ཨེ་མ་ཧོ།
༼༡༽ ནམ་མཁའ་ཡར་ལ་ལང་དུས།།
ཞལ་འདོན་བཟང་པོ་སྤྱོད་པ།།
འོད་གསལ་དགོན་ནས་སྒྲོག་པས།།
མ་རིག་གཉིད་ལས་སད་སོང་།།
༼༢༽ ཇོ་བོ་ཞལ་དཀར་རྩེ་ལ།།
ཉི་ཟེར་དང་པོ་ཤར་དུས།།
སློབ་གླིང་རིག་རྩལ་འགྲན་པས།།
ཆོས་སྨན་བསྟན་པ་དར་སོང་།།
༼༣༽ ཉི་གྲོས་གསོལ་ཇའི་གོང་ནས།།
སྙན་འཇེབས་རོལ་དབྱངས་སྒྲོག་དུས།།
ལུས་རྩལ་ཟློས་གར་ཁྲབ་པས།།
བདེ་སྐྱིད་འཚོ་བ་རྒྱས་སོང་།།
༼༤༽ ཉིན་གུང་དུང་བརྡ་གྲགས་དུས།།
དཀར་ཟས་དྲི་ཞིམ་གསོལ་བ།།
གང་དགའ་ལོངས་སུ་སྤྱོད་པས།།
ལང་ཚོའི་པད་སྡོང་སྨིན་སོང་།།
༼༥༽ བཟོ་གསོ་སྒྲ་ཚད་སློབ་དུས།།
དམ་ཆོས་སྣང་བ་མ་བྲལ།།
དྲན་ཤེས་བག་ཡོད་སྣང་བས།།
ཉི་ཟླ་སྐར་ཚོགས་ཤར་སོང་།།
༼༦༽ དགུང་མཚན་གློག་སྒྲོན་འོད་ནས།།
ཤེས་རིག་བཀྲག་མདངས་གསལ་པ།།
བཅུ་ཕྲག་ཨེ་ཝྃ་སློབ་གླིང་།།
ཉིན་མཚན་མེད་པར་བཞད་སོང་།།
༼༧༽ ངེས་འབྱུང་ས་གཞི་བརྟན་པོ།།
བྱང་སེམས་རྩི་ཤིང་འཁྲུངས་པ།།
སྣང་སྲིད་ཞིང་ཁམས་དག་པས།།
ཨེ་ཝྃ་འབྲས་བཟང་བརྟས་སོང་།།