~~~ཚེ་དབང་།
ཕྱི་ལོ་མ་བྱུང་སྔོན་གྱི་མི་ལོ་༧།༠༠༠ ཙམ་གྱི་ཡར་སྔོན་ན་གཙང་པོ་ནིལ་གྱི་འགྲམ་ནས་མི་རྣམས་གཞིས་ཐོག་མར་ཆགས་པ་དང་འཛམ་གླིང་གི་དཔལ་ཡོན་དར་སྔར་བའི་གྲས་ཞིག་ཀྱང་ཡིན། ཡུལ་གྲུ་གཞན་གྱི་སྤྱི་ཚོགས་དང་འདྲ་བར་གཙང་པོ་ནིལ་གྱི་འགྲམ་ན་གཞིས་ཆགས་ཀྱི་འཚོ་བ་དེ་ཉིད་ཆེས་རྙོག་འཛིང་ཆེ་བའི་དུས་ཀྱི་འཁོར་མོ་བརྒྱུད་ནས་འཕེལ་རྒྱས་བྱུང། དང་ཐོག་ཡུལ་དེར་འཚོ་གནས་བྱེད་པའི་མི་རྣམས་ཀྱིས་ས་ཆ་དེར་ཡུལ་ཁེ་མི་ཏི་Kemet ཞེས་འབོད་པ་དང་དེའི་དོོན་ནི་ས་ནག་མ་ཞེས་པའི་དོན་ཡིན། མིང་དེ་ལྟར་འབོད་དོན་ནི་ཡུལ་དེར་ས་བཅུད་ཆེས་བཟང་བས་དེ་ལྟར་འབོད།
ཐོག་མར་ས་ཁུལ་དེར་སྡེ་ཤོག་དང་ཚོ་བོས་སོགས་སྡེ་དཔོན་དང་རྒྱལ་ཕྲན་སོགས་ཀྱིས་དབང་བསྒྱུར་ཐོག་ཁ་ཐོར་དུ་གནས་ཡོད། དུས་རབས་མང་པོ་ཞིག་འདས་རྗེས་རྒྱལ་ཕྲན་ཆུང་ངུ་རྣམས་རིམ་བཞིན་ཕན་ཚུན་བཙན་འཛུལ་དང་དམག་འཁྲུག་བརྒྱུད་ས་ཁུལ་དབང་བསྒྱུར་གྱིས་རྒྱ་བསྐྱེད་བཏང་བའི་ཤུགས་རྐྱེན་ཇེ་ཆེར་ཕྱིན་ནས་མཐར་རྒྱལ་པོ་གཉིས་ཀྱིས་དབང་བསྒྱུར་བའི་ཡུལ་ཁམས་ཞིག་ཏུ་གྱུར། ཧ་ལམ་མི་ལོ་ ༦།༠༠༠ ལྷག་ཙམ་རིང་གཙང་པོ་ནིལ་དུ་གནས་པའི་ཡུལ་ཁམས་ཆེན་པོ་དེ་རྒྱལ་པོ་གཉིས་ཀྱིས་དབང་བསྒྱུར་ནས་དུས་རིམ་རིང་མོ་དེ་བསྐྱལ་ཡོད། ཨེ་རྗིབ་ཡུལ་ཁམས་དེ་ཉིད་སྟོད་སྨད་གཉིས་སུ་གྱེས་ནས་རྒྱལ་པོ་གཉིས་ཀྱི་མངའ་དབང་བསྒྱུར་ནས་ཨེ་རྗིབ་སྟོད་དང་ཨེ་རྗིབ་སྨད་ཅེས་འབོད། ཨེ་རྗིབ་སྟོད་ནི་གཙང་པོ་ནིལ་གྱི་ནུབ་ཕྱོགས་སུ་གནས་ཡོད་པ་དང་། ཨེ་རྗིབ་སྨད་ནི་གཙང་པོ་ནིལ་གྱི་ལྷོ་ཕྱོགས་སུ་ཆགས་ཡོད།
མི་ལོ་ལྔ་སྟོང་ ༥།༠༠༠ ལྷག་གི་ཡར་སྔོན་ན་ཨེ་རྗིབ་སྟོད་ཀྱི་རྒྱལ་པོའི་སྟོབས་ཤུགས་དང་མངའ་ཐང་ཇེ་ཆེར་ཕྱིན་ནས་རིམ་བཞིན་ཨེ་རྗིབ་སྨད་ཀྱི་ཡུལ་ཁམས་ལ་བཙན་འཛུལ་བྱེད་པའི་འགོ་ཚུགས། མཐར་ཨེ་རྗིབ་སྨད་ཀྱི་རྒྱལ་ཁམས་ཕམ་ཉེས་བཏང་ནས་ཨེ་རྗིབ་ཡུལ་ཁམས་ཆ་ཚང་ཨེ་རྗིབ་སྟོད་ཀྱི་རྒྱལ་པོས་དབང་བསྒྱུར་བྱས། རྒྱལ་པོ་འདི་ཡི་མིང་ལ་ན་མར་Narmer ཞེས་འབོད་ཀྱི་ཡོད་། རྒྱལ་པོ་ན་མར་Narmer གྱིས་གཙང་པོ་ནིལ་གྱི་ཡུལ་ལུང་དུ་གནས་པའི་ཨེ་རྗིབ་ཡོངས་རྫོགས་གཅིག་བསྒྲིལ་བཟོ་མཁན་སྙན་གྲགས་ཆེ་བའི་རྒྱལ་པོ་ཞིག་ཡིན། ཁོང་གིས་ཨེ་རྗིབ་སྟོད་སྨད་གཉིས་བར་དུ་རྒྱལ་པོའི་མཁར་རྫོང་གསར་བཞེངས་བྱས་ནས་གནས་དེར་རྒྱལ་ས་བསྐྲུན། མཁར་རྫོང་དེའི་མིང་ལ་མམ་ཕིའི་སི་Memphis ཞེས་འབོད། རྒྱལ་པོ་ན་མར་Narmer དང་ཁང་གི་བུ་རབས་ཚ་རྒྱུད་ཀྱིས་ཨེ་རྗིབ་རྒྱལ་ཁམས་དབང་བསྒྱུར་བྱས། ཁྱིམ་རྒྱུད་ཀྱིས་རྒྱལ་ཁབ་སྐྱོང་བའི་ལམ་ལུགས་དེ་སྐབས་དེ་ནས་དར་ཡོད་པ་རྒྱལ་རྒྱུད་ལ་བལྟས་ན་ཤེས་ཐུབ། མི་ལོ་ ༥།༠༠༠ ནས་ཧ་ལམ་མི་༢།༣༠༠ ཡར་སྔོན་བར་དུ་ཨེ་རྗིབ་རྒྱལ་ཁབ་དེ་ཉིད་རྒྱལ་རྒྱུད་མི་འདྲ་བ་༣༠ ཙམ་གྱིས་དབང་བསྒྱུར་བྱས་ཡོད་པར་བཤད། ལོ་རྒྱུས་སྨྲ་བ་ཚོས་ཨེ་རྗིབ་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་དང་ཤེས་རྟོགས་བྱས་ནས་ཧ་ལམ་མི་ལོ་༢།༥༠༠ ཙམ་གྱི་རིང་ལ་རྒྱལ་རབས་ཀྱི་དུས་སྐབས་མི་འདྲ་བ་རིགས་གསུམ་དུ་བཀར་ཡོད་པ་དང་། དེ་ནི་གདོད་མའི་རྒྱལ་རབས། བར་གྱི་རྒྱལ་རབས། རྒྱལ་རབས་གསར་པ་བཅས་སོ།
ཆེས་སྔ་བའི་རྒྱལ་རབས།
ཆེས་སྔ་བའི་རྒྱལ་རབས་ནི་ཧ་ལམ་ཕྱི་ལོ་མ་བྱུང་སྔོན་གྱི་ལོ་༢༧༠༠ ཙམ་ནས་འགོ་བཙུགས་པ་དང་། མཐའ་མ་དེ་ཕྱི་ལོ་མ་བྱུང་སྔོན་གྱི་ལོ་༢༢༠༠ཙམ་ནས་མཇུག་བསྒྲིལ་བར་བཤད། དུས་རབས་བཞི་ཙམ་གྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དེ་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་གནད་དོན་དོ་སྣང་སྐྱེ་འོས་པ་ཞིག་ཡིན། དེ་ནི་སྟོད་ཨེ་རྗིབ་རྒྱལ་པོ་དང་། སྨད་ཨེ་རྗིབ་རྒྱལ་པོ་གཉིས་བར་གཅིག་གྱུར་མིན་པའི་རང་བཙན་རྒྱལ་ཁབ་གཉིས་ཀྱི་ངོ་བོའི་ཐོག་བསྐྱོད་པའི་བརྒྱུད་རིམ་རིང་མོ་ཞིག་རེད།
ཆེས་སྔ་བའི་ཨེ་རྗིབ་རྒྱལ་རབས་ཀྱི་རྒྱལ་རྒྱུད་རིང་མོ་ནས་རིམ་བཞིན་སྔར་ནས་མེད་པའི་སྟོབས་ཤུགས་དང་མངའ་ཐང་ཇེ་ཆེར་ཆགས། འབངས་མི་ཚོས་ཁོང་ལ་རྒྱལ་པོའི་འདུ་ཤེས་ཡོད་པ་ཙམ་མ་ཟད། ནུས་མཐུར་དབང་བའི་ལྷ་ཞིག་ཏུ་ངོས་འཛིན་ཡང་བྱེད་བཞིན་ཡོད། དེར་བརྟེན་དབང་བསྒྱུར་བའི་རྒྱལ་པོ་ཉིད་ཆེས་དབང་ཐང་ཆེ་བའི་མི་སྣ་ཞིག་ཆགས་ནས། འབངས་མི་ཚོས་ཁོང་གིས་བཀའ་གང་འདྲ་ཞིག་བཏང་རུང་ཐེ་ཚོམ་མེད་པར་ཧུར་བརྩོན་ཆེན་པོས་བསྒྲུབ་དགོས་པའི་འདུ་ཤེས་ཞིག་སེམས་ཁམས་སུ་ཐིམ་ཡོད། རྒྱལ་པོའི་སྟབས་ཤུགས་དེ་ཉིད་ཆབ་སྲིད་ཀྱི་སྟོབས་ཤུགས་ཙམ་མ་ཟད་ཆོས་ལུགས་ཀྱི་སྟོབས་ཤུགས་ཀྱང་ཁོང་ལ་དབང་ནས་ཆོས་སྲིད་གཉིས་མཉམ་དུ་བསྐྱངས་མཁན་གྱི་རྒྱལ་པོ་ཞིག་ཆགས། དེར་བརྟེན་སྐབས་དེ་ཙམ་ནས་ཆོས་སྲིད་གཉིས་ཀ་རྒྱལ་པོ་གཅིག་གིས་བསྐྱོང་བའི་ལམ་ལུགས་དེ་ཐོག་མར་དར་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཆོག །
ཨེ་རྗིབ་ཀྱི་སྤྱི་ཚོགས་དེ་འཕོ་འགྱུར་ཆེ་ཆུང་འདྲ་མིན་སྣ་ཚོགས་བྱུང་བའི་ཆེས་རྙོག་འཛིང་ཆེ་བའི་ལོ་རྒྱུས་ཞིག་ཡིན་པ་དང་། རྒྱལ་ཁབ་འདི་ཉིད་ཀྱི་རྒྱལ་པོ་ཆགས་པ་ལས་ཁོ་རང་ཉིད་ཀྱི་སྟོབས་ཤུགས་གཅིག་པོའི་རྒྱལ་པོ་བྱེད་ཐུབ་པ་ནི་མི་སྲིད་པ་ལྟ་བུ་ཞིག་ཡིན། ཁོས་མི་རྣམས་དམག་མིར་འཇུག་པ་དང་། དེ་བཞིན་གཤམ་འོག་ཏུ་ཡོད་པའི་དཔོན་ཆུང་སོགས་འགོ་གཙོ་ཆུང་གྲས་མང་པོ་ཞིག་ལ་རོགས་རམ་བྱེད་བཞིན་ཡོད། ཁོའི་སྲིད་གཞུང་གིས་རྒྱལ་ཕྲན་རྣམས་ལ་ལས་དོན་ཅི་ཞིག་ཡིན་ཡང་རྒྱབ་སྐྱོར་དང་མཛའ་འབྲེལ་འཛུགས་པ་དང། དེ་མིན་མཁར་རྫོང་བསྐྲུན་པ། ཡུལ་ལ་ཕུང་དཀྲུགས་སློང་མཁན་མི་ངན་རྣམས་ལ་ཉེས་ཆད་བཅད་པ་སོགས་རྒྱབ་སྐྱོར་གང་ཐུབ་བྱེད་བཞིན་ཡོད།།
གཏོར་གཟུགས་མཆོད་རྟེན་བཞེངས་པ།
ཨེ་རྗིབ་ཀྱི་མི་རྣམས་ཀྱིས་ཁོང་ཚོའི་རྗེ་བོ་དེ་ཉིད་རྒྱལ་པོ་ཙམ་མ་ཟད་ནུས་མཐུ་ཆེ་བའི་ལྷ་ཞིག་ཏུ་འདོད་བཞིན་ཡོད་པར་བཤད། རྒྱལ་པོ་གྲོངས་རྗེས་མཚམས་མ་ཆད་པར་ཨེ་རྗིབ་མི་དམངས་ཚབ་ཏུ་བྱ་བ་བྱེད་བཞིན་ཡོད་པར་ཡིད་ཆེས་བྱེད། དེར་བརྟེན་ཕ་རོལ་ཏུ་གཤེགས་ཟིན་པའི་རྒྱལ་པོ་རྣམས་འབངས་མི་རྣམས་ལ་མཚོན་ན་ཆེས་གལ་གནད་ཆེ་བའི་གནད་དོན་ཞིག་ཏུ་གྱུར་ཡོད།
ཨེ་རྗིབ་མི་རྣམས་ཀྱིས་ཁོང་ཚོ་དབང་བསྒྱུར་མཁན་གྱི་རྒྱལ་རྒྱུད་དེ་ལ་བརྩི་བཀུར་ཆེ་ཞིང་ཆེས་བླ་ན་མེད་པ་དང་གོང་ན་མེད་པ་ཞིག་ཏུ་བཀུར་བཞིན་ཡོད། རྒྱལ་པོ་རྣམས་གྲོངས་རྗེས་ཁོང་ཚོས་རྒྱལ་པོ་རྣམས་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་མ་ཟད་ཟས་སྣ་ཕུན་སུམ་ཚོགས་པ་སྤུར་དང་མཉམ་དུ་བརྫོངས་པ་དང་། དེ་བཞིན་མཉམ་དུ་གཡོག་པོ་སོགས་ཀྱང་སྤུར་མཉམ་དུ་དུར་སྦས་བྱེད་བཞིན་ཡོད།
རྒྱལ་པོའི་བང་སོ་རྣམས་ཆེས་རྩ་ཆེན་ཞིག་ཏུ་ངོས་འཛིན་བྱེད་པ་མ་ཟད་དུས་རྒྱུན་དུ་ཉར་ཚགས་དང་གཅེས་སྲུང་བྱས་ནས་མི་རབས་ནས་མི་རབས་རྒྱུད་བརྩི་སྲུང་བྱེད།
སྤུར་གདུང་དེ་དག་རྒྱལ་པོ་ཚོའི་སྒེར་ཁང་ངམ་གཟིམ་ཆུང་ནང་དུ་འཇོག་བཞིན་ཡོད་པ་དང་། དེ་དག་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤུད་དེ་བརྩི་སྲུང་བྱེད་བཞིན་ཡོད། སྤུར་གདུང་འཇོག་སའི་ཕོ་བྲང་རྣམས་གནའ་བོའི་རྒྱལ་རབས་སྐབས་སུ་བཞེངས་བསྐྲུན་བྱས་པ་ཞིག་ཡིན་པ་རེད། སྙན་གྲགས་ཆེ་བའི་གཏོར་གཟུགས་མཆོད་རྟེན་བཞིན་ཕོ་བྲང་མང་ཤོས་རྡོ་ཡིས་བསྐྲུན་ནས་སྲ་མཁྲེགས་ཆེ་ཞིང་རྩེ་མོ་གནམ་ལ་བསྙེགས་ཡོད། གཏོར་གཟུགས་མཆོད་རྟེན་དེ་དག་མི་ལོ་མང་པོའི་རིང་བྲན་གཡོག་བསྐོལ་ནས་འཛུགས་སྐྲུན་བྱས་པ་ཞིག་ཡིན། དེ་དག་ནི་གནའ་བོའི་ཨེ་རྗིབ་ཀྱི་རྒྱལ་པོ་ཚོའི་ཁ་ཆེམས་བཞིན་བཟོས་ཡོད་པ་དང་། ཨེ་རྗིབ་ཀྱི་ནུས་སྟོབས་དང་། རྒྱལ་རྒྱུད་རྣམས་ཀྱི་གཟི་བརྗིད་མཚོན་པར་བྱས་ཡོད།
གཏོར་གཟུགས་མཆོད་རྟེན་དང་རྒྱལ་པོའི་སྤུར་ཁང་།
མི་རྣམས་ཀྱིས་ཨེ་རྗིབ་རྒྱལ་ཁབ་སྐོར་ལ་བསམ་བློ་གཏོང་དུས་རང་བཞིན་གྱིས་ཨེ་རྗིབ་ཀྱི་གཏོར་གཟུགས་མཆོད་རྟེན་མིག་ལམ་དུ་མངོན་བཞིན་ཡོད། མི་རྣམས་ཀྱིས་གནའ་བོའི་སྐབས་སུ་བཞེངས་པའི་སྙན་གྲགས་ཆེ་བའི་གཏོར་གཟུགས་མཆོད་རྟེན་གྱིས་ཡིད་ཀྱི་དང་བ་འདྲེན་པར་བྱེད། ཨེ་རྗིབ་ཀྱི་ཉེ་འཁོར་དུ་གནས་པའི་མི་རྣམས་ཀྱིས་དེ་ལས་ཀྱང་གསལ་པོ་ཤེས་ཀྱི་ཡོད། གནའ་བོའི་མི་རྣམས་ཀྱིས་གཏོར་གཟུགས་མཆོད་རྟེན་དེ་ཉིད་རྩེ་མོ་གནམ་ལ་བསྙེགས་པའི་བཟོ་བཀོད་རྔམ་བརྗིད་ལྡན་ཞིང་། ཕྱོགས་མཚམས་ཀུན་ཏུ་བྱེ་མས་ཁྱབ་པའི་ཡུལ་དུ་འགྱིང་ངེར་གནས་ཡོད། དེ་ནི་དུས་ཡུན་རིང་པོ་ཕྱིན་པ་མ་ཟད་ད་དུང་ཡང་བསྐལ་པ་མ་ནུབ་བར་ཨེ་རྗིབ་ཀྱི་རྒྱལ་ཁབ་དང་མི་རིགས། རྒྱལ་པོའི་སྟོབས་ཤུགས་དང་། རིག་གནས། ལོ་རྒྱུས་སོགས་མངོན་པར་གསལ་བར་བྱེད་དོ།།
ཨེ་རྗིབ་ཀྱི་གཏོར་གཟུགས་མཆོད་རྟེན་མང་ཆེ་བ་ཞིག་ཟུར་གསུམ་དང་ཟུར་བཞི་ཅན་གྱི་རྣམ་པའི་ཐོག་ནས་བཞེངས་སྐྲུན་བྱས་ཡོད་ལ་ཟུར་དེ་དག་རྩེ་མོ་ཕྱོགས་གཅིག་ཏུ་ཐུག་པའི་རྩེ་མོ་དེ་མཁའ་དབྱིངས་སུ་འགྱིངས་ཡོད། རྨང་གཞི་བརྟན་ཞིང་མཁྲེགས་ལ་རྩེ་མོ་ཡང་མཁྲེགས་པོ་ཅན་གྱིས་བཟོ་བསྐྲུན་བྱས་ཡོད། ཆེས་སྙན་གྲགས་དང་རྒྱ་ཆེ་ཤོས་ཀྱི་གཏོར་གཟུགས་མཆོད་རྟེན་Khufu ཁུ་ཕུ་ཞེས་པ་དེ་ཡིན་ལ་རྒྱ་ཁྱོན་ཨེ་ཀར་༡༣ ཙམ་ཡོད་པ་མ་ཟད། མཐོ་ཚད་ཕི་ཏྲི་ ༤༨༨ ཡོད་ལ་༼མི་ཏྲར་ ༡༤༩༽ ཙམ་ཡོད། ཡིན་ཡང་མི་རྣམས་ཀྱིས་རྡོ་ཐལ་གྱི་རྡོ་རྣམས་ཁང་པའི་རྩིག་གྱང་ངོས་སུ་བྱུགས་ནས་མཛེས་བཟོས་ཆེད་རྐུ་འཁྱེར་བྱས་པའི་རྐྱེན་གྱིས་དེང་སྐབས་མཐོ་ཚད་ཕི་ཏྲི ༤༥༥ ༼མི་ཏྲར་༡༣༨༽ ཙམ་ལས་མེད། འཁོར་ར་ཁོར་ཡུག་ཏུ་ས་ཕག་ 1,300,000 ཙམ་གྱི་ར་བ་བཟོས་ཡོད། ས་ཕག་དེ་དག་དེང་སང་གི་ས་ཕག་ལྟར་མིན་པར་རྡོ་ཐལ་གྱི་རྡོ་བ་ཆུང་ཆུང་གིས་བརྩིགས་ཡོད་ལ་རེ་རེ་ལ་པང་ཌི་ 5,500 pounds རེ་ཡོད་པ་དང་། ཆེས་ཆེ་བ་རེ་ལ་33,000 pounds ཙམ་ཡོད་པར་བཤད།
གནའ་བོའི་གཏོར་གཟུགས་མཆོད་རྟེན་དེ་ཉིད་ཀྱིས་ཨེ་རྗིབ་ཀྱི་སྤུར་ཁང་བཟོ་བཀོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྒྱལ་པོ་Pharaoh Djoser གི་སྤུར་གདུང་གཏོར་གཟུགས་མཆོད་རྟེན་གཏོར་རླག་བཏང་ཡོད་པ་དང་། གཏོར་གཟུགས་མཆོད་རྟེན་དེ་ལ་བཟོ་འགོད་པས་རྡོ་ངོས་ལ་འབུར་བརྐོས་སོགས་གང་ཡང་བྱས་མེད། སྐབས་དེར་གཏོར་གཟུགས་མཆོད་རྟེན་གྱི་ནང་དུ་འགྲོ་ལམ་གྱི་སྒོ་ཁ་ཆེས་ལྕི་བའི་རྡོ་ཡིས་བཅད་ནས་བཟོས་ཡོད་ལ་སྐབས་དེར་ཁོང་ཚོས་བཟོ་བཀོད་ཀྱི་རྣམ་པའི་ཐོག་ནས་ཅུང་ཙམ་ཕྱོགས་ཡོད་པར་སྣང་། དེ་རྗེས་སྙན་གྲགས་ཆེ་བའི་རྒྱལ་པོ་Giza ཡི་སྤུར་ཁང་གཏོར་གཟུགས་མཆོད་རྟེན་སྔོན་ལས་ཆེས་ལེགས་པའི་བཟོ་བཀོད་བྱས་ཡོད་པ་དང་དེ་ལ་ཞིབ་འཇུག་པ་ཚོས་ཅུང་གཏོར་བརླག་བཏང་ཡོད།
མི་འགའ་ཞིག་གིས་བཤད་རྒྱུར། གནའ་བོའི་ཨེ་རྗིབ་ཀྱི་གཏོར་གཟུགས་མཆོད་རྟེན་འཛུགས་བསྐྲུན་བྱེད་པའི་སྐབས་སུ་བྲན་གཡོག་གི་མི་འབོར་ཆེས་མང་བར་བཤད། བྲན་གཡོག་དེ་དག་ནི་ངལ་རྩོལ་གྱི་ལས་ཙམ་མ་ཡིན་པར་དེ་མིན་རྩེད་མོའི་ལས་རིགས་ཀྱང་ཆེས་མང་པོ་ཞིག་ཡོད་པར་བཤད། ལོ་གཅིག་གི་ནང་དུ་ཟླ་བ་བཞི་རིང་ཙང་པོ་ནིལ་གྱི་ཆུ་ལོག་གི་གནོད་སྐྱོན་ཆེས་ཚབས་ཆེ་བས་བྲན་གཡོག་ཚོས་ཞིང་ལས་བྱེད་མི་ཐུབ། སྐབས་དེར་ཁོང་ཚོས་རྒྱལ་པོའི་དྲན་གསོའི་སྤུར་གདུང་གཏོར་གཟུགས་མཆོད་རྟེན་འཛུགས་བསྐྲུན་བྱེད་བཞིན་ཡོད།
མི་རྒྱུད་དཔྱད་རིག་པ་ཚོས་ཚོད་དཔག་བྱས་པ་ལྟར་ན་ཨེ་རྗིབ་ཀྱི་གཏོར་གཟུགས་མཆོད་རྟེན་ཆེ་བ་དེ་ཉིད་མི་ོལོ་༢༠ རིང་བཞེངས་བསྐྲུན་བྱས་ཡོད་པར་བཤད་ལ། ལས་མི་ཧ་ལམ་ཁྲི་ཚོ་བཅུ་ཙམ་བསྐུལ་ནས་མཆོད་རྟེན་དེ་ཉིད་བཞེངས་བསྐྲུན་བྱས་པར་བཤད། མི་རྒྱུད་དཔྱད་རིག་པ་ཚོས་ས་འོག་སྔོག་འདོན་གྱིས་གཏོར་གཟུགས་མཆོད་རྟེན་འགྲམ་ནས་བུད་མེད་ཀྱི་གཟུགས་ཕུང་འགྱུར་རྡོ་སོགས་རྙེད་ཐུབ་ཡོད་པས་ན་སྐབས་དེར་བུད་མེད་ཀྱང་མང་པོ་ཞིག་བྲན་གཡོག་བཀོལ་ནས་གཏོར་གཟུགས་མཆོད་རྟེན་བཞེངས་བསྐྲུན་བྱས་ཡོད་པར་ཡིད་ཆེས་བྱེད། ཡིན་ཡང་ས་འོག་སྔོག་འདོན་གྱིས་གནས་དེར་དཀྱིལ་དབུས་སུ་བག་ལེབ་སྲེག་ཁང་དང་དེ་བཞིན་ནད་པ་སྨན་བཅོས་བྱེད་ས་སོགས་གནས་དེར་བརྙེད་ཐུབ་པས་ན་མི་རྒྱུད་དཔྱད་རིག་པ་ཚོས་བྲན་གཡོག་དེ་དག་ལ་ཆེས་གདུག་རྩུབ་ཅན་ཞིག་མིན་པར་མངོན་ཟེར།
དེར་བརྟེན་ལས་ཀ་བྱེེད་མཁན་མི་འབོར་ཕོན་ཆེན་དེ་འདྲ་ཞིག་ཅི་ཕྱིར་ལོ་མང་རིང་རྒྱལ་པོའི་སྤུར་ཁང་ཞིག་ལ་ཅི་མི་སྙམ་པར་བཞེངས་བསྐྲུན་བྱས་པ་ཡིན་ནམ་ཞེ་ན། ཨེ་རྗིབ་ཀྱི་མི་དམངས་རྣམས་རྒྱལ་པོ་ཕ་རོ་ pharaohs རྣམས་དཀོན་མཆོག་གཅིག་ཏུ་འདོད་བཞིན་ཡོད་པ་དང་། རྒྱལ་པོ་རྣམས་ཉི་མའི་དཀོན་མཆོག་གིས་མགོན་སྐྱབས་བྱེད་ཀྱི་ཡོད་པར་ཡིད་ཆེས་བྱེད། རྒྱལ་པོ་རྣམས་སྐུ་གཤེགས་རྗེས་ཁོང་རྣམས་ཀྱང་དཀོན་མཆོག་ཏུ་འགྱུར་བ་དང་། འཇིག་རྟེན་འདི་དང་བྲལ་ནས་གཤེགས་ཟིན་ནའང་ཁོང་གི་བྱིན་རླབས་དང་ཐུགས་རྗེའི་ཆ་ཤས་ཞིག་མི་ཡུལ་དུ་ལུས་པའི་སྐུ་ཕུང་དུ་གནས་པའི་ཡིད་ཆེས་བྱེད།
རྒྱུ་མཚན་དེ་འདྲ་ཞིག་ལ་བརྟེན་ནས་རྒྱལ་པོ་ཚོའི་སྐུ་ཕུང་དེ་ཉིད་ཆེས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་སྲོལ་བྱུང་། ཁོང་ཚོས་རྒྱལ་པོའི་སྤུར་གདུང་ཆེས་གལ་ཆེ་བའི་ཐོག་ནས་སྲུང་སྐྱོབ་དང་ཉར་ཚགས་བྱེད་ཀྱི་ཡོད་པ་དང་། དེ་བཞིན་བང་སོ་འམ་སྤུར་གདུང་དེ་ཉིད་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཞིང་མཛེས་བཀོད་ཡིད་དུ་འོང་བར་བྱེད། སྐུ་གདུང་མཉམ་དུ་ཁ་ཟས་དང་མཚོན་ཆ། སྐབས་རེ་བྲན་གཡོག་རྣམས་ཀྱང་མཉམ་དུ་གསོན་སྦས་གཏོང་བཞིན་ཡོད་ལ། དེ་ནི་རྒྱལ་པོ་ཁོང་གི་མི་ཚེའི་མཐའ་མཇུག་གི་ངལ་གསོའི་གནས་མཆོག་དེ་ཉིད་ཡིན་པར་ངོས་འཛིན་གྱིས་གནས་དེ་ཉིད་མཆོག་ཏུ་གྱུར་པའི་རྒྱལ་པོའི་གཟི་བརྗིད་དང་མཚམས་པའི་གནས་ཞིག་ཏུ་འདེམས་པར་བྱེད་དོ། ཨེ་རྗིབ་ཀྱི་གཏོར་གཟུགས་མཆོད་རྟེན་ཡོད་ཚད་ལ་རྒྱུ་ནོར་དང་སྐུ་ཕུང་སོགས་ཡོད་པས་མ་ཡིན་ལ། དེ་ནི་རྒྱལ་པོ་དང་རྒྱལ་མོ་སོགས་ཀྱི་རང་རང་གི་འདོད་པ་གང་ཡོད་ལྟར་མ་འོངས་དྲན་རྟེན་ཆེད་གཏོར་གཟུགས་མཆོད་རྟེན་བཞེངས་བཞིན་ཡོད་པར་བཤད། རྒྱལ་པོ་ཆེན་པོ་ཕོ་རཱ་ Pharaohs མཆོག་དང་དེ་བཞིན་སྤྱིར་བཏང་གི་ཨེ་རྗིབ་གང་ཞིག་ཡང་གཏོར་གཟུགས་མཆོད་རྟེན་བཞེངས་པའི་མི་ལོ་མ་མཐའ་ཡང་སྟོང་ཕྲག་ ༡༠༠༠ གཅིག་ཙམ་ཡིན་པར་ཚོད་དཔག་བྱེད་ལ། ཕྱི་ལོ་མ་བྱུང་གི་ལོ་༡༧༠༠་ལ་མཇུག་རྫོགས་པར་བཤད།
ཧ་ལམ་དུས་རབས་བཞི་རིང་ཨེ་རྗིབ་ཀྱི་རྒྱལ་ཁབ་དེ་ཉིད་རྒྱུ་ནོར་གྱིས་ཕྱུག་ཞིང་ཞི་བདེ་ལོངས་སུ་སྤྱོད་པའི་དུས་རབས་ཞིག་ཡིན། ཕྱི་ལོ་མ་བྱུང་སྔོན་གྱི་ལོ་༢༢༠༠ ནང་ལ་རིམ་བཞིན་དུས་རབས་ལ་འགྱུར་ལྡོག་བྱུང་འགོ་ཚུགས། ཞི་བདེར་འཚོ་བའི་རྒྱལ་ཁམས་དེ་ཉིད་མི་སེར་གྱི་དམག་འཁྲུག་ལངས་ནས་ཧ་ལམ་མི་༡༥༠ རིང་ལ་དམག་འཁྲུག་གིས་དུས་འདའ་བར་བཤད།
རྒྱལ་པོའི་མངའ་ཞབས་ཀྱི་སྡེ་དཔོན་ཉི་ཚེ་བ་རྣམས་ཀྱིས་རྒྱལ་པོ་ལ་ངོ་རྒོལ་དང་ཡར་ལངས་ཆེན་པོ་བྱས་ནས་རྒྱལ་པོའི་སྟོབས་ཤུགས་དང་མངའ་ཁོངས་དེ་ཉིད་ཐེ་ཚལ་སྦ་ཚལ་དུ་གཏོང་། མི་ལོ་༡༥༠ རྗེས་སུ་ཨེ་རྗིབ་ཀྱི་རྒྱལ་ཁམས་ཆེན་པོ་དེ་ཉིད་སྡེ་དཔོན་ཁག་མང་པོ་ཞིག་གིས་དབང་བསྒྱུར་བྱས་ནས་ཁ་འཐོར་དུ་གནས་པར་བཤད།
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་༢༠༥༠ ཙམ་ལ་ཡང་སྐྱར་ཨེ་རྗིབ་ཡོངས་རྫོགས་གཅིག་ཏུ་བསྒྲིལ་བའི་རྒྱལ་པོ་གཅིག་བྱུང་། རྒྱལ་པོ་འདི་ཡི་རྒྱལ་ས་ Memphis ནས་ Thebes དུ་སྤོས་ནས་རྒྱལ་རྒྱུད་ཀྱིས་མི་ལོ་ ༡།༨༠༠ རིང་མངའ་དབང་བསྒྱུར་བར་གྲགས།
རྒྱལ་རབས་གསར་པ།
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་ ༡༧༠༠ ཡས་མས་སུ་ཞི་བདེ་བརྟན་ལྷིང་དུ་དུས་འདའ་བའི་ཨེ་རྗིབ་ཀྱི་རྒྱལ་ཁམས་དེ་ཉིད་ཉམས་རྒུད་དང་བརྟན་ལྷིང་དཀྲུགས་པའི་གནད་དོན་ཆེན་པོ་གཉིས་བྱུང་། དེ་ནི་བསྐྱར་དུ་མི་སེར་དམག་འཁྲུག་ལངས་པ་ཞིག་ཡིན། Hyksos ཞེས་པའི་བྱེ་ཐང་ཁུལ་དུ་འཚོ་གནས་བྱེད་པའི་མི་རྣམས་ཀྱིས་ཆེས་སྤུས་ཀ་ལེགས་པའི་གོ་མཚོན་བེད་སྤྱོད་དང་དེ་བཞིན་འཕྲུལ་རིགས་ལག་རྩལ་ཚད་མཐོན་པོའི་ཐོག་ནས་བཟོས་པའི་ལག་ཆ་བཀོལ་སྤྱོད་བྱས་ནས་དམག་འཁྲུགས་ཀྱི་འགོ་བརྩམས་པར་བཤད། Hyksos ཞེས་མི་རྣམས་ཨེ་རྗིབ་ཀྱི་མངའ་འོག་ཏུ་དབང་བསྒྱུར་ནས་དུས་རབས་རྗེས་མ་བར་དུ་གནས་ཡོད་ཀྱང་། བྱེ་ཐང་དུ་འཚོ་གནས་བྱེད་པའི་ Hyksos མི་རིགས་རྣམས་ལ་ཨེ་རྗིབ་ཀྱི་མི་རྣམས་ཀྱིས་མཐོང་ཆུང་དང་། དེ་བཞིན་རྒྱང་ཕུད་དུ་བཏང་ཡོད་པ་ནི་རྒྱལ་རབས་གསར་པ་འགོ་ཚུགས་སྐབས་ཤེས་ཐུབ་པ་ཞིག་ཡིན།
རྒྱལ་རབས་གསར་པ་འགོ་འཛུགས་པའི་རྒྱལ་པོ་རྣམས་ཐོག་མར་ pharaohs བརྒྱུད་ནས་བྱུང་བའི་བཤད་སྲོལ་ལྟར་བརྩི་བཀུར་ཐོག་ནས་རྒྱལ་པོ་ཆགས་པ་ཞིག་ཡིན། pharaohs དེ་དག་གིས་རྒྱལ་ཁམས་སིལ་བུར་འཐོར་བའི་ཨེ་རྗིབ་དེ་ཉིད་གཅིག་ཏུ་བསྒྲིལ་ནས་དྲག་དམག་གི་སྟོབས་ཤུགས་འཕེལ་རྒྱས་དང་དེ་བཞིན་གོ་ལག་ཆ་སོགས་ཚད་མཐོ་རུ་གཏོང་བ་དང་། དེ་དག་ནི་ཁོང་ཚོས་བྱེ་ཐང་དུ་འཚོ་གནས་བྱེད་པའི་མི་རིགས་ Hyksos ཞེས་པ་ནས་ཤེས་ཐུབ་པ་བྱུང་བར་བཤད། ཁོང་ཚོས་ཡུལ་ཁམས་གསར་པ་དབང་བསྒྱུར་བྱས་ནས་མངའ་ཁོངས་རྒྱ་བསྐྱེད་བཏང་དེ་ཨེ་རྗིབ་རྒྱལ་ཁམས་དེ་ཉིད་སྔར་བཞིན་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་གྱུར།
རྒྱལ་ཁབ་མངའ་ཁང་ཇེ་ཆེར་ཕྱིན་པ་དང་དུས་མཉམ་དུ་ཁོང་ཚོའི་སྟོབས་ཤུགས་དང་དཔལ་འབྱོར་འཕེལ་རྒྱས་ཆེན་པོར་ཕྱིན། ཨེ་རྗིབ་ཀྱི་རྒྱལ་ས་Thebes རུ་སྒྱུ་རྩལ་གྱི་ཕྱུག་ཞིང་། གསེར་དངུལ་དང་། རྩ་ཆེན་ནོར་བུའི་རིགས། དེ་བཞིན་ཡིད་འོང་གི་གྱོན་གོས་སོགས་བཟོ་བསྐྲུན་བྱེད་སའི་ལྟེ་གནས་ལྟ་བུ་ཞིག་ཏུ་གྱུར།
ཨེ་རྗིབ་ཀྱི་རྒྱལ་རྒྱུད་ཉམས་རྒུད་དུ་ཕྱིན་པ།
ཐོག་མར་ཨེ་རྗིབ་ཀྱི་རྒྱལ་ཁམས་ཆེན་པོ་དེ་ཉིད་ཉམས་རྒུད་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ནི། ཕྱི་ལོ་མ་བྱུང་སྔོན་གྱི་ལོ་ ༡༡༠༠ ཡས་མས་སུ་ pharaoh ཞེས་པའི་ཨེ་རྗིབ་ཀྱི་རྒྱལ་པོ་གསུམ་པ་དེ་ཉིད་སྐབས་སུ་རྒྱལ་ཁམས་སི་རི་ཡ་མངའ་དབང་བསྒྱུར་བའི་འབད་བརྩོན་གྱིས་དམག་འཁྲུག་བརྒྱབ་པ་ལ་བརྟེན་ནས་ཡིན་པར་བཤད། དམག་འཁྲུག་འདི་ཉིད་ཀྱིས་དཔལ་འབྱོར་ཉམས་རྒུད་དུ་བཏང་ནས་ཨེ་རྗིབ་རྒྱལ་ཁམས་ཀྱི་དཔལ་འབྱོར་ལ་ཉམས་རྒུད་ཚབས་ཆེ་ཤོས་བཏང་ཟེར།
ཕྱི་ལོ་མ་བྱུང་སྔོན་གྱི་ལོ་༩༤༥ ནང་དུ་ཨེ་རྗིབ་རྒྱལ་ཁམས་དེ་ཉིད་ཕྱི་ཡི་རྒྱལ་ཁབ་འདྲ་མིན་མང་པོ་ཞིག་གིས་སྟོབས་ཤུགས་ཀྱི་བརྒྱུད་རིམ་འོག་ནས་དབང་བསྒྱུར་བར་གྲགས།
འདིར་ཚེ་དབང་ལེགས་ཀྱིས་ཨེ་ཇིཔ་ཀྱི་འཇིག་རྟེན་ནམ། ཛམ་གླིང་དུ་བྱུང་བའི་ཡ་རབས་ཀྱི་སྤྱོད་ཚུལ་དར་བའི་ཡུལ་སྔ་ཤོས་གྲས་ཡིན་པའི་བྱུང་ཚུལ་མདོར་བསྡུས་ཡུལ་གངས་ཅན་པའི་སྐད་དུ་བཀོད་པར་རྗེས་སུ་ཡི་རང་གིས་བསྔགས་བསྟོད་འོས་སོ།
ཁོ་བོས་ཨིན་སྐད་དུ་གསིལ་པའི་ལོ་རྒྱུས་འགའ་རང་བློ་གསལ་པོར་གཏོང་ཕྱིར་བརྗོད་པར་བྱ་སྟེ། ནིལ་ཞེས་པའི་གཙང་པོ་དེ་ཛམ་གླིང་ན་ལྷོ་ནས་བྱང་དུ་འབབས་པ་ཆེ་ཤོས་དང་རིང་ཤོས་ཡིན། དབྱར་དུས་ཆུ་འཕེལ་བས་ས་སྙིགས་མང་པོ་ཁྱེར་འོངས་པས་རྒུན་དུས་ཆུ་འབྲི་བ་ན་ཞིང་པས་ལོ་ཏོག་ལེགས་པར་སྐྱེད་ཐུབ།
བོད་དུ་རྡོ་རིང་ཁ་ཤས་བསླངས་ཡོད་པ་བཞིན་ཨེ་ཇིབ་ཡུལ་དུ་རྡོ་རིང་ཆེན་པོ་ཀུན་ཇི་ལྟར་བསླངས་པ་ཡིན། དིང་དུས་ཀྱི་བློ་གྲོས་ཅན་རྣམས་ཀྱིས་ཡ་མཚན་ནམ་ངོ་མཚན་ཅན་དུ་རྩིའོ། བོད་ཀྱི་བར་དོ་ཐོས་གྲོལ་མཆིས་པ་བཞིན་དུ། ཨེ་ཇིཔ་ལ་འཆི་བའི་གླེགས་བམ་ཞིག་ཡོད་པ་ཐོས། ཇི་ལྟར་བྲིས་པ་ནི་མ་ཤེས།
མཁར་ལས་བྱེད་མཁན་རྣམས་ལ་ཙོང་རྗེན་པ། ཟན་ཕོགས་སུ་ཡོད་འདུག །དེས་ན་རྣམ་རྒྱུན་ནམ་ལྷག་པར་ཚ་བ་ཆེ་བའི་དུས་སུ་ཙོང་རྗེན་པར་ཟ་བ་གཟུགས་པོའི་ཁམས་ལ་ཕན་པར་བཤད། ཉིན་ཤས་གོང་རྒྱ་གར་ཟ་ཁང་ཞིག་ཏུ་ཙོང་རྗེན་པ་བཟོས་པ་མཐོལ་བཤགས་ཞུའོ།
བོད་དུ་ཆོས་སྐྱོང་ཁ་ཤས་ཀྱི་གཏོར་མ་གྲུ་གསུམ་པ་ཅན་རྩེ་མོ་ཕྲ་བ་གནམ་ལ་སྙེགས་པ་ལྟར་ཡོད། ཆོས་རྒྱལ་མ་ཧེ་གདོང་ཅན་གྱི་གཏོར་མ་རྩེ་མོ་ལེབ་པ་དཀར་རྒྱན་གྱིས་བརྒྱན་པ་མཆིས།
་
བོད་སྐད་མི་ཉམས་པའི་བོད་ཚིག་ཁ་ཤས་བརྗོད་པར་བྱ་སྟེ། དེ་ཡང་གཉེར་ཚགས་པ་ཁ་སྐད་དུ་ཟུར་ཆག་ནས། ཉར་ཚགས ་ཞེས་པ་བྱུང་་བར་འདོད། བརྒྱན་པ་འདས་ཚིག་ཡིན་པས། ཚིག་འཕྲད་ཅིང་ ཞིང་ ཤིང་ ཞེས་གང་ཐོབ་པ་ཡིན། སྔོན་གྱི་བོད་སྐད་མཁས་པ་རྣམས་ཀྱིས་བྲིས་པ་ལ་བདག་འདྲ་བ་རྣམས་ཀྱིས་བལྟ་དགོས་བསམས་ཏེ་ཡང་དང་ཡང་དུ་ལྟ་བར་བྱེད།
་
ཡོད་པར་ཡིད་ཆེས་བཞིན་དུ། བྱེད་པ་མ་ཟད་ཅེས་པར་་བྱེད་པར་་མ་ཟད་དང་། བརྒྱན་པ་མ་ཟད་ལ་བརྒྱན་པར་མ་ཟད་ཅེས་པར་ལ་དོན་འབྲི་བ་སྔར་བྲིས་གླེགས་བམ་རྣམས་ཡོད་པ་བཞིན་འབྲི་དགོས་པར་སེམས་སོ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས་དགོངས་ཚུལ་ལྷུག་པོར་གསུངས་པར་ཐུགས་རྗེ་ཆེ། སྤྱིར་ཨེ་རྗིབ་ཀྱི་ལོ་རྒྱུས་ནི་རྒྱ་ཆེ་ཞིང་ཆེས་རྙོག་འཛིན་ལྡན་པ་ཞིག་རེད། དེར་བརྟེན་འདིར་ཡང་དགོས་སར་ཆད། མི་དགོས་སར་ལྷག་པའི་དཔེ་ལྟར་དེ་ཙམ་ཡིད་ཚིམ་པ་བྱུང་མ་སོང་།
ཀློག་པ་པོ་རྣམས་ཀྱིས་ནོར་འཁྲུལ་ཡོ་སྲང་དང་ལམ་བསྟོན་གནང་བའི་རེ་བསྐུལ་ཞུ་རྒྱུ་ཡིན།
རྗེས་སུ་ཨེ་རྗིབ་རྒྱལ་རབས་སྐོར་ཅུང་རྒྱས་ཙམ་འབྲི་འདོད་ཡོད།
བོད་སྐད་དུ་ཀློག་སྐལ་བྱུང་བར་ཚེ་དབང་ལགས་ལ་བཀའ་དྲིན་ཆེ། གཏོར་གཟུགས་མཆོད་རྟེན་ལས། སྤུར་ཁང་ཟུར་གསུམ་མ། ཞེས་བཏགས་ན་ལེགས། ཨི་རྗིབ་ཀྱི་སྤུར་ཁང་ཟུར་གསུམ་མ། འདི་དང་། རྒྱ་གར་ཁ་ཆེ་རྒྱལ་པོས་བསྐྲུན་པའི་ཏྰཇ་ མེ་ཧེལ་གཉིས་པོ་ནི། ཛམ་གླིང་ནང་། བཟོ་བཀོད་སྐད་གྲགས་ཆེ་བའི་སྤུར་ཁང་གཉིས་ལས། མཆོད་རྟེན་ཞེས་མ་བསྟོད་ན་ལེགས།