ཐེ་བོ་སངས་རྒྱས།
འཛམ་གླིང་ན་ཤེས་རིག་དར་སྔ་ཤོས་ཀྱི་རྒྱལ་ཁབ་ནི་རྒྱ་དཀར་ནག་དང་། གྷི་རི་སི། ཨེ་རྗིབ་བཞིར་རླུང་ལྟར་གྲགས་པ་ལས། ཨེ་རྗིབ་རྒྱལ་ཁོངས་གྷི་རྫ་ཕི་ལེ་ཐྲེའུ Giza Plateau, ས་ཆའི་ནཱི་ལེ་གཙང་བོའི་ནུབ་ངོགས་སུ་རྡོ་ཞུན་རི་བོ་ལས་བརྐོས་པའི་མི་མ་སེང་གི་སྐུ་བརྙན་ Great Sphinx, ལས་ཆེ་བའི་སྣང་བརྙན་རྙིང་བ་ཞིག་འཛམ་བུ་གླིང་དུ་མེད་ལ། འཇིག་རྟེན་ན་གསང་བ་བརྟོལ་དཀའ་ཞིང་ཧང་སངས་དགོས་པའི་འདྲ་སྐུའང་འདི་ཡིན་པར་སྒྲོག
འདིའི་གཞི་བཅོལ་ས་ནི་གྷི་རི་སིའི་ལྷ་སྒྲུང་རིག་པ་ལས་ལྡེའུ་ངོ་བོར་བསྟན་པའི་མགོ་བོ་མི་དང་ལུས་སྨད་སེངྒེ་ཅན་གྱི་སྲོག་ཆགས་ཤིག་ཡོད་ཟེར་བ་དེ་ཡིན་པ་ཤུགས་ནས་རྟོགས་ཐུབ་མོད། དེའི་མགོ་བོ་སྐྱེས་པའམ་བུད་མེད་གང་ཡིན་དང་། ད་དུང་དེར་བྱ་རྒོད་ཀྱི་གཤོག་པ་ཡོད་མེད་སྐོར་ངག་སྒྲོས་མ་འདྲ་བ་དུ་མ་མཆིས། དོན་དངོས་ཐོག་འདི་སུ་ཞིག་གི་འདྲ་འབག་ཡིན་པ་དང་། དུས་རབས་ནམ་ཞིག་ཏུ་དགོས་པ་ཅིའི་ཕྱིར་བཞེངས་པ། བཞེངས་མཁན་སོགས་དཀར་ཆག་གམ་རྡོ་རིང་ཡིག་རྙིང་སོགས་མེད་སྟབས། གསལ་ཁ་མེད་པའི་གབ་ཚིག་ལྟ་བུ་ཡིན་ཕྱིར་ལོ་རྒྱུས་སྨྲ་བ་ཚོའི་རྩོད་གཞིར་ལྷག་ཡོད། གཞན་སྨོས་ཅི་ཐ་ན་འདིའི་མིང་གི་བསྟན་དོན་ངོ་མ་གང་ཡིན་ཤེས་མཁན་མེད་ཟེར།
བསམ་བློ་གཏོང་ས་ཞིག་ལ་མི་མ་སེང་གི་སྐུ་བརྙན་འདི་དེའི་ཉེ་འགྲམ་དུ་ཡོད་པའི་གཏོར་གཟུགས་བང་སོ་ལ་བལྟོས་ན་ཅུང་ཟད་ཆུང་བ་ཡོད། གང་ལྟར་ལོ་ནས་ལོ་བསྟུད་ལྟ་བ་མི་མཐུན་པའི་སྲོལ་རྒྱུན་དང་དེང་རབས་རིག་པ་སྨྲ་བ་དག་འདིའི་ཐད་བདེན་དཔང་ར་སྤྲོད་ལམ་ནས་གནས་ལུགས་འཚོལ་བར་བྲེལ་བཞིན་གདའ། བརྒྱ་ཕྲག་དང་པོའི་ནང་བྱོན་པའི་ཨི་ཐྲ་ལིའི་Italy, རང་བྱུང་ལོ་རྒྱུས་སྨྲ་བ་ཆེན་མོ་ཕི་ལི་ནེ་རྡེ་ཨེལ་ཌེར་ Pliny The Elder, གྱིས་འདི་ནི་ཨེ་རྗིབ་པ་རྣམས་ཀྱིས་གསང་རྒྱའི་ངང་བླ་ན་མེད་པའི་དཀོན་མཆོག་ཏུ་བརྩི་བ་དང་། རྒྱལ་པོ་ཧར་མའེ་སི་ King Harmais, ཡི་པུར་འདིའི་འོག་ཏུ་སྦས་ཡོད་པར་བཤད། ཡིན་ནའང་དེང་དུས་ཨེ་རྗིབ་པའི་གནའ་རྫས་རྟོག་ཞིབ་པ་ཚོས་ཡ་མཚན་ཅན་གྱི་འདྲ་སྐུ་འདི་ཕལ་ཆེར་ཕྱི་ལོ་སྔོན་གྱི་2500ནང་སྟེ། ཨེ་རྗིབ་རྒྱལ་ཕྲན་རྙིང་བའི་བཙན་པོ་ཁཱ་ཧྥི་རའི་ Khafra, སྐབས་ཡས་མས་སུ་བསྐྲུན་པ་དང་གཏོར་གཟུགས་བང་སོ་དེ་རྗེས་སུ་བརྩིགས་པར་ཚོད་དཔག་བྱས་སྣང་། འདིའི་ཞེང་ཁ་ལ་ཧྥེ་ཐྲི་དྲུག་ཅུ་རེ་གསུམ་དང་། སྲིད་དུ་ཧྥེ་ཐྲི་ཉིས་བརྒྱ་ཞེ་གཅིག དཔངས་ལ་ཧྥེ་ཐྲི་དྲུག་ཅུ་རེ་དྲུག་ལྷག་ཡོད། འདི་ཡང་ས་སྟེང་ངོ་མཚར་ཅན་བདུན་གྱི་བརྩི་སྟངས་གསར་བའི་གྲས་སུ་མ་བཞག་གོ །
ཁྱེད་ཀྱིས་བསྟུད་མར་སྤྱིར་སྟངས་ཤེས་བྱ་འདྲ་མིན་ངོ་སྤྲོད་གནང་བར་སྙིང་ནས་དགའ་བསུ་ཡི་རངས་ལན་མང་ཞུ།
༼འདི་ཡང་ས་སྟེང་ངོ་མཚར་ཅན་བདུན་གྱི་བརྩི་སྟངས་གསར་བའི་གྲས་སུ་མ་བཞག་གོ །༽
གོ་དོན་མ་རྟོགས་ཐལ།
ཨེ་ཇིབ་པའི་བར་དོ་ཐོས་གྲོལ་ལམ་གཤིན་སྒྲོལ་གྱི་གཞུང་དེ་ཡང་བོད་ཀྱི་བར་དོ་ཐོས་གྲོལ་དབྱིན་ཡིག་ཏུ་མ་ཐོན་གོང་སྐད་གྲགས་ཡོད་པ་ཞིག་རེད། དེའི་ནང་ལྷ་མི་འདྲ་བ་མང་པོ་ཞིག་གི་མིང་འདུག་ལ་དེ་ང་ནི་ང་ཚོའི་ཐོས་གྲོལ་ནང་གི་ཞི་ཁྲོ་དམ་པ་རིགས་བརྒྱའི་བཟོ་འདྲ་བོ་ཞིག་རེད།
ཨེ་ཇིབ་པའི་བར་དོ་ཐོས་གྲོལ་ལམ་གཤིན་སྒྲོལ་གྱི་གཞུང་ངོ་སྤྲོད་ཕྲན་ཙམ་ཞིག་འདིར་འདུག
http://en.wikipedia.org/wiki/Book_of_the_Dead
འདིར་ཡང་ཨ་ཇེབ་པའི་གཤིན་སྒྲོལ་གྱི་གཞུང་དེའི་སྐོར་གློག་བརྙན་གྱི་ལམ་དུ་ཕྲན་བུ་འདུག
http://www.youtube.com/watch?v=g5zCUPG-mfk
འཛམ་གླིང་ན་གྲགས་ཆེ་བའི་རིག་དངོས་མང་པོ་ཞིག་རིམ་བཞིན་བོད་ཡིག་ཁོ་ནའི་ལོངས་སྤྱོད་ཙམ་ལས་རེག་མ་ཐུབ་པའི་ཁོར་ཡུག་འདིར། འདོད་འཇོ་བ་མོའི་འོ་མ་བཞིན་དངོས་གྲུབ་ཏུ་ཐོབ་པ་ནི་ང་དང་ང་འདྲ་བའི་སྐྱེས་བུ་མིག་གཅིག་པ་ཚོར་ཕན་ཐོག་རྒྱ་ཆེར་བྱུང་འདུག་པས། ཐེ་བོ་སངས་རྒྱས་ལགས་ལ་བཀའ་དྲིན་ཆེ་ཞུས་པ་ཆབ་ཅིག་མུ་མཐུད་ནས་སྤེལ་རོགས་གནང་ཞེས་རེ་སྐུལ་ཀྱང་ཞུས་པ་ཡིན།
ཐེ་བོ་སངས་རྒྱས་གང་ལ་སྙིང་ཐག་ནས་བཀྲིན་ཆེ་ཞུ་ བན་དེ་བ་ཁོང་ནམ་རྒྱུན་མཆན་རྩོམ་ལ་བལྟས་ཡོང་དུས་མཁས་ཉམས་ཡོད་བཟོ་བའི་མངོན་ཀྱང་རྩིས་སྟངས་གསར་པའི་གོ་བ་མ་ལོན་པ་འདི་དགོད་བྲོ་བ་བྱུང་སོང་།
ཐེ་བོ་སངས་རྒྱས་ཁྱེད་ཀྱིས་འཛམ་གླིང་ན་ཆེ་བར་གྲགས་པའི་ལོ་སྒྱུས་དག་བཀོད་གནང་བས་ང་འདྲའི་མི་བུ་མང་མང་ཞིག་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེན་པོ་ཡོང་རྒྱུ་གདོན་མི་ཟ་བས་ཡང་ནས་བསྐྱར་དུ་ངོ་སྤྲོད་ལུ་གུ་རྒྱུད་དུ་འབྲི་གནང་ཡོད་པ་མཁྱེན། ཧི་མ་ལའི་འཕྲུལ་མྱུག་ཀྱི་ཐོག་མའི་རྩོམ་དེ་དག་དོན་དང་ལྡན་པ་འདྲར་སྣང་ཡང་ད་སྐབས་མྱོན་པའི་སྤྱོད་པ་དང་རི་བོང་ཅལ་འདྲོགས་ཡིན་པ་རྩོམ་གཞི་ལས་རྟོགས་ཡོང་