གནས་ཚུལ་ཕབ་བསྡུ་མཁན། སངས་རྒྱས་སྟོབས་ལྡན།
བཅར་འདྲི་ཞུ་ཡུལ། ཨེ་ཛིའི་ནད་དུག་ཅན་གྱི་སྦྲུམ་མ་ཞིག མི་རིགས། བོད།
མོ་ལོ། ༤༢ ཕ་ཡུལ། སི་ཁྲོན་ཞིང་ཆེན་གྱི་འབྲོག་ཁུལ་ག་གེ་མོ།
བཅར་འདྲི་བྱ་མཁན། སངས་རྒྱས་སྟོབས་ལྡན། བཅར་འདྲིའི་ས་གནས། ཁྲི་འདུ་གྲོང་ཁྱེར་གྱི་སྨན་ཁང་ག་གེ་མོ། བཅར་འདྲིའི་ཐབས་ལམ། ངོ་བཅར་བཅར་འདྲི།
བཅར་འདྲིའི་དུས་ཚོད། 2014 ལོའི་ཟླ་ 5 པའི་ཚེས་ 11 ཉིན་གྱི་མཚན་མོ།
༼གསལ་བཤད། ༡ བཅར་འདྲི་སྐབས་ཀྱི་ཁ་བརྡ་ཚང་མ་ཁ་སྐད་ཁོ་ན་ཡིན། འོན་ཀྱང་བོད་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་ཚང་མས་གོ་བ་ལོན་ཆེད། ཅི་ནུས་གང་ནུས་ཀྱིས་ཡིག་སྐད་ཀྱི་ལམ་ནས་ཕབ་འབྲི་བྱས་པ་ཡིན། ༢ ནང་དོན་ལ་ལ་ཞིག་གིས་ནད་པའི་གསང་བ་ཕྱིར་ཤོར་བར་དོགས་ནས་བྲིས་མེད་པའམ་བསྡུས་འབྲི་བྱས་ཡོད། འོན་ཀྱང་ནང་དོན་གྱི་ཆ་ནས་འགྱུར་བ་ཅུང་ཙམ་ཡང་སོང་མེད། ༣ བོད་ཀྱི་ཆེ་བཀུར་ཆུང་བྱམས་ཀྱི་ཡ་རབས་སྲོལ་བཟང་ངོས་ཐད་ནས། འོག་ཏུ་བཀོད་པའི་ཨ་ཅེ་ནི་ཨེ་ཛིའི་ནད་དུག་ཅན་གྱི་བོད་མོ་སྦྲུམ་མ་དེ་ལ་གོ་བ་དང་། རང་འདུན་པ་ནི་བཅར་འདྲི་བྱ་མཁན་ཏེ། རང་ཉིད་ལ་གོ་བ་ཡིན།༽
རང་འདུན་པས།
ཨ་ཅེ་ལགས། ང་ནི་བོད་ཁུལ་གྱི་ཨེ་འགོག་རང་འདུན་པ་སངས་རྒྱས་སྟོབས་ལྡན་ཡིན། ང་ནི་ཁྱེད་ཀྱི་དོ་དགོང་གི་ནད་གཡོག་པ་ཡིན། དེ་རིང་ཁྱེད་ཀྱི་ལུས་ལ་མི་བདེ་བ་ཨེ་ཡོད་ཀི
ཨ་ཅེས།
དེ་རིང་ལྷག་ཏུ་མི་བདེ་བ་མེད་ཀི
རང་འདུན་པས།
ཨོ་བཟང་ཀི
རང་འདུན་པས།
ང་དེ་རིང་འདིར་ཡོང་དོན་གཅོ་བོ་ནི་ཁྱེད་ཀྱི་ནད་གཡོག་དང་སྨན་པའི་བར་གྱི་སྐད་བསྒྱུར་བའི་དོན་དེ་ཡིན། ཁྱེད་ལ་བྱ་བ་ཅི་ཞིག་བསྒྲུབ་དགོས་ན་ཐད་ཀར་ང་ལ་ཟེར་ཆོག ད་རུང་བྱ་བ་གཞན་ཞིག་ཡོད་པ་ནི་ངས་ཁྱེད་ལ་སྐད་ཆ་ཁ་ཤས་ཤིག་འདྲི་ན་འདོད་པ་ཡིན། རྒྱུ་མཚན་བོད་ཁུལ་གྱི་མི་མང་པོ་ཞིག་གིས་བཤད་རྒྱུ་ལ། བོད་ཁུལ་ནི་ཆོས་ས་ཆོས་ཡུལ། རྟེན་དང་བྱིན་རླབས་ཡོད་ས། ས་མཐོ་རི་གཙང་སོགས་ཡིན་པས་ཨེ་ཛི་ནད་འབྱུང་བ་མ་རེད་ཅེས་ཁས་ལེན་གྱིན་མི་འདུག འདི་འདྲའི་བསམ་བློ་ནི་བོད་ཁུལ་ལ་མཚོན་ན་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་རེད། དོ་དགོང་ཁྱེད་ལ་བཅར་འདྲི་ཞུ་བའི་དགོས་པ་གཙོ་བོ་ནི་བོད་ཁུལ་ན་ཨེ་ཛིའི་ནད་འདི་གཏན་ནས་མེད་པ་མིན་པ་ར་སྤྲོད་བྱེད་ཆེད་ཙམ་ཡིན། ངེད་གཉིས་ཀྱི་དོ་དགོང་འདི་ནས་བཤད་པའི་སྐད་ཆ་ཚང་མ་ངས་སྒྲ་ཕབ་རྗེས་ཡི་གེ་ལ་ཕབ་ནས་དྲྭ་སྟེང་སོགས་སུ་བཀྲམ་རྩིས་ཡོད། འོན་ཀྱང་ཁྱེད་ཀྱི་མིང་དང་ཕ་ཡུལ། ཁྱིམ་ཚང་སོགས་ཚང་མ་ངས་དཀོན་མཆོག་དཔངས་ལ་བཞག་ནས་གསང་བ་བྱེད་རྒྱུའི་དམ་བཅའ་བྱེད་ཆོག བཅའ་ཁྲིམས་ཀྱི་སྟེང་ནས་བཤད་ན་ཡང་འདི་གསང་བ་དགོས་པ་ཞིག་རེད། རེད་དེ། ཁྱེད་ལ་འཐད་པ་མེད་ན། ངས་བཅར་འདྲི་མ་བྱས་ན་ཡང་ཆོག ཁྱེད་ཀྱི་འདོད་མོས་ལྟར་སྒྲུབ་ཆོག
ཨ་ཅེས།
ང་ལ་འདྲི་མི་ཆོག་པ་གང་ཡང་མེད། སྒྲ་དང་ཡི་གེ་ལ་ཕབ་ཆོག འོན་ཀྱང་ངས་བཤད་པའི་སྐད་ཆར་གཞན་སུ་ཞིག་ཡིད་ཆེས་རྒྱུ་མ་རེད། གཞན་ལ་ཕན་རེ་ཐོགས་སོང་ན་རང་གི་དགེ་བ་རེད།
རང་འདུན་པས།
ཨོ་བཀའ་དྲིན་ཆེ། ངས་ནི་གཞན་ལ་ཕན་ཅུང་ཙམ་རེ་ཨེ་ཐོགས་གི་བསམ་པ་བཟུང་ནས་ཁྱེད་ལ་དཀའ་ལས་གཏད་པ་ཡིན། ཁྱེད་ཀྱིས་ཀྱང་གཞན་ལ་ཕན་རེ་ཨེ་ཐོགས་གི་བསམ་པ་བཟུང་ནས་ངའི་དྲི་བ་ལ་ལན་བདེན་པ་རེ་འདེབས་རྒྱུ་ངའི་རེ་བ་ཡིན།
རེད། ད་དེ་ན་ངེད་གཉིས་ཀྱིས་མགོ་རྩོམ་རྒྱུ་བྱེད།
ཁྱེད་ཀྱི་ནད་འདི་ཆེད་དུ་ཨེ་ཛི་ཡོད་མེད་བརྟག་བཤེར་བྱས་ནས་ཤེས་པ་ཡིན་ནམ་ཡང་ན་ཇི་ལྟར་ངོས་ཟིན་ཐུབ་པ་ཡིན། ངོས་ཟིན་ཐུབ་པའི་དུས་ཚོད་ནམ་ཞིག་ཡིན།
ཨེ་ཅེས།
ན་ནིང་སོས་ཀ་ལ། ངའི་མཁལ་མ་ན་ནས་སྨན་ཁང་དུ་སྨན་བཅོས་བྱས་པ་ཡིན། རྒྱ་མོས་ཚོས་བརྟག་བཤེར་བྱེད་རྗེས། འགོས་ནད་ཅིག་ཡིན་ནི་རེད་ཅེས་བཤད་ནས་ང་ཚོ་སྨན་ཁང་གི་གསུམ་ཐོག་ནས་གཅིག་ཐོག་ལ་སྤོར་དུ་བཅུག འདི་ནས་ཉིན་བདུན་ཙམ་ལ་ཁབ་བརྒྱབ་པ་ཡིན། རྫོང་ན་ཁྲག་ལ་བརྟག་བཤེར་བྱ་སའི་སྨན་ཁང་ཞིག་ཡོད་ཀི དེའི་ནང་གི་ཞི་མོ་སྨན་པ་ཞིག་གིས་བོད་སྐད་བཤད་ཤེས་འུ། དེའི་ང་ལ་དེ་སྔོན་གྱི་འགྲོ་ལུགས་འདུག་སྟངས། སུ་དང་བཟའ་ཚང་བྱ་མྱོང་སོགས་ཚང་མ་གསལ་བོ་དྲིས་ཐལ། སྐྱེས་པ་ཞིག་གིས་ངའི་བཟའ་ཟླ་ལ་ཡང་དེ་ལྟར་དྲིས་ཐལ། དེ་རྗེས་ཕ་ཡུལ་དུ་ལོག་རྗེས། ཐེངས་གཉིས་ལ་ཁྲག་ལེན་དུ་ཡོང་ཐལ། ནད་འདི་འགོས་ནད་ཅིག་ཡིན་ནི་རེད། གཞན་པར་ལུས་འབྲེལ་མ་བྱེད་ཟེར་ཀི ང་དེ་སྔོན་བཟའ་འཐོར་བྱུང་ནས་ཕ་ཡུལ་ལ་ལོག་པ་ཞིག་ཡིན། ངའི་བཟའ་རོགས་ཀྱང་ས་ཆ་གཞན་པ་མང་པོ་ལ་འཁྱར་ནས་ལོ་མང་ཙམ་འགོར་རྗེས་བཟའ་འཐོར་བྱུང་ནས་ཕྱིར་ཐོན་པ་ཞིག་ཡིན།
རང་འདུན་པས།
སྨན་པ་དེ་ཚོས་ནད་དེའི་སྐོར་གྱི་གནས་ཚུལ་གསལ་བོ་བཤད་ཨེ་ཐལ།
ཨ་ཅེས།
བཤད་ཐལ། ནད་འདི་གཞན་ལ་བསྒོ་ཐུབ་རབས་སོགས་བཤད་ཐལ།
རང་འདུན་པས།
ནད་འདི་ཡོད་ན་བྱིས་པ་ཆགས་མི་ཉན་རབས་བཤད་ཨེ་ཐལ།
ཨ་ཅེས།
མ་ཐལ། ཞ་ཞི་ཆགས་མི་ཉན་རབས་བཤད་མ་ཐལ། ན་ནིང་ཡུལ་ཚོའི་སྟེང་གི་ལས་བྱེད་པ་ཞི་མོ་ག་གེ་མོས་ཞ་ཞི་ཆགས་ཉན་ནི་མ་རེད་ཅེས་བཤད་ཐལ། མི་གཞན་ལ་འགྲོགས་ཉན་ནི་མ་རེད། མི་གཞན་པ་རྫོད་ནི་རེད། མི་གཞན་པ་བརྫད་བཏང་ན་མི་ཞིག་བསད་ནི་དང་འདྲ་འདྲ་ཡིན་རྒྱུ་རེད་སོགས་བཤད་ཐལ།
རང་འདུན་པས།
ཡ། དེ་ན་སྨན་པ་སོགས་ཀྱིས་ལུས་འབྲེལ་བྱ་ཉན་ནི་མ་རེད། གལ་ཏེ་བྱ་དགོས་ན་སྲུང་ཤུབས་སྤྱོད་དགོས་ནི་རེད་སོགས་གསལ་བོ་བཤད་ཡོད་ནི་རེད། འོན་ཀྱང་ད་ལུས་འབྲེལ་བྱས་པ་མ་ཟད་ལུས་ལ་ཞ་ཞི་ཆགས་ཡོད་ནི་རེད། ལུས་ཀྱི་ཞ་ཞི་ལ་སེམས་ཁུལ་ཨེ་ཡོད་ཀི གལ་ཏེ་ཕྲུ་གུ་འདི་སྐྱེས་རྗེས། ནད་པ་ཞིག་ཡིན་ན་ཅི་བྱེད། དེའི་ཕྱོགས་ལ་བསམ་རྒྱུ་དྲན་རྒྱུ་ཨེ་ཡོད་ཀི
ཨ་ཅེས།
བསམ་རྒྱུ་དྲན་རྒྱུ་ཡོད་ཀི དེང་མ་ཞ་ཞི་ལུས་ལ་བསྡད་ཚར་དུས། ངས་འདི་ལྟར་བསམ་མྱོང་། ངེད་བཟའ་ཟླ་གཉིས་ཀ་ནད་པ་ཡིན་ནི་རེད། སང་གནངས་ཞ་ཞི་སྐྱེས་ཚར་རྗེས་ངེད་གཉིས་ཤི་ཨེ་འགྲོ་མི་ཤེས། ཤི་སོང་ན་ཞ་ཞི་དྭ་ཕྲུག་ལ་འགྱུར་ནི་རེད། ད་རུང་ཞ་ཞི་ལ་ནད་བསྒོས་ནས་ནད་པ་ཨེ་ཡིན་མི་ཤེས། རེད་ད་སྨན་སོགས་འཐུང་ནས་ཞ་ཞི་གསད་མི་ཐུབ་ཀི བླ་མ་སོགས་ཀྱིས་ཆོས་གསུངས་ནི་རེད། ད་ཞ་ཞི་རང་ཉིད་སྐྱེས་ཐུབ་སོང་ན། མི་ངོ་མ་འདྲ་ལ་ལོག་སོང་ན། ཚེ་ཅི་འདྲ་ཞིག་ཡོད་ན་ཁོང་རང་ཉིད་ཀྱི་ལས་རེད། འདི་འདྲའི་བསམ་རྒྱུ་ཡོད་ཀི
རང་འདུན་པས།
རེད། དེ་ན་ད་སྐབས་ཞ་ཞི་ཆགས་ཚར་རྗེས། དེང་མ་སྨན་པའི་ཁར་ཉན་ནས་ལུས་འབྲེལ་སོགས་མ་བྱས་ན་ཉན་ཞིག་བསམ་མམ།
ཨ་ཅེས།
བསམ་ཀི འདི་འདྲ་བསམ་ཀིན་ནིང་ང་ལ་ཡུལ་ཚོའི་སྟེང་གི་ལས་བྱེད་བུ་མོ་དེས། ཁྱེད་གཉིས་ནད་པ་ཡིན་ནི་རེད། ལུས་འབྲེལ་སོགས་མ་བྱས། ཞ་ཞི་ཆགས་སོགས་ན་ཞ་ཞི་ནད་པར་ལོག་ནི་རེད་སོགས་བཤད་སོང་། ང་རྫོང་ལ་ཐོན་དུས། ཞ་ཞི་མི་ཆགས་བའི་སྨན་ཡོད་ཀི ཡར་ལ་འཁོར་ནས་ངས་སྨན་ཉོ་དགོས་བསམ་མ། རེད་དེ། དེའི་ཉི་མ་ཁ་ཤས་ཀྱི་ནང་ལ། ཞ་ཞི་ལུས་ལ་ཆགས་ཚར་ཟིག ད་སྐབས་འདི་ཚང་མ་ཞེ་ལ་དྲན་ཐུབ་ཀི དྲན་ཡང་ཕྱི་ཚར་ཟིག མ་བ་ཐལ།
རང་འདུན་པས།
རེད། ཁྱེད་ཀྱིས་ང་ཚོའི་རང་འདུན་པ་བཙལ་ནས་སྨན་བཅོས་བྱས་པ་ནི་གདམ་ཀ་ཡག་པོ་རེད། སྔ་མོ་ནས་ནད་ཡོད་པ་ཤེས་ནས་སྨན་བཅོས་བྱས་ན་ཚེ་ཐག་ཇེ་རིང་ལ་གཏོང་ཐུབ་པ་རེད། མ་ཚད་བུ་ཕྲུག་ལ་ནད་མི་འགོ་བའི་གོ་སྐབས་ཆེན་པོ་ཡོད་པ་རེད། ཁྱད་པར་དུ་མཁན་པོ་སོགས་ལ་འཕྲད་ནས་རོགས་སྐྱོར་མཛན་པ་ནི་སྐལ་བ་བཟང་བོ་རེད། ད་སྐབས་ཡིན་ན། ཁྱེད་ལ་ཧ་ཅང་འགྱོད་པ་སྐྱེས་བཞིན་ཡོད་པ་ནི། སྔ་མོ་ནས་བུ་འགོག་གི་ཐབས་ཤེས་མ་སྤྱད་པར་ལུས་འབྲེལ་བྱས་ནས་ཕྲུ་གུ་ཆགས་པ་དེ་དང་། ང་ཚོས་ནད་དུག་ཅན་ཡིན་བཞིན་དུ་བདེ་སྲུང་གང་ཡང་མ་བྱས་པར་ལུས་འབྲེལ་བྱས་པ་ནི་ཉེན་ཁ་ཆེན་པོ་ཞིག་ཡིན་པ་ཤེས་རྒྱུ་དེ་རེད།
ཨ་ཅེས།
རེད། འདི་རེད།
རང་འདུན་པས།
དེ་ན། ནད་འདི་ཡོད་པ་ཁྱེད་ཀྱིས་ཤེས་རྗེས་ཡང་ན་མ་ཤེས་བའི་གོང་དུ། རང་གི་བཟའ་ཟླ་མ་ཡིན་པའི་མི་གཞན་སུ་ལ་ལུས་འབྲེལ་བྱས་ཨེ་མྱོང་། མིང་དང་ས་གནས་སོགས་བཤད་མི་དགོས། ཡོད་ན་ཡོད་དང་། མེད་ན་མེད་ཅེས་བཤད་ཆོག
ཨ་ཅེས།
མ་མྱོང་། ནད་འདི་ཡོད་པ་ཤེས་རྗེས་ངའི་བཟའ་རོགས་ཁོ་རང་ཡོད་པ་རེད། མི་གཞན་ལ་ལུས་འབྲེལ་བྱས་མ་མྱོང་། ནད་འདི་ཡོད་པ་མ་ཤེས་བའི་སྔོན་དུ་ཡང་། ངེད་གཉིས་བཟའ་ཚང་བྱས་ནས་བསྡད་བསྡད་པ་རེད། སུ་གཅིག་ལ་ལུས་འབྲེལ་བྱས་མ་མྱོང་། ངས་ནད་འདི་མི་ཞིག་ལ་བསྒོས་བཏང་ཡོད་བསམ་རྒྱུ་གཅིག་ཀྱང་ཞེ་ལ་ཤར་རྒྱུ་མེད།
རང་འདུན་པས།
ཨོ་བཟང་ཀི དེང་སང་ང་ཚོའི་བོད་ཁུལ་ལ་མཚོན་ན། རང་གི་བཟའ་ཟླ་མིན་པའི་མི་ལ་ལུས་འབྲེལ་བྱས་ནི་གང་མང་མང་རེད། ཁྱེད་ལ་འདི་འདྲ་མེད་ན་ཧ་ཅང་བཟང་ནི་རེད།
ཨ་ཅེས།
ནད་འདི་མི་གཞན་ལ་བསྒོས་བཏང་ན། མི་ཞིག་བསད་བཏང་བའི་སྡིག་པ་ཡོད་རྒྱུ་རེད། རང་གཞན་གཉིས་ཀ་ལ་འདི་འདྲ་བྱེད་པའི་དགོས་པ་གང་ཡང་མེད་ཀིང་རང་མི་གཞན་ལ་འགྲོགས་པ་གཅིག་ཀྱང་མེད།
རང་འདུན་པས།
རེད། ཁྱེད་ལྟ་བུ་ཡིན་ན། དེའི་སྐོར་གྱི་ཤེས་བྱ་དེ་མི་གཞན་པས་བཤད་ནས་ཤེས་ཡོད་པ་རེད། ཆེད་དུ་མི་གཞན་ལ་བསྒོ་རྒྱུ་མ་རེད། ནད་འདི་མི་གཞན་ཞིག་ལ་བསྒོས་བཏང་ན་མི་སྡིག་ཅིག་ཡོད་རྒྱུ་རེད་སོགས་རང་གིས་བསམ་ཤེས་ཡོད་པ་རེད། ཁྱེད་ལ་ཐོག་མར་ནད་འདི་ཡོད་ཀི་ཟེར་སྐབས། ཁྱེད་ཀྱི་སེམས་ཁམས་སྟེང་ལ་འགྱུར་བ་ཨེ་ཡོད་ཀི
ཨ་ཅེས།
བསམ་རྒྱུ་ཡོད་ཀི ན་ནིང་ངའི་བཟའ་རོགས་ངེད་གཉིས་བཟའ་འཐོར་བྱུང་རྗེས། ཐེངས་རེ་ངས་འདང་རྒྱག་སྐབས། ང་འདི་འདྲའི་ནད་པ་ཞིག་རེད། གལ་ཏེ་ང་ཤི་སོང་ན། ངའི་བུ་མོ༼འགྲོ་ཅུང་ཙམ་ཐུབ་པའི་བུ་མོ་ཆུང་ཆུང་གཅིག་ད་སྐབས་ཡོད་པ་དང་། བུ་མོ་ཆུང་ཆུང་འདི་ཡང་ཨེ་ཛིའི་ནད་དུག་ཅན་རེད།༽ འདི་ལ་བདག་པོ་བྱེད་མཁན་གྱི་མི་བློ་ཁེལ་ས། མི་བཟང་བོ་གཅིག་ཀྱང་མེད་ཀི ང་རང་ཉིད་སྔོན་གྱི་ལས་ཀྱིས་འདི་འདྲའི་ལས་ངན་ནད་པ་ཞིག་ལ་གྱུར་སོང་བ་རེད། བུ་མོ་འདི་ལ་ནད་མེད་ན། འདི་ལ་བདག་པོ་རྒྱག་མཁན་རེ་ཡོད་ན་བསམ་ཀི ངོ་མ་ཡིན།
༼དོན་ངོ་མར་བཤད་ན། ལས་དབང་ལ་ཁ་བཅོལ་ནས་ནད་འདི་སྔོན་འགོག་མི་བྱེད་པ་ནི་ཧ་ཅང་མི་འོས་པ་ཞིག་རེད་ལ། བོད་ལ་མཚོན་ན་ཉེན་ཁ་ཆེན་པོ་ཞིག་ཀྱང་རེད། ལས་ཟེར་བ་འདི་རྒྱུ་དང་རྐྱེན་གཉིས་དུས་གཅིག་ཏུ་ཚང་དགོས་པ་ཞིག་རེད། དེ་ལ་སྔར་བྱས་ཀྱི་རྒྱུ་ཡོད་ཀྱང་། ད་སྐབས་ཀྱི་རྐྱེན་མ་ཚང་ན་ལས་འདི་གྲུབ་ཐུབ་པ་ཞིག་མ་རེད། རྒྱུ་མཚན་རྐྱེན་འདི་ཚང་མེད་པ་རེད། ཡང་སྔར་བྱས་ཀྱི་རྒྱུ་མེད་ན། ད་སྐབས་ཀྱི་རྐྱེན་ཚང་སོང་ཡང་། ལས་འདི་གྲུབ་ཐུབ་པ་ཞིག་མ་རེད། རྒྱུ་མཚན་རྒྱུ་ཚང་མེད་པ་ཞིག་རེད། འོན་ཀྱང་ཚེ་རབས་ལས་ནད་ལྟ་བུའི་སྐྱེ་བ་སྔོན་གྱི་རྒྱུ་མེད་ཀྱང་། ད་སྐབས་ཀྱི་རྐྱེན་ཚང་སོང་ན། ནད་སོགས་འགོས་པ་དང་། ན་བ་རེད། འདི་ལ་ལས་ཟེར་བ་མ་རེད། འདི་ལ་རྐྱེན་ཚང་སོང་ཟེར་བ་རེད། དཔེར་ན། འགོས་ནད་ཚང་མ། སྐྱེ་བ་སྔོན་ལས་གྲུབ་པའི་ཚེ་རབས་ལས་ནད་མ་རེད། ད་སྐབས་ཀྱི་བྱ་སྤྱོད་གང་རུང་ལས་གྲུབ་པའི་མཇུག་འབྲས་རེད། ཡང་ལས་ཟེར་བ་འདིར་བསམ་བློ་བཏང་ན། རྒྱུ་འདི་ལ་ང་ཚོས་གཡོལ་ཐབས་མེད་མོད། འོན་ཀྱང་རྐྱེན་ལ་གཡོལ་ཐབས་ཡོད་པ་ཞིག་རེད། དཔེར་ན། ཨེ་ཛིའི་ནད་འདི་ལ་མཚོན་ན། ནད་འདི་རྒྱུ་ཡིན་པའི་དབང་དུ་བྱས་ན། རྐྱེན་ནི་དེའི་འགོ་ལམ་གསུམ་པོ་རེད། གལ་ཏེ་ནད་འདི་ང་ཚོའི་གམ་དུ་ཡོད་པ་ཡིན་ཡང་། ང་ཚོས་རང་གི་སྤྱོད་ལམ་དང་གཙམ་སྦྲ། ནད་དེའི་འགོ་ལམ་ལ་དོགས་ཟོན་མཛད་པ་ཡིན་ན། ནད་འདི་ནམ་ཡང་རང་ཉིད་ལ་འགོས་ཐུབ་པ་ཞིག་མ་རེད། རྒྱུ་མཚན་ང་ཚོ་ལ་རྒྱུ་ཚང་ཡང་། རྐྱེན་ལ་གཡོལ་ནས་རྐྱེན་མི་ཚང་བར་བྱས་པ་ཞིག་རེད། དེ་སྐབས་ཨེ་ཛིའི་ནད་འདི་འགོ་བའི་གོ་སྐབས་ཡོད་པ་ཞིག་མ་རེད།
འོན་ཀྱང་ངས་མོ་རང་གི་སེམས་མི་གསོད་པའི་ཆེད་དུ་འདི་ལྟར་བཤད་མེད། རྒྱུ་མཚན་མོ་ལ་ད་ལྟ་འདི་དག་བཤད་ན་ཕྱི་ཚར་འདུགརེད་དེ་ང་ཚོ་ཚང་མས་ལས་རྒྱུ་འབྲས་ཟེར་བ་དེ་ལ་ངེས་ཤེས་ལེགས་པོ་སྐྱེས་དགོས་ཤིང་། ཡོད་ཚད་ལས་དབང་ལ་ཁག་དཀྲི་བྱས་ན་འགྲིག་པ་ཞིག་མིན་པ་ཤེར་རྒྱུ་གལ་ཆེ་རེད་བསམ།༽
རང་འདུན་པས།
རེད། རེད། དེ་ན་ཐོག་མར་སྨན་ཁང་ནས་ཁྱེད་བཟའ་ཟླ་གཉིས་ལ་ནད་འདི་ཡོད་པ་ཤེས་སོང་ཞིང་། ཁྱེད་གཉིས་པོས་སོ་སོ་ནད་དུག་ཅན་ཡིན་པ་ཤེས་ཡོད་རྒྱུ་རེད་ལ། དེས་སྐབས་ཁྱེད་ལ་བསམ་རྒྱུ་དྲན་རྒྱུ་ཅང་ཨེ་ཡོད་ཀི
ཨ་ཅེས།
ཤེས་ནི་རེད། སྨན་ཁང་ནས་ངེད་གཉིས་ལ་བརྟག་བཤེར་བྱས་ནས་ཤེས་པ་རེད། སྨན་ཁང་དུ་མ་སོང་གོང་དུ། ངའི་བཟའ་རོགས་ཀྱི་སྐེ་སོགས་སུ་རྨེན་མདུད་སྐྲངས་ཡོད་ཀི ངའི་མཁལ་མ་མ་ན་གོང་ནས་ཁོང་རང་གློ་གཅོང་གིས་ན་ནས་སྨན་དང་ཁབ་སོགས་བརྒྱབ་པ་ཡིན། སྐབས་དེ་དུས་ནས་མཆན་འོག་གི་ཁྲག་རྩ་སོགས་སུ་འབུར་འབུར་བུད་ནས་བསྡད་ཡོད་ཀི ༼རྨེན་མདུད།༽མདང་དགོང་སྨན་པས་ངའི་ལུས་ལ་བལྟ་སྐབས། རྨེན་མདུད་ཡོད་ཀི་ཟེར་སྐབས། ངས་དེ་སྔོན་བཟའ་ཟླའི་ལུས་ལ་རྨེན་མདུད་ཡོད་པ་དྲན་ཐལ། ཐེངས་རེ་ཁོང་གི་ཁ་ནང་སོགས་སུ་རྨ་བུད་ནས་ཟ་མ་ཡང་ཟ་མི་ཐུབ་པར་འགྱུར་འགྲོ་བ་རེད། ངེད་གཉིས་ཀར་ནད་འདི་འདྲ་ཞིག་བྱུང་སོང་ནི་རེད། ངོ་མ། འདང་རེ་བརྒྱབ་དུས། བོད་ནང་ཁུལ་ན་འདི་འདྲའི་ནད་ངན་པ། ནད་སྡུག་པོ་ཅན་ངེད་གཉིས་ཀ་བས་ཨེ་ཡོད་ད་བསམ་ཀི
རང་འདུན་པས།
བོད་ཁུལ་ན་ནད་འདི་མེད་པ་ཞིག་མ་རེད། ཉིས་སྟོང་གཉིས་ཡར་མར་ནས་བོད་ཁུལ་གྱི་ས་ཆ་མི་ཉུང་བ་ཞིག་ན་ནད་འདི་ཡོད་པ་ངོས་ཟིན་ཐུབ་ཡོད་པ་རེད། རེད་དེ། མི་མང་པོ་ཞིག་གིས་བོད་ཁུལ་ན་ནད་འདི་ཡོད་པ་ཁས་ལེན་གྱིན་མི་འདུག ཁྱེད་ལྟ་བུ་སྨན་བཅོས་དང་ལེན་བྱ་མཁན་དེ་བས་ཀྱང་ཉུང་ཉུང་རེད། སྔ་མོ་ནས་ནད་ཡོད་མེད་ཀྱི་བརྟག་བཤེར་བྱས། སྔ་མོ་ནས་ནད་ཡོད་པ་ཤེས་ན། ཨེ་ཛིའི་ནད་དུག་གི་མགོ་གནོན་བྱེད་ཀྱི་སྨན་སོགས་བསྟེན་ན། ཚེ་ཐག་ཇེ་རིང་དུ་གཏོང་ཐུབ་པ་དང་། ནད་རྟགས་འབྱུང་བ་ཕྱིར་འགྱིང་བྱ་ཐུབ་ཀྱིན་ཡོད། དེ་བཞིན་དུ་རང་ལ་ནད་འདི་ཡོད་པ་ཤེས་ན། མི་གཞན་ལ་བསྒོ་བ་མ་རེད། མི་གཞན་ལ་གནོད་སྐྱེལ་བ་མ་རེད། འདི་དག་ཚང་མ་བཟང་པོ་རེད། དགེ་བ་རེད།
སྔོན་མར་ནད་འདི་ཡོད་ཀི་ཟེར་སྐབས། ཁྱེད་ཀྱི་སེམས་ལ་ཅི་ཞིག་དྲན་ཐལ།
ཨ་ཅེས།
ནད་འདི་ཡོད་ཚར་རྗེས། ལོ་གཉིས་གསུམ་གྱིས་ཤི་འགྲོ་ནི་རེད་ཟེར་ཀི ངོ་མ་བསམ་མྱོང་། ད་རྒྱུན་རིང་ཞིག་ལ་ན་ནས་སྡུག་བསྔལ་མྱོང་མ་དགོས་ན། ཅང་ལས་རྒྱུ་མེད་ཀི་བསམ་མྱོང་། ང་རང་ཉིད་ལས་ཀྱིས་འདི་འདྲའི་ནད་པ་ཞིག་རེད་སོང་ནི་རེད། ན་ནིང་ཡིན་ན། ཕ་མ་གཉིས་ཀ་འཛོམ་ཡོད་ནི་རེད། ངེད་བཟའ་ཚང་གཉིས་ཀ་ལ་ནད་ཡོད་ནི་རེད། ང་སྔོན་ལ་ཤི་སོང་ཡང་། བུ་མོ་འདི་ལ་བལྟ་མཁན་ཡང་ཡོད་ནི་རེད། ཅང་ལས་རྒྱུ་མེད་ཀི་བསམ་མྱོང་། དེའི་རྗེས་ཀྱི་ཟླ་ཁ་ཤས་སོང་རྗེས། ཨ་ཕ་ཚེ་ལས་འདས་སོང་། ངེད་བཟའ་ཚང་གཉིས་པོ་ཡང་མ་འགྲིག་ནས་འཐོར་སོང་ནི་རེད། དེ་དུས། སེམས་ཧ་ཅང་ཕམ་ཀི ང་རང་ཉིད་ནད་ཀྱིས་འདི་ལྟར་ཐེབས་སོང་ནི་རེད། ང་ཤི་སོང་ན་ཡང་དྲག་གི་བསམ་མྱོང་། ང་ལ་ཆོས་མང་པོ་ཞིག་ཡོན་ནི་མིན་ཡང་། ལས་ཀྱིས་འདི་འདྲ་ཞིག་རེད་སོང་ནི་རེད་བསམ་མྱོང་། རེད་ད། ངའི་ཞི་མོ་ཆུང་ཆུང་འདི་ང་ཤི་རྗེས་བལྟ་མཁན་ཐུ་མོ་བཟང་པོ་ཞིག་ལ་འཕྲད་སོང་ན་ཉན་ཀི་བསམ་མྱོང་། དེང་སང་བུ་རྒྱུད་མེད་ས་འདི་འདྲ་ཡོད་ཀི མོ་རང་གཅེས་མཁན་འདི་འདྲ་ཞིག་ལ་འཕྲད་སོང་ན་ཉན་ཀི་བསམ་མྱོང་། ཐེངས་རེ་སེམས་ཁམས་མི་བདེ་རྒྱུ། སེམས་ཁམས་མི་སྐྱིད་རྒྱུ། སྙིང་ནད་ལངས་ཡོང་རྒྱུ་ཡོད་ཀི དེ་དུས་འདང་རེ་བརྒྱབ་ན། ང་རང་ཉིད་ལས་རྒྱུ་སྒྲུབ་རྒྱུ་མང་སོང་ནི་རེད། དེང་མ་ང་རང་ཉིད་བསྡད་བསྡད་ན། རང་ལ་བུ་ཕྲུག་འགའ་ཡོད་ནི་རེད། ནད་འདི་ཡང་ཡོད་རྒྱུ་མ་རེད། ད་ང་རང་གི་ལས་ཡིན་སོང་ནི་རེད་བསམ་དུས། སེམས་བདེ་མོ་མ་རེད།
རང་འདུན་པས།
ཁྱེད་ཀྱི་ཁྱིམ་མིས་ཁྱེད་ལ་ནད་འདི་ཡོད་པ་ཤེས་ནི་ཨེ་རེད།
ཨ་ཅེས།
ཨ་མས་གོ་ནི་རེད། ངས་ཨ་མ་ལ་ཚང་མ་བཤད་བཏང་ཡོད། ཨེ་འགོག་རང་འདུན་པས་ང་བཙལ་རབས། ང་ལ་རོགས་རམ་བྱས་ལུགས་ཚང་མ་ཨ་མ་ལ་བཤད་ཡོད།
རང་འདུན་པས།
ཁྱེད་བཟའ་ཟླ་གཉིས་ལ་ནད་འདི་འགོས་སོང་ནི་རེད། ཁྱེད་གཉིས་ཀྱིས་སུས་སུ་ལ་བསྒོ་ནི་རེད། སུས་ནད་སྔོན་མ་ལོན་ནི་རེད། འདི་འདྲ་ཡི་དོགས་པ་ཟ་རྒྱུ་དང་། ཡང་ན་གཅིག་གིས་གཅིག་ལ་ཁྱོད་རེད་ང་རེད་ཅེས་སྡིགས་མོ་བྱེད་ཨེ་མྱོང་།
ཨ་ཅེས།
མ་མྱོང་། ང་རང་ཉིད་ཀྱིས་ཅང་མི་དྲན་ཀི ངས་རང་གི་བཟའ་རོགས་ལ། ནད་འདི་ཇི་ལྟར་ཡོང་ནི་རེད་ཅེས་དྲིས་པ་ཡིན། ཁོང་གིས་གླ་མོ(སྨད་འཚོང་མ།)་བསྟེན་ན་འགོས་ནི་རེད་ཟེར་ཀི དེང་མ་ཁོ་རང་ས་མཐར་འགྲོ་སྐབས་གླ་མོ་བསྟེན་མྱོང་ཟེར་ཀི ང་རང་ཉིད་ཀྱི་སེམས་ལ། ངས་གང་ཞིག་ནས་ནད་འདི་ལོན་ཡོང་བའམ། ཡང་ན་ངའི་བཟའ་ཟླས་ང་ལ་བསྒོ་བཞག་པ་རེད་སོགས་ཅང་བསམ་རྒྱུ་མེད་ཀི ཅི་འདྲ་འགོས་བ་ཡིན་ངས་ཀྱང་མི་དྲན་ཀི ང་ལ་ཁབ་སོགས་ཀྱང་ཐེངས་གཅིག་ལས་རྒྱག་མ་མྱོང་། ལོ་བཅུ་ཁ་ཞིག་གི་སྔོན་ལ། ང་རང་འཆམ་པས་ན་ནས་ཁབ་གཅིག་བརྒྱབ་མྱོང་། དེ་བས་ཁབ་རྒྱག་མ་མྱོང་།
རང་འདུན་པས།
འདི་འདྲ་བསམ་ཐུབ་པ་ཧ་ཅང་བཟང་ཀི དེང་སང་བོད་ཁུལ་གྱི་མི་ལ་ལས་བསམ་ན། ནད་འདི་ངེས་པར་དུ་ཕོ་མོ་ལུས་འབྲེལ་ལས་འགོ་བ་ཞིག་རེད་བསམ་བཞིན་ཡོད་ཀི དོན་ངོ་མར་འདི་འདྲ་ཞིག་མ་རེད། ནད་འདི་ལུས་འབྲེལ་མིན་པའི་ཁྲག་གི་སྟེང་ནས་འགོ་ཐུབ་པ་ཞིག་རེད། དུས་རྒྱུན་གྱི་ཁ་སྤུ་བཞར་བྱེད། སོ་ཕྱི་སོགས་མཉམ་སྤྱོད་བྱས་ན་ཡང་ཕན་ཚུན་འགོ་བའི་ཉེན་ཁ་ཡོད་པ་ཞིག་རེད། ད་སྐབས་ཁྱེད་ཀྱི་ལུས་སྟེང་ན་ཞ་ཞི་ཡོད་ནི་རེད། འདི་སྐྱེས་རྗེས་ནད་པ་ཞིག་མིན་པའི་སྨོན་ལམ། གལ་ཏེ་ནད་པ་ཞིག་ཡིན་སོང་ན། ཁྱེད་ཀྱིས་དེ་ལ་སེམས་ཁུར་རམ་འཆར་གཞི་འདྲ་ཨེ་ཡོད།
ཨ་ཅེས།
ད་ང་ལ་ཡང་བསམ་རྒྱུ་ཅང་མེད་ཀི ནད་འདི་མ་འགོས་ན་དཀོན་མཆོག་གསུམ །ད་སྐབས་སྨན་༼མ་བུ་བདེ་ཕྲལ་གྱི་སྨན་བཅོས།༽སོགས་འཐུང་རྒྱུ་ཡོད་ནི་རེད་ཟེར། གལ་ཏེ་ནད་འདི་འགོས་སོང་བ་ཡིན་ན། ཁོང་རང་ལ་ཚེ་ཐག་ཅི་འདྲ་ཞིག་ཡོད་རྒྱུ་ཡིན་བསམ་བཞིན་ཡོད། དེ་མིན་པའི་ནད་འགོས་སོང་ན། འདི་འདྲ་འདི་ལྟར་བྱེད་དགོས་ཞེས་བསམ་རྒྱུ་ཅང་མེད་ཀིངོ་མ་ད་འདང་རྒྱག་རྒྱུ་མེད་ཀི དེང་མ་ཞ་ཞི་འདི་ལུས་ལ་ཆགས་མེད་ན་བསམ་ཀི
རང་འདུན་པས།
ཡ་ཡ། སྤྱིར་ང་ཚོའི་མི་རིགས་འདི་མི་རིགས་གཞན་པ་དང་འདྲ་བ་མ་རེད། གལ་ཏེ་ཁྱེད་ཀྱི་བུ་ཕྲུག་ལྷག་སོང་ན་ཡང་། ཁྱེད་རང་ཉིད་ཀྱི་དེ་སྔོན་གྱི་བུ་ཕྲུག་ཚོས་བདག་པོ་བྱེད་ངེས་ཡིན་ནི་རེད། མི་རིགས་གཞན་པ་ཡིན་ན། བདག་པོ་མི་བྱེད་རྒྱུ་འདི་འདྲ་མང་ནི་རེད། རེད་དེ། ང་ཚོའི་བོད་མི་རིགས་འདི་འདྲ་ཞིག་མ་རེད།
ཨ་ཅེས།
རེད། ངའི་དེ་སྔོན་གྱི་ཞ་ཞི་ཆེ་བོ་ཚོ་ནི་ད་ལྟ་ཆེ་ནས་རང་མགོ་ཐོན་ས་ཡོད་ཀི བུ་མོ་འདི་ལམ་ལ་བུད་སོང་ན་བསམ་ཀི ཕོ་བའི་ནང་གི་ཞ་ཞི་འདི་ནད་ཀྱིས་མ་ཐེབས་ན། སྐྱོན་ཡོད་རྒྱུ་མ་རེད་བསམ་ཀི ལམ་མ་བུད་འགྲོ་རྒྱུ་རེད་བསམ་ཀི གལ་ཏེ་ནད་ཀྱིས་ཐེབས་སོང་ན་ཡང་འདི་འདྲ་བྱེད་དགོས་སོགས་ཅང་བསམ་རྒྱུ་མེད་ཀི ༼རང་འདུན་པའི་གཏམ། གོང་གི་སྐད་ཆ་ཚད་པ་འདི་བཤད་སྐབས། ཕྱིའི་རྣམ་པ་ནས་མོ་རང་སེམས་སྡུག་གིན་ཡོད་པ་ཤེས་ཐུབ་ཀི༽
རང་འདུན་པས།
ཡ་ཡ། བཀའ་དྲིན་ཆེ། གལ་ཏེ་ངས་དྲི་བ་སོགས་འདྲི་ཉེས་བཟོས་སོང་ན། ཁྱེད་ཀྱིས་ལན་མ་བཏབ་ན་ཡང་ཆོག་པ་རེད།
ཨ་ཅེས།
ངས་བསམ་ན། ནད་འདི་སྐྱེ་བ་སྔོན་གྱི་ལས་ཀྱིས་འགོས་སོང་ནི་རེད། འདི་ལ་གསང་རྒྱུ་གང་ཡང་མེད་ཀི་བསམ་ཀི མི་སུ་དང་སུ་ཡིན་ན། འཆི་མི་དགོས་ནི་གཅིག་ཀྱང་ཡོད་པ་མ་རེད། ནད་གང་ཞིག་འགོས་ནས་ཤི་ན་ཤི་ནི་རེད་བསམ་ཀི ཁྱད་པར་དུ་མཁན་པོ་ཚང་ལ་འཕྲད་ཐུབ་སོང་དུས། ང་ཧ་ཅང་དགའ་འུ། ང་ལས་ངན་ནང་གི་ལས་བཟང་རེད་བསམ་ཀི ངོ་མ་འགྱོད་པ་མེད་ཀི འདི་གསང་བའི་དགོས་པ་མེད་ཀི ངོ་མ་མི་གཞན་ཞིག་ལ་གནོད་པ་མ་བྱས་པར་ཕན་རེ་ཐོགས་སོང་ན་བསམ་ཀི
རང་འདུན་པས།
ཁྱེད་རང་ང་ཚོའི་རང་འདུན་པར་འཕྲད་པའི་སྔོན་དང་རྗེས་ལ། ཁྱེད་ཀྱི་སེམས་ཁམས་སྟེང་ནས་འགྱུར་བ་ཨེ་ཡོད་ཀི
ཨ་ཅེས།
ཡོད་ཀི དེང་མ་འདང་རེ་བརྒྱབ་ན། ང་རང་ཕ་མ་གཉིས་དང་ཉེ་རིང་སོགས་ཀྱི་ཁར་མ་ཉན་པར། ཚང་མ་བསྐྱུར་ནས་མི་འདི་འདྲའི་ཞིག་དང་ལྷན་དུ་བསྡད་པ་རེད། ད་སྐབས་ཡིན་ན། ཕ་མ་གཉིས་ཀྱི་ཁ་མར་ཨ་མ་གཅིག་ལས་མེད་ཀི མོ་རང་ལོ་ཡང་མཐོན་པོ་རེད། ལོ་མཐོ་སོང་ན་དབང་ཆ་ཡང་མེད་འགྲོ་འུ། ང་རང་ཡུལ་ལ་སོང་ན་ཡང་འགྲོ་ཆོག་ས་ཅང་མེད་ཀི དེང་མ་ནི་ངས་ཁོང་ཚོ་བསྐྱུར་སོང་བ་རེད། འདི་འདྲ་བསམ་དུས་སེམས་ཧ་ཅང་སྐྱོ་འུ། ད་སྐབས་ཡིན་ན། རང་འདུན་པར་འཕྲད་རྗེས། སེམས་ཅང་སྡུག་རྒྱུ་མེད་ཀི མཁན་པོ་འདི་འདྲ་ཞིག་ལ་འཕྲད་སོང་ནི་རེད། འདི་འདྲའི་རོགས་སྐྱོར་སོགས་བྱས་ཡོད་ནི་རེད། ང་ལས་ངན་ནང་གི་ལས་བཟང་རེད་བསམ་ཀི འདི་ལྟར་བསམ་དུས་སེམས་སྡུག་རྒྱུ་ཧ་ཅང་མེད་ཀི
རང་འདུན་པས།
ཁྱེད་ཀྱིས་ང་ཚོ་ལ་སྐད་ཆ་འདྲ་བཤད་རྒྱུ་ཨེ་ཡོད། བོད་ཁུལ་གྱི་བུད་མེད་ཚོ་ལ་ཁ་ཏ་སློབ་གསོརེ་གནང་རྒྱུ་ཨེ་ཡོད།
ཨ་ཅེས།
ཅང་མེད། ང་རང་ཉིད་ཀྱི་བུ་མོ་ཆེ་བ་དེ། ཚང་མས་བཤད་ན། སྣང་བ་ཧ་ཅང་མཐོ་འུ་ཟེར་ཀི ཁག་མེད། ང་ཡང་དེང་མ་སྣང་མཐོ་མ་ཞིག་ཡིན། ཕ་རྒན་ལ་སོགས་པའི་དྲིན་གྱིས་ངེད་ཚང་ལ་ཆ་རྐྱེན་ཅུང་བཟང་བ་རེད། ད་འདང་བརྒྱབ་དུས། ལས་རྒྱུ་སྒྲུབ་རྒྱུ་མང་སོང་ན་འདི་འདྲ་ཞིག་ལོས་ཡིན་བསམ་ཀི ངས་རང་གི་བུ་མོ་ཆེ་བ་ལ། མི་ཚེ་རིང་བོ་རེད། སྣང་བ་མཐོ་འུ་མ་འདུག རང་གི་བཟའ་ཚང་ལ་བློ་གཏད་ཀྱིས། ལས་རྒྱུ་བཅའ་རྒྱུ་མང་ན་དཀའ་མོ་ཡོང་ཀི་ཟེར་ནས་བཤད་མྱོང་། ངོ་མ་ཡིན། ད་འདང་བརྒྱབ་དུས་འདི་འདྲ་རེད།
རང་འདུན་པས།
ཡ་ཡ། བཀའ་དྲིན་ཆེ། ཁྱེད་ཀྱིས་ངའི་དྲི་བར་མ་གསང་དྲང་མོར་བཤད་པ་དེ་བཀའ་དྲིན་ཞུ་བ་ཡིན།
ཉིས་སྟོང་བཅུ་བཞི་ལོའི་ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན་ལ་ཨེ་འགོག་རང་འདུན་པ་སངས་རྒྱས་སྟོབས་ལྡན་གྱིས་ཡི་གེར་ཕབ།
མི་ཚང་མས་ཨེ་ཙི་ན་ཚ་བརྒྱུད་བསྒྲག་དང་སྔོན་འགོག་དོ་སྣང་བྱེད་མྱུར་དུ་བྱེད་དགོས།
ས་གང་ཞིག་ཡིན་ན་ཡང་། ས་ཁ་ཡུལ་ཁར་ཁྱི་ལྡོམ་ལྟར་འཁྱམས་འདུག་པའི་སྐྱེ་ཕོ་མོ་གཉིས་ཀས་གཟབ་གཟབ་བྱེད་དགོས་བ་དང་། ཚང་མོས་གཟབ་གཟབ་བྱེད་དགོས་ས་དེ་ཡང་ཁོ་མོ་ཚོ་ཡིན་པས། ནད་ངན་འདི་སུ་ཡི་ལུས་ལ་མི་ཡོང་བར་ཤོག།
སྨད་ཚོང་མ་ལས། སྨད་ཉོ་བ་ཚོར་གཟབ་དགོས། ལྷག་ཏུ་གྲྭ་ལོག་ཚོར་གཟབ་དགོས། དེ་ནས་གསར་བུ་རྐྱལ་སྟོང་ཚོར་གཟབ་དགོས།
སྨད་ཀྱི་སྒང་ལ་ནད་ཉོ་མཁན་ནི་ཁོང་ཚོ་ཡིན།
བློ་དགེ་བ་ལ་ཕྱོགས་ནས་ལན་ཡག་པོ་བརྒྱབས་འདུག། ཚེ་རིང་བོ་ཡོད་པར་ཤོག། ད་འགྱོད་པ་ཙམ་ལས་ཞུ་ཡ་མི་འདུག། སྦྲུམ་བུ་དེ་ནད་མེད་ལུས་བདེའི་ངང་འཇིག་རྟེན་དུ་བཙའ་བའི་སྨོན་ལམ་ཡོད།
༄། བོད་པ་ཚོ་གཟབ་གཟབ་གནང་། ངེས་པར་གླེག་ཤུབ་མཉམ་དུ་རྟག་པར་ཁུར། ཉེས་གསྲུངས་ཤུབ་དེ་ངེས་པར་བེད་སྤྱོད་གཏང། གཞང་ཁང་ནང་ལ་མ་འགྲོ།
་་་་་་་་ནད་འདི་ངེས་པར་དུ་ཕོ་མོ་ལུས་འབྲེལ་ལས་འགོ་བ་ཞིག་རེད་བསམ་བཞིན་ཡོད་ཀི དོན་ངོ་མར་འདི་འདྲ་ཞིག་མ་རེད། ནད་འདི་ལུས་འབྲེལ་མིན་པའི་ཁྲག་གི་སྟེང་ནས་འགོ་ཐུབ་པ་ཞིག་རེད། དུས་རྒྱུན་གྱི་ཁ་སྤུ་བཞར་བྱེད། སོ་ཕྱི་སོགས་མཉམ་སྤྱོད་བྱས་ན་ཡང་ཕན་ཚུན་འགོ་བའི་ཉེན་ཁ་ཡོད་པ་ཞིག་རེད། ་་་་་་་་
ངོ་མ་སྙིང་རྗེ་མ་བུ་འདི་ཚོ།དེང་སང་བོད་ནང་གི་ཕོ་མོ་ཚོས་ནད་འདིའི་ཕྱོགས་གཟབ་གཟབ་མི་བྱེད་པར།བུ་མོ་ཚོས་ཀྱང་ཨ་ལོང་བཞག་སྟེ་ཕྲུག་གུ་འགོག་ཐབས་ཁོ་ན་ལས་ནད་འགོག་ཐབས་ལ་བསམ་བློ་གཏོང་གི་མེད་ཚུལ་རེད།བོད་ཕྱི་ནང་གི་བོད་མི་ཚོས་ནད་འདིའི་རིགས་གང་གཟབ་ཀྱིས།ལྷག་པར་བོད་ནང་གི་ཕོ་མོ་གཞོན་སྐྱེས་ཚོ་དང་ཁྱོ་ག་ཡོད་མེད་ལ་མ་བལྟས་བར་དགའ་རོགས་འཚོ་བར་དགའ་མཁན་བཟའ་ཐོར་དུ་མ་བྱུང་མཁན་ཚོས་གཟབ་དགོས།
ལ་ལ་ཚུལ་ཁྲིམས་བདེ་བ་ཡིན། །
ལ་ལ་ཚུལ་ཁྲིམས་སྡུག་བསྔལ་ཡིན །
ཞེས་དང་།
བག་ཡོད་བདུད་རྩི་གནས་ཏེ། །
བག་མེད་པ་ནི་འཆི་བའི་གནས། །
འདི་དྲན་བྱུང་།
སྙིང་རྗེ། ཕྲུ་གུ་དེ་ཉེས་མེད་རེད་དེ། བཙས་མ་ཐག་ནས་ནད་པ་ཡིན་པ་རེད།
ལྷག་བསམ་ལ་ལྷད་མེད་ཀྱང་། གནད་ལ་ཁེལ་བ་ཞིག་བཅར་འདྲི་བྱས་མི་འདུག གལ་སྲིད་ཞིབ་འཇུག་གི་རིན་ཐང་ངེས་ཅན་ཞིག་ཡོད་པ་ཡིན་ན། ཉེན་ཁའི་གནས་སུ་ཡོད་པའི་མི་རིགས་འདི་སྐྱོབ་ཐུབ།
ཟ་ཁྲུག་ཡོད་ན་བདེ་བ་སྟེ། །
ཟ་ཁྲུག་མེད་ན་དེ་བས་བདེ། །
གསུངས་པ་ལྟར།
འདོད་ཆགས་སྤྱད་ན་བདེ་བ་སྟེ། །
འདོད་ཆགས་མེད་ན་བདེ་བས་བདེ། །
ཞེས་པ་ལྟ་བུའོ།། །།
ནད་ངན་འདི་ཚོ་ལ་བོད་མི་ཚང་མས་བློ་རྩེ་གཅིག་ཏུ་བསྒྲིལ་ནས་སྔོན་འགོག་དངའཛེམས་ཟོན་བྱ་དགོས་པ་དེ་དུས་ལ་བབས་ཡོད། བོད་ཀྱི་མི་རིགས་སྤུས་གཙང་རྒྱུན་སྐྱོང་བྱ་འདོད་ན་གཟུགས་གཞི་བདེ་ཐང་དགོས་ཡ་དེ་ཤིན་ཏུ་གལ་ཆེན་དུ་མཐོང་། ཨེ་ཛིའི་ནད་ངན་འདི་འཇིགས་ལ་རྔམ་པ་ཞིག་ལོས་ཡིན་ཏེ། འོན་ཀྱང་ད་དུང་མཆིན་ནད་ཧཱེ་པ་ཊཱཡེཊ་ཟེར་བ་ཁྲག་རྒྱུད་ནས་འགོས་པའི་འཇམས་གསོད་གཏོང་མཁན་གྱི་ནད་དེ་ལ་སྔོན་འགོག་དང་འཛེམས་ཟོན་བྱ་དགོས་པའི་དུས་ལ་སླེབས་འདུག། མཆིན་ནད་ཧཱེ་པ་ཊཱཡེཊ་ཟེར་བའི་ནད་འདི་རྒྱ་རིགས་ཚོའི་ནང་དུ་ཧ་ཅང་མང་པོ་ཡོད་རབས་བཤད་འདུག རྒྱ་རིགས་མི་བཞི་ཡི་ནང་ནས་མི་གཅིག་མཆིན་ནད་ཧཱེ་པ་ཊཱཡེཊ་ཟེར་བའི་ནད་འདིས་ཟིན་ཡོད་རབས་བཤད་བཞག རྒྱ་གར་གྱི་ནང་དུ་ཡང་ཧ་ཅང་མང་པོ་ཡོད་རབས་བཤད་འདུག དེ་འདྲ་ཡིན་དུས་བོད་མི་ཚོ་ལ་ནད་འདི་ལས་བསླ་པོ་བྱས་ནས་འགོས་རྒྱུ་ཡིན་པ་རང་བཞིན་རེད། འགོས་བཞག་པ་ཡང་ཧ་ཅང་མང་པོ་མང་པོ་འདུག ཤིན་དུ་གཟབ་དགོས་པའི་དུས་ཤིག་མིན་ན་ཅི་ཡིན། ནད་འགོས་ཀྱང་སྦས་གསང་བྱས་ནས་བསྡད་ན་རང་ཉིད་དང་ཉེ་འཁོར་ཡོངས་ལ་གྱོང་གུད་ཆེན་པོ་བཟོ་རྒྱུ་ཡིན་པ་དེ་ཤེས་པར་བྱོས། །
སྙིང་མ་རྗེ། དཀོན་མཆོག་མཁྱེན། མ་སྨད་གཉིས་ཀྱི་སྡུག་བསྔལ་ཐམས་ཅད་ང་ལ་སྤོ་བར་ཤོག བདག་གི་བདེ་དགེ་མ་ལུས་ཁོང་གཉིས་ལ་སྨིན་པར་ཤོག
སེམས་ཅན་ནད་པ་ཇི་སྙེད་པ། མྱུར་དུ་ནད་ལས་གྲོལ་གྱུར་ཅིག འགྲོ་བའི་ནད་ནི་མ་ལུས་པ། རྟག་ཏུ་བྱུང་བ་མེད་པར་ཤོག
ཤ་ཁྲག་ནང་ཆ་རུས་ལས་གྲུབ་པ་ཡིས། ལུས་ཅེས་བྱ་བ་བླངས་ན་ནད་ཀྱི་རྒྱུ། ལུས་ཅན་ཀུན་ནི་སྡུག་བསྔལ་མནར་བ་ལ། སྙིང་རྗེ་སྐྱེས་ནས་བྱམས་པ་སྒོམས་པར་མཛོད།
སྐྱེ་དུས་ཙམ་ནས་མ་ཤི་རྒས་ཁོག་བར། ནད་ནི་རྟག་ཏུ་ང་ཚོར་བཅའ་བ་ལ། ཉིན་ལྟར་དེ་ལྟར་དགོངས་ནས་སྙིང་རྗེ་སྒོམས།
ལུས་ནི་གྲུབ་ཙམ་ཉིད་ནས་སྡུག་བསྔལ་ཏེ། ལྟོགས་གྲང་སྐོམ་ཚད་ཐམས་ཅད་དེ་ལ་བདོག སྨིན་པའི་ནད་དང་མ་མངོན་ནད་ཀུན་གྱིས། ཉིན་རེ་ཉིན་རེ་གཤིན་རྗེའི་ཡུལ་དུ་འདྲེན།
ཨེ་མ་ལུས་ཅན་སྡུག་བསྔལ་རྒྱ་མཚོ་སྟེ། དེ་ལ་དགོངས་ནས་ཚེ་འདིར་བྱམས་པ་སྒོམས། ཨེ་མ་ལུས་ཅན་སྡིག་པའི་བྲན་གཡོག་ཏེ། དེ་ལ་དགོངས་ནས་ཕྱི་མའི་སྙིང་རྗེ་སྒོམས།
སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། རྙིང་རྗེར་བཞུགས་པའི་སྟོན་པ་རྣམས། འགྲོ་བའི་སྡུག་བསྔལ་སེལ་བའི་ཕྱིར། འཕྲིན་ལས་གཟིགས་པ་མ་ཆུང་ཞིག
བདག་ནི་ཚེ་རབས་ཐམས་ཅད་དུ། འགྲོ་བའི་སྡུག་བསྔལ་སེལ་བའི་སླད། སྨན་དང་སྨན་གཡོག་སྨན་པ་དང་། མ་མ་གཡོག་མོ་སྲིང་མོ་སོགས། ཀུན་ལ་ཕན་པའི་སྒོ་བྱེད་ཤོག