ཨེ་མ་ཧོ།
༼༡༽ མཁའ་ཀློང་གཙང་མའི་དབུས་ནས།།
ནམ་མཁར་སྐད་ཅིག་བགྲོད་པའི།།
བྱ་རྒྱལ་ཁྱུང་ཆེན་རྒོད་པོས།།
ཨེ་ཝྃ་གཤོག་ཟུང་ངོམས་ཤོག།
༼༢༽ བར་སྣང་ཆར་སྤྲིན་མཚམས་ནས།།
སྙན་གྲགས་འཛམ་གླིང་ཁྱབ་པ།།
ཕན་བདེའི་གཡུ་འབྲུག་སྔོན་མོས།།
ཨེ་ཝྃ་སྒྲ་དབྱངས་སྒྲག་ཤོག།
༼༣༽ གངས་ལྗོངས་དག་པའི་ཞིང་ནས།།
གངས་སེང་དཀར་མོའི་ཁྱིམ་བདག།
གངས་ཅན་རྗེ་འབངས་ཡོངས་ལ།།
ཨེ་ཝྃ་ཆོས་སྨན་གནང་ཤོག།
༼༤༽ སྨན་ལྗོངས་ཕྱུག་མོའི་ཚལ་ནས།།
གཟི་བརྗིད་མཐུ་སྟོབས་ཆེན་པོ།།
དཔའ་རྒོད་རྒྱ་སྟག་ཁྲ་མོས།།
ཨེ་ཝྃ་སྙིང་སྟོབས་སྤེལ་ཤོག།
༼༥༽ ནོར་འཛིན་ཡངས་པའི་ཐང་ནས།།
གླིང་ཀུན་ཡུད་ཀྱིས་བསྐོར་བའི།།
ཅང་ཤེས་བཙན་རྟ་དམར་པོས།།
ཨེ་ཝྃ་རྟེན་འབྲེལ་སྟོན་ཤོག།།
ཨེ་ཝྃ་རིག་པའི་ངོར་ཤྲཱིཿཨེ་མ་ཧོས་བགྱིས་པར་དགེའོ།། ༡༨/༩/༢༠༡༧ ལ།