ་ཏག་ཏག་ཡིན་ངེས་རེད། ཕྱི་ཚེས་༢༣ ཉིན་ནས་བཟུང་ཚང་མ་འཛོམས་རྒྱུ་ཡིན་པ་དང་། བོད་ནས་ཕེབས་མཁན་ཚོ་ད་དུང་འདིར་འབྱོར་མི་འདུག སྤྱིར་ན་བོད་ནང་ནས་ཆེད་ལས་ཚན་རིག་ཡིག་་སྒྱུར་བ་དང་། ཚན་རིག་དགེ་རྒན། རྩིས་རིག་དགེ་རྒན་སོགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ལྔ་དྲུག་ཙམ་ལ་འབྲེལ་བྱས་ཀྱང་རྒྱ་ནག་གིས་ཆོག་མཆན་མ་སྤྲད་པ་རེད། །། འོན་ཀྱང་ང་ཚོས་མི་གཉིས་འདི་གར་འབྱོར་ཐུབ་པར་རེ་བ་རྒྱག་གིན་ཡོད།
ཞིབ་ཕྲའི་གནས་ཚུལ་རྣམས་དྲ་ཐོག་ནས་གཟིགས་རོགས།
http://kiind.com/tibetweek