ཆོས་དཔལ་བཟང་བོ།
—–ཨེ་འགོག་རང་འདུན་པ་བློ་གྲོས་སེངྒེ་ལགས་ལ་བསྔོ་སྨོན་ཡང་ཡང་ཞུ།
ཨེ་འགོག་རང་འདུན་པ་བློ་གྲོས་སེངྒེ་འམ་བློ་གྲོས་དབང་རྒྱལ་ལགས་ནི་ཕ་ཡུལ་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཉག་ལ་ཡུལ་ཚོ་ནས་ཡིན་ཞིང་། སྤྱི་ལོ་༢༠༡༣ལོ་ནས་བཟུང་ངེད་ཀུན་བརྩེ་ཨེ་འགོག་རང་འདུན་པའི་ཚོགས་པའི་ནང་ཞུགས་ཤིང་། སྔ་གཞུག་ཏུ་དཀའ་བ་མང་པོ་ཁྱད་དུ་བསད་ཅིང་། ངལ་བ་མང་པོ་དང་དུ་བླངས་ཏེ། བོད་ཁུལ་གྱི་ཡུལ་ལུང་སོ་སོ་དང་། སྒོས་སུ་ཡུལ་ཤུལ་གྱི་རྫོང་ཁག་སོ་སོར་ཕྱིན་ནས་མང་ཚོགས་བགྲང་ལས་འདས་པ་ཞིག་ལ་ཨེ་ཛི་ནད་ཡམས་དང་གསང་ནད་སྣ་ཚོགས། ད་དུང་མོ་ནད་སོགས་སྔོན་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། ཨེ་ཛི་ནད་པ་གཙོའི་ནད་པ་ཉམ་ཐག་མང་པོར་བརྩེ་གཟིགས་ཀྱི་རོགས་རམ་གནང་བ། ཨེ་ཛི་སོགས་འགོས་ནད་ཡོད་མིན་གྱི་དོགས་གཞི་ཡོད་པའི་མང་ཚོགས་མང་པོ་ཞིག་རིམས་འགོག་ལྟེ་གནས་སུ་ཁྲིད་པའི་སྨན་ཁྲིད་ཞབས་ཞུ་བསྒྲུབས་པ་དང་།
ད་རུང་ལོ་འདི་ཚོའི་རིང་ལ་ཁོང་གིས་མང་ཚོགས་ཁྲོད་ཤེས་བྱ་དྲིལ་བསྒྲགས་བྱས་པའི་གོ་རིམ་ཁྲོད་ཉམས་མྱོང་ཐོབ་པ་བཞིན། གཞི་རིམ་གྱི་མང་ཚོགས་མང་པོ་ཞིག་ལ་ནི་གློག་བརྙན་སྒྱུ་རྩལ་གྱི་བརྩམས་ཆོས་བརྒྱུད་ནས་དྲིལ་བསྒྲགས་བྱས་ན་ནུས་པ་དེ་ལས་ཐོན་པར་དགོངས་ཏེ། ༼དར་སྐུད་དམར་པོ་༽ཞེས་པའི་ཨེ་འབྲེལ་གློག་བརྙན་ཞིག་ཀྱང་ཕབ་བསྐྲུན་གནང་ཡོད་པས། བོད་རིགས་སྤུན་ཟླ་མང་པོ་ཞིག་ལ་རྒྱུས་མེད་ཅིག་གཏན་ནས་མིན་ཅིང་། ནམ་ཡང་ཁོང་གིས་གཞོགས་གཡས་བསྐྱོར་ནས་ཡུད་ཙམ་བསྡད་རྗེས། ཡང་བསྐྱར་ཨམ་ཚུགས་བསྡམས་ཤིང་མུ་མཐུད་དུ་ཤེས་བྱ་དྲིལ་སྒྲོག་བྱས་པའི་སྣང་བརྙན་དག་སེམས་ཀྱིས་བརྗེད་ག་ལ་སྲིད།
ཡིན་ནའང་། ང་ཚོའི་རང་འདུན་པ་མང་པོ་ཞིག་གིས་ཁོང་ལ་རྒྱུ་ལྷག་གཤག་བཅོས་བྱས་རྗེས་ངེས་པར་ཏུ་ངལ་གསོ་དང་ལུས་ཟུངས་གསོ་བའི་ཟས་སྤྱོད་ལེགས་པོ་བསྟེན་ནས་འདུག་དགོས་པའི་སྐུལ་མ་མང་དུ་བྱས་རུང་། ཁོང་གིས་ནི་ནམ་ཡང་། ང་ལ་སྐྱོན་མེད། ངའི་རྒྱུ་ལྷག་བཅད་ཚར་བ་རེད། ད་ལྟ་ཨེ་ཛིའི་ཁྱབ་མཆེད་གློག་ཞགས་ལས་མྱུར་བའི་དུས་འདིར། ང་ཚོར་ངལ་གསོས་ནས་སྐྱིད་པོར་འདུག་པའི་ཁོམ་ཞིག་ག་ལ་ཡོད་ཅེས་གཤེ་གཤེ་གཏོང་ཞོར་བརྒྱུགས་བརྒྱུགས་པའི་མཐར།
མདང་དགོང་སྟེ། སྤྱི་ལོ་༢༠༡༦ལོའི་ཟླ་༧པའི་ཚེས་༡༧ཉིན་གྱི་དགོང་མོར། དྲིན་ཆེན་གྱི་ཕ་མ་སོགས་ལ་སེམས་སྡུག་བྱ་མི་དགོས་ཚུལ་དང་། ཨེ་འགོག་གི་དགེ་བ་རྒྱ་ཆེན་པོ་འགྲུབ་ཡོད་པས། བརྒྱ་ལ་འཆི་དགོས་རུང་སྡུག་བསྔལ་ཡོད་མི་སྲིད་པ་སོགས་ཀྱི་སྤོབས་པ་དང་སེམས་གསོ་མང་དུ་བྱས་མཐར་བཅས་ཁོང་ཚེ་ལས་འདས་སོང་། སྤྱིར་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་བཟུང་ནས་ནམ་ཡང་དཀར་ཟས་རྐྱང་བོར་རོལ་ཐུབ་མཁན་དང་། ཨེ་འགོག་གི་བྱ་བ་དེ་ཆོས་སུ་བསྒོམས་ནས་ཚེ་སྲོག་ཀྱང་ཕངས་མེད་དུ་འཇོག་ཐུབ་མཁན་གྱི་གྲོགས་པོ་ཁོང་ལ་དགེ་སྐུལ་ཞིག་བྱ་དགོས་མིན་མི་ཤེས་རུང་། དེ་རིང་སྤྱི་སྟེགས་འདི་བརྒྱུད་ནས་གདུང་སེམས་མཉམ་བསྐྱེད་དང་བསྔོ་སྨོན་མཉམ་ཞུའི་ཡིག་ཐུང་དུ་འདི་དབང་མེད་དུ་ཐལ་ལོ། །
རང་འདུན་པ་ཆོས་དཔལ་བཟང་བོས། སྤྱི་ལོ་༢༠༡༦ལོའི་ཟླ་༧པའི་ཚེས་༡༨ཉིན།
ཁོང་ལ་མྱ་ངན་དང་སྨོན་ལམ ཞུ།
མྱ་ངན་ཞུ།