བསྟན་འཛིན་ཚེ་དཔག ༼བྱང་ཨ་རི༽
ད་ལྟ་འཛམ་གླིང་གི་རྒྱལ་ཁབ་ཚང་མས་རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ནས་བྱུང་བའི་རིམས་ནད་འདི་ལ་འཐབ་འཛིང་བྱེད་བཞིན་པ་རེད། བརྒྱུད་རིམ་འདིའི་ནང་། བོད་ཀྱི་སྨན་པ་མཁས་མྱོང་ལྡན་པ་མང་པོས་གཞུང་ལུགས་འགྲེལ་བཤད་དང་། གཞུང་ལུགས་ལས་འཕྲོས་པའི་ངོ་སྤྲོད་དང་དཔྱད་རྩོམ་སྤེལ་བ་དང་། སྨན་བཅོས་དང་ལམ་སྟོན་གནང་བཞིན་པ་ལ་ཐུགས་རྗེ་ཆེ་ཞུ།
ད་ལྟའི་ཆར། དྲ་ལམ་ན་མི་མང་པོས་དོ་སྣང་བྱ་ཡུལ་ཆགས་ཡོད་པའི་བོད་པའི་ཨེམ་རྗེ་འགའ་ཡོད་པའི་ནང་གི་གཅིག་ནི་ཨེམ་རྗེ་ཁྱུ་གསར་རྣམ་རྒྱལ་ལགས་རེད། ཁོང་གིས་ལམ་སྟོན་གནང་སྟངས་ནི། གཙོ་བོ་ནད་པ་ཚོས་ལག་ལེན་བྱེད་ཐུབ་པ་ལ་དམིགས་ཀྱི་ཡོད་པ་ལས། གཞུང་ལུགས་གུང་སྒྲིག་ནས་རྩོམ་ཡིག་སྤེལ་བ་ལས་ལོགས་ཀ་ཞིག་རེད། དེར་བརྟེན། འདིར་ཨེམ་རྗེ་རྣམ་རྒྱལ་ལགས་ཁོང་གིས་ད་ཕན་ངོ་དེབ་སོགས་ནས་ལམ་སྟོན་གནང་ཟིན་པ་དེ་ཚོ་དཀྱུས་གཅིག་ཏུ་འདུ་བ་དང་། ཡང་ན། དེ་ལས་གསལ་ཞིང་ཞིབ་པ་ཡོང་བར་དམིགས་ཏེ། ཡིག་ཐོག་ནས་བཅར་འདྲིའི་གོ་སྐབས་ཤིག་གནང་སྐྱོང་ཡོང་བ་ཞུས་དོན་བཞིན་དྲི་ལན་ཡིག་ཐོག་ནས་གནང་བར་བཀའ་དྲིན་ཆེ་ཞུ། མང་པོར་ཕན་ཐོགས་ཆེ་བར་མཐོང་བས་ཡིན་ལགས་ན། དོ་སྣང་ཅན་ཚོས་རྒྱ་ཁྱབ་ཏུ་སྤེལ་གནང་ཡོང་བ་ཞུ།
དྲི་བ་དང་པོ། རིམས་ནད་འགོས་ཁྱབ་དང་གནམ་གཤིས་གཉིས་ལ་འབྲེལ་བ་ཡོད་པ་རེད་དམ། དཔེར་ན། གནམ་གཤིས་གྲང་བའི་དུས་སུ་ནད་ཡམས་རྒོད་པ་དང་ཚ་བའི་སྐབས་སུ་ཉེན་ཁ་དེ་ཙམ་མེད་པ་ལྟ་བུ་ཡིན་ནམ།
ཨེམ་རྗེ་རྣམ་རྒྱལ་ལགས་ཀྱི་བཀའ་ལན།
སྤྱིར་བཏང་ནད་གསར་རྙིང་དང་། ཚ་གྲང་གང་ཡིན་ཡང་ཕྱི་ནང་གི་རྐྱེན་མང་པོ་ཞིག་ལ་ལྟོས་ནས་ཡོང་གི་ཡོད་པ་རེད། ཕྱིའི་རྐྱེན་གྱི་ནང་ནས་གལ་ཆེ་ཤོས་ནི་དུས་བཞིའི་འགྱུར་བ་ལ་བརྟེན་ནས་མིའི་གཟུགས་ཁམས་ལ་རང་བཞིན་གྱི་འགྱུར་བ་འགྲོ་གི་ཡོད། དེ་ཙམ་མ་ཟད་སྔ་དགོང་གི་གནམ་གཤིས་འགྱུར་བ་ལ་བརྟེན་ནས་ཀྱང་གཟུགས་པོའི་ཚ་གྲང་ལ་རང་བཞིན་གྱི་འགྱུར་བ་འགྲོ་གི་ཡོད། དུས་དང་གནམ་གཤིས་ཀྱི་འགྱུར་བ་རྣམས་གློ་བུར་དུ་འགྱུར་བ་ཕྱིན་པའི་སྐབས་འཕྲོད་བསྟེན་བྱེད་ཕྱོགས་ནོར་ན་ནད་གང་ཡང་ལངས་སྲིད་པ་ཡིན། ལྷག་པར་ཚ་བའི་ནད་རིགས་མང་ཆེ་བ་དེ་འདྲའི་སྐབས་སུ་ཡོང་གི་ཡོད། བོད་ཀྱི་གསོ་རིག་གཞུང་ནས་དུས་དམན་ལྷག་ལོག་པ་ཟེར་བ་རེད། དམན་པ་ཟེར་བ་ནི་ཚ་བའི་དུས་ལ་ཚ་བ་ཆུང་དྲགས་པ་དང་། གྲང་བའི་དུས་ལ་གྲང་མོ་དེ་ཙམ་མེད་པ་ལ་ཟེར། ལྷག་པ་ནི་ཚ་བའི་དུས་ལ་ཚ་བ་ཆེ་དྲགས་པ་དང་། གྲང་མོའི་སྐབས་གྲང་ངར་ཆེ་དྲགས་པ་ལ་ཟེར། ལོག་པ་ཟེར་ན་ཚ་བའི་དུས་ལ་ཚ་བ་མེད་པ་དང་། གྲང་མོའི་དུས་ལ་གྲང་མོ་མེད་ན་དེ་ཚོ་ལ་དུས་ལོག་པ་ཟེར་གྱི་ཡོད། དུས་དམན་ལྷག་ལོག་པ་བྱུང་ན། ལུས་པོའི་ནང་གི་འབྱུང་བའི་འཕེལ་འགྲིབ་ཆ་མ་སྙོམས་པ་ཆགས་ནས་འདུ་བ་རླུང་མཁྲིས་བད་ཀན་གསུམ་གྱི་ནད་སྣ་ཚོགས་ལངས་སྲིད་པ་ཡིན།
སྤྱིར་ནད་ལ་གསར་རྙིང་གཉིས་ཀྱི་དབང་དུ་བཏང་ནས་བཤད་ན། ཚ་བའི་ནད་མང་ཆེ་བ་གསར་པ་ཡིན་ལ། གྲང་བའི་ནད་མང་ཆེ་བ་ནད་རྙིང་པ་ཡིན་པ་རེད། ནད་གསར་པ་ཟེར་ན། ལུས་པོའི་ནང་ལ་ནད་མེད་པ་དེ་ཕྱིའི་རྐྱེན་ལ་བརྟེན་ནས་ལུས་ལ་གསར་དུ་བྱུང་བའི་ནད་ལ་ཟེར་བ་རེད། དེ་འདྲ་སོང་ཙང་ཕྱིའི་གནམ་གཤིས་ཚ་གྲང་དང་། རླུང་གི་རྒྱུ་ཤུགས་དང་རྒྱུ་ཕྱོགས། ཁོར་ཡུག་གི་གཞའ་ཚན་དང་རླངས་པ་སོགས་མདོར་ན། རང་བྱུང་གི་འགྱུར་བ་དང་། རང་བྱུང་ཁོར་ཡུག་ལ་མི་ཡིས་འབག་བཙོག་བཟོས་པའི་རྐྱེན་རུ་འཛིངས་ཆེ་དྲགས་ན་ཚ་བའི་ཆམ་ནད་སྤྱིར་བཏང་བ་ནས་རིམས་ཚད་འབྲིང་པོ་དང་། དེང་སྐབས་ཁྱབ་གདལ་འགྲོ་བཞིན་པའི་ཏོག་སྲིན་གྱི་ནད་ཡམས་སོགས་ལུས་ཀྱི་ཕྱི་ཤུན་པགས་པའི་བུ་གའི་ནང་འཛུལ་ནས་རིམ་པས་གཟུགས་པོའི་ནང་གི་དོན་ལྔ་སྣོད་དྲུག་ལ་བཙན་འཛུལ་བྱེད་ཀྱི་ཡོད།
དེང་སྐབས་འཛམ་གླིང་གང་སར་ཚན་རིག་པ་དང་། ཞིབ་འཇུག་པ། སྨན་པ་དང་སྨན་ཞབས་པ་ཚང་མས་ 2019 ལོའི་ཟླ་མཇུག་ལ་ལངས་པའི་ཏོག་སྲིན་གསར་པའི་ནད་ཡམས་ལ་ཛ་དྲག་གི་སྔོན་འགོག་སྨན་དང་། སྨན་བཅོས་ཐབས་ལམ་གྱི་ཚོད་ལྟའི་ཞིབ་འཇུག་གི་རིམ་པ་འགྲོ་བཞིན་ཡོད་ནའང་། ད་དུང་ཡང་ཚང་མས་ནད་འདིའི་སྐོར་རྒྱུ་རྐྱེན་དང་སྨན་བཅོས་གདེང་འཁེལ་བ་ཞིག་གསལ་བཤད་ཐུབ་ཀྱི་མེད།
དེ་སྔ་ཝུ་ཧན་ལ་ཐོག་མར་ནད་འདི་བྱུང་སྐབས་གནམ་གཤིས་ཚ་བ་སླེབས་དུས་ཏོག་སྲིན་དེ་རང་བཞིན་གྱིས་རྩ་མེད་འགྲོ་གི་རེད་ཟེར་མཁན་བྱུང་སོང་ཡང་། དེང་སང་འཛམ་གླིང་ས་ཕྱོགས་མང་ཆེ་བར་ཚ་བ་ལངས་པའི་དུས་ཡིན་ནའང་ཏོག་སྲིན་འདིའི་ནད་དུག་ཤུགས་ཆེ་རུ་འགྲོ་བཞིན་པ་ནི་མཐོང་ཆོས་རེད། འོ་ན། གནམ་གཤིས་དྲོ་རུ་ཕྱིན་ན་ཏོག་སྲིན་ལ་ཁ་གཏད་གཅོག་པར་ཕན་ཐོགས་ཡོད་དམ་ཟེར་ན། དེར་ཕན་ཐོགས་ཡོད་པ་རེད་ཅེས་བཤད་ན་མ་འགྲིག་པ་མཐོང་མ་སོང་། སྲོལ་རྒྱུན་སྨན་ལུགས་ཚང་མས་ཆུ་སྐོལ་གྱིས་རིམས་ནད་སྔོན་འགོག་ལ་ཕན་གྱི་ཡོད་པར་བཤད་པ་དེ་ནི་ལུས་ནང་གི་མེ་དྲོད་ཀྱི་སྟོབས་རྒྱས་པའི་ཕྱིར་དང་། ལྷག་པར་མིད་པ་དང་གྲེ་བ་གཉིས་ནང་བསགས་པའི་ལུད་པ་རྣམས་ཕྱིར་ཐོན་པར་ཕན་ཐོགས་ཡོད། དམིགས་བསམ་ཏོག་སྲིན་གསར་པ་འདིའི་ཕྱི་ཤུན་ཚིལ་གྱིས་བཏུམས་ནས་ཡོད་པ་ཤེས་རྟོགས་ཡོང་གི་ཡོད་པར་བརྟེན། ཆུ་སྐོལ་གྱིས་ཚིལ་ཞུ་བར་ཕན་ཐོགས་ཡོང་གི་ཡོད་ན། ཕྱི་ལ་གནམ་གཤིས་ཚ་བ་རྒྱས་ན་ལུས་ཀྱི་ཚིལ་བཞུ་བར་ཕན་ཐོགས་ཡོད་པ་གཉིས་རྒྱུ་མཚན་རིགས་འགྲེས་བཏང་ཆོག
ད་ལྟའི་ཏོག་སྲིན་གསར་པ་འདི་ནི་གློ་བུར་འགྱུར་བ་འགྲོ་བ་ཞིག་ལ་རེད་འདུག དེ་ལ་བལྟས་ན། གཙོ་བོ་རླུང་གི་ཁྱད་ཆོས་ཅན་ཞིག་ཡིན་པ་གསལ་པོ་རེད་འདུག བོད་དང་རྒྱ་གར་སོགས་ཀྱི་དུས་བཞིའི་གནམ་གཤིས་འགྱུར་བ་ཆ་མཚུངས་འགྲོ་སའི་ས་ཁུལ་ཁག་ལ་ཆ་མཚོན་ན། དེང་སང་རླུང་གསོག་པའི་སྐབས་ཡིན་པར་བརྟེན་ལུས་ཀྱི་འགོག་སྲུང་གི་ནུས་པ་སྲུང་བའི་ཆེད་ཟས་རིགས་དྲོད་བཅུད་ལྡན་པ་དང་། སྤྱོད་ལམ་ཡང་དྲོ་སར་སྡོད་པ་སོགས་ཚ་གྲང་མ་འཁྲུགས་པ་གནང་གལ་ཆེ་བ་ཡིན། དེ་བྱེད་ཐུབ་ན། དེ་ནི་དབྱར་ཁའི་རླུང་ནད་ལྡང་གི་མེད་པས་ཏོག་སྲིན་འདི་ལྟ་བུས་ལུས་ལ་གནོད་འཚེ་བྱེད་མི་ཐུབ་པའི་ཐབས་ལམ་བཟང་པོ་ཞིག་རེད། གང་ལྟར་འཛམ་གླིང་ཡུལ་གྲུ་གང་སར་ཆར་རླུང་དང་གྲང་ངར་ཆེ་བའི་གནམ་གཤིས་ཀྱི་སྐབས་སུ་སོ་སོ་སྒེར་དང་ནང་མིའི་འཕྲོད་བསྟེན་ལ་ལྷོད་ཡངས་སུ་མ་སོང་བ་གནང་གལ་ཆེ་བ་ཡིན། ༼མུ་མགོད༽
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཨེམ་རྗེ་ཁྱུ་གསར་རྣམ་རྒྱལ་ལགས་ངོ་སྤྲོད།
1987 ལོར་སྨན་རྩིས་ཁང་ནས་སྨན་པ་དཀའ་བཅུ་པ་དང་། 1997ལོར་སྨན་རམས་པ་ཐོན། སྨན་རྩིས་ཁང་དུ་ཐོག་མར་ཉམས་ཞིབ་པ་དང་རྗེས་ལ་ཉམས་ཞིབ་སྡེ་ཚན་གྱི་འགན་གཞོན་བཅས་1999 བར་ལོ་ངོ་བཅུ་གཉིས་རིང་ཞབས་འདེགས་ཞུས། གསོ་རིག་ཐོན་སྐྱེད་འདྲ་མིན་གྱི་གསར་གཏོད་ལས་གཞི་དང་ནད་ཐོག་ཉམས་ཞིབ་ཀྱི་ལས་འཆར་མང་དག་སྤེལ། སྨན་རྩིས་ཁང་ནས་ལུགས་མཐུན་རྩ་དགོངས་དང་བཅས་ 2001 ལོར་དྷ་ས་ནོར་གླིང་འདབས་འབྲེལ་དུ་སྒེར་གཉེར་སྨན་ཁང་གསར་འཛུགས་གནང་ནས་མུ་མཐུད་ཕྱི་ནང་ནད་པ་རྣམས་ལ་ཕན་ཐོགས་རྒྱ་མི་ཆུང་བ་སྒྲུབ་མུས་དང་། 2013 ལོར་ཚོ་ཆེས་པ་་དང་སྙིང་གི་ནད་གཞིའི་སྐོར་བོད་ཀྱི་གསོ་རིག་གི་སྒོ་ནས་འཇར་མ་ནིར་སྤེལ་བའི་ཟུང་འབྲེལ་ནད་ཐོག་ཞིབ་འཇུག་གི་ཚད་ལྡན་གྲུབ་དོན་རྒྱལ་སྤྱིའི་དུས་དེབ་International Journal of Cardiology ནང་ཐོན་པས་མཚོན་ཞིབ་འཇུག་གི་ལས་དོན་སྣེ་མང་སྒྲུབ་བཞིན་ཡོད། གཞན་རྒྱལ་ཁབ་འདྲ་མིན་ནང་གི་གཙུག་ལག་སློབ་གྲྭ་ཁག་ཅིག་དང་། སྨན་གྱི་ཚོགས་ཆེན་ཁག་ལ་གཏམ་བཤད་དང་། བགྲོ་གླེང་སོགས་ལ་ཆ་ཤས་ལེན་ཕེབས་བཞིན་པ་དང་། ནོར་གླིང་མཐོ་སློབ་ཀྱི་བོད་ཀྱི་གསོ་བ་རིག་པའི་དགེ་རྒན་ཡང་གནང་བཞིན་ཡོད།
ཨེམ་རྗེ་འདིས། ཚང་མས་གོ་ཐུབ་པ་ཞིག་དང་། ཚང་མར་ཕན་པ་ཞིག་གསུང་འདུག ཐུགས་རྗེ་ཆེ་ཞུ།
ཨེམ་ཅི་རྣམ་རྒྱལ་ཁྱུ་གསར་ཟེར་བ་ནི་འདྲ་འདྲའི་ནང་ནས་མི་འདྲ་ཟེར་བ་དེ་རེད་འདུག དེ་སྔ་ཟས་སྤྱོད་ལམ་སྟོན་བྱས་ནས་ཕན་ཐོགས་ཧ་ཅང་ཆེན་པོ་གནང་རབས་གོ་སོང་། ངོ་མཚར་ཆེ། ཁྱུ་གསར་ལགས།