ཤེལ་དགེས་འོས་སྦྱོར་བྱས།
༼མཚན་མོ།༽
ཨོ་གླིང་། —–གཟུངས་ཕྱུག་སྐྱིད།
མཚན་མོ། རྟོགས་འགྱུའི་འཇིག་རྟེན་ཞིག་སྟེ།
དེ་ན་འཆར་ཡན་གྱི་ནམ་མཁའ་དང་ཉི་ཟླའི་ལན་ཚར་ཡོད།
མཚན་མོ། ཐ་སྙད་ཚེ་སྲོག་ལ་བརྒྱུས་པའི་དབྱངས་ཀྱི་བླ་སྲོག་སྟེ།
དེ་ན་དགའ་སྐྱོ་ཆགས་སྡང་གི་རྣམ་ཤེས་མཐོན་པོར་ལྡིང་བའི་རྒྱ་ཁྱོན་ཡོད།
སྙིང་ཉེ་བའི་ཤ་རུས་ཀྱིས་བཏེགས་པའི་སྐད་ཆ་རེ་རེ།
ང་ཚོས་ཧ་ཅང་གཅེས་སྤྲས་ཀྱིས་བླངས་ཏེ།
སྨག་ནག་པའི་མཚན་མོ་འདིའི་ཁ་དོག་ལས།
མཇུག་མཐའི་རྨི་ལམ་ཁེན་སའི་འོད་ཀྱི་ལོངས་སྤྱོད་བཙལ།
ཉི་འོད་མེད་པའི་དོ་ནུབ་ཀྱི་མཚན་མོ་རིང་དྲགས་ན་ཡང་།
རང་སེམས་དམར་པོ་མར་མེ་རུ་ཡང་ཡང་སྒྲོན་དང་།
མུན་ནག་དང་མུན་ནག་འཐབ་པའི་རོལ་ཆར་རྣ་བ་བླགས་ཏེ།
སྨྲ་བ་ལས་གྲོལ་བའི་དགའ་སྐྱོ་སྨྲེང་གསུམ་གྱི་གླུ་རྟ་རྒྱང་དུ་བསྲིངས།
མདོར་ན། སྒེའུ་ཁུང་མེད་པའི་མཚན་མོ་འདིའི་མིག་ཟུང་རྙེད་པས།
ང་ཚོས་མུན་པ་མ་ཡིན་པའི་མིག་ཟུང་གཞན་ཞིག་བཙལ་ནས།
བར་མཚམས་བྲལ་བའི་ཤེས་རྟོགས་ཀྱི་ཞོགས་པ་ཞིག་བསྐྲུན།
2017/7/26
༼གླིང་ཕྲན་ལྟ་བུའི་མཚན་མོ །༽
ཨོ་གླིང་། འདྲེ་གླེན་པ།
དོ་དགོང་ང་རང་གླིང་ཕྲན་ཞིག་ན་ཡོད །
ཤིན་ཏུ་མུན་ནག་པའི་གླིང་ཕྲན་ཞིག་ན་ཡོད །
འབྱུང་འགྱུར་གྱི་ཁ་དོག་མི་གསལ་བའི་གླིང་ཕྲན་ཞིག་ན་ཡོད །
རེད་དེ །
ང་ལ་ཉི་མའི་གཤོག་པ་འདྲ་བའི་འོད་ཀྱི་ཤེས་རབ་ཅིག་ཡོད །
སངས་རྒྱས་ཀྱི་བཀའ་བསྟན་ལས་ལྷག་པའི་མྱི་ཡི་བྱུང་རབས་ཤིག་ཡོད །
བཙན་པོའི་རལ་གྲི་ཐོགས་པའི་སྙན་ངག་པའི་དཔུང་སྡེ་ཞིག་ཡོད །
ད་དུང་ངས་ནི་སྐྱབས་འགྲོ་འདོན་མཚམས་བཞག་སྟེ་སྙན་ངག་གི་དཔའ་དང་སྤོབས་པ་རྩོལ་བའི་རང་དབང་གི་ལྷ་མོ་ཞིག་སྒྲུབ་གྱིན་ཡོད།
གླིང་ཕྲན་ལྟ་བུའི་མཚན་མོ་འདིར།
ངས་ནི་འཛམ་གླིང་གི་སྒོ་ཀུན་ནས་ཀྱང་བོད་སྐད་ཀྱི་སྙན་ངག་སྨྲ་བར་རེ་སྨོན་བྱས་ནས་ཡོད །
མཚན་མོ་འདིར།
ད་དུང་ང་ཚོས་རང་རང་གི་རྨི་ལམ་ལ་ཁོག་རྩིས་རྒྱག་ཆོག
སྙན་ངག་ཁྲི་ལོར་ཤོག སྙན་ངག་པའི་མཚན་མོ་ཁྲི་ལོར་ཤོག
26 / 7 2017
༼སྙན་ངག་གི་མཚན་མོ།༽
ཨོ་གླིང་། ཞོ་ར་བསྟན་པ།
ལོ་ཟླ་མོག་པོའི་གཏམ་རྒྱུད་བསྐྱུར་མོ།།
ཆག་འཇིག་རྒུད་པའི་སྲང་ལ་གཞལ་ནས།།
ཁ་དོག་ལྔ་ལྡན་སེམས་ཀྱི་འགྱུར་བག།།
སྟོང་གསལ་འཛིན་མའི་མཁའ་ལ་ཐེབས་སོང་།།
རི་བོས་བཏེགས་པའི་སྲོད་ཁའི་ཉི་མ།།
འཁྲེང་སེམས་དམར་བོ་སྤྲིན་པར་སྒྲོན་ནས།།
རྒྱ་ཡན་སྣང་བ་དལ་གྱིས་བསྐྱོམས་པ།།
ཞེན་ཆགས་ལྕི་བའི་ཞལ་ཆེམས་དྲོན་མོ།།
བདེ་སྡུག་ལས་ཀྱི་སྣང་བ་འཐབ་ནས།།
ཚོར་བའི་ཕུང་བོ་མེ་རུ་སྦར་བ།།
དུང་བ་ཟ་ཟིའི་རྨི་ལམ་ཡངས་མོ།།
སྒྱུ་མའི་ཞིང་གི་རྩེད་ར་སྨུག་པོ།།
སྐྱོ་བའི་གཏམ་རྒྱུད་རླུང་ལ་སྤུར་ཞིང་།།
དུང་བའི་མཛའ་བརྩེ་སྤྲིན་པར་བསྡེབས་ནས།།
བྱང་ཐང་སྐྱ་མོའི་སྐྱོ་རོགས་འཚོལ་བ།།
ལྕང་གླང་འཇོལ་མོའི་གྲེ་བའི་དྲུག་འགྱུར།།
ནགས་མོའི་ཚལ་ལ་འཇམ་རླུང་བབས་པའི།།
མཐོན་མཐིང་གཡུ་ལོའི་གར་སྟབས་འཕྱུར་བ།།
བསྐལ་བར་བསཊ་པའི་ལང་ཚོའི་ཤམ་བུ།།
སྲིད་པའི་གྲོང་གི་མཛེས་སྡུག་ཟ་བ།།
གཙང་བོའི་རླབས་རྩེར་གློག་འོད་བཞད་པའི།།
སྲིད་པའི་ཀོ་གྲུ་གཡོ་བའི་སྟངས་སྟབས།།
དྲན་པ་བསྒུལ་བའི་ཆཊ་ལྡན་སྐྱེས་བོའི།།
སྲེད་པའི་གདོང་གི་ཟིལ་བ་འཐོར་སོང་།།
ཁ་བ་དཀར་བོས་རི་བོ་བཟུང་ཞིང་།།
གཙང་ཆབ་སྔོན་མའི་འགྱུར་ཁུག་ལྷུང་བ།།
སྤང་ལྗོངས་ནེའུ་གསེང་སྔོན་མོའི་ནེམ་ཤ།
ཕྱི་དྲན་རིང་མོའི་ཕྱིར་མིག་ཤོར་ས།།
རང་བྱུང་བརྩེ་བ་ལྷོད་ཀྱིས་ཁུར་བའི།།
ལྷོ་རོང་ཡུལ་གྱི་ལྷ་བྱ་ཁུ་བྱུག།
སྨྲེང་སེམས་འགྱུར་ཁུག་དབྱངས་ལ་བསྲེས་ནས།།
འཚོ་བའི་བདེ་སྡུག་གླུ་རུ་བསྙལ་སོང་།།
སྣ་བརྒྱའི་མེ་ཏོག་ཁུག་སོར་བཀྲམ་པའི།།
གེ་སར་ཟེའུ་འབྲུ་དགོད་པའི་འཕྱང་ཕྲུལ།།
རེ་དོགས་དཀྲིས་པའི་བསིལ་འཇམ་རླུང་བུ།།
རྟོག་པའི་ལྗོངས་འདིར་དེ་རིང་དེངས་པ།།
ཕྱི་ལོ་ ༢༠༡༧/༠༧/༢༦ ཉིན་ཨོ་གླིང་ནས།།
༼མེས་པོ་དྲན་པ།༽
ཨོ་གླིང་།—–མགལ་དུམ།
ཡར་ཀླུང་ཁོག་གི་རྟ་ཕོའི་རྨིག་སྒྲ་ད་ལྟ་ད་དུང་གསལ་ལེ་ཡོད།།
བཙན་པོ་མེས་པོའི་དཔའ་སྐད་དེ་ཡང་ཤམ་པོའི་རི་ན་མཆེད་དེ་ཡོད།།
དབྱངས་གསལ་སོ་བཞིའི་ང་རོ་ཡིས་ཀྱང་རིགས་ཀྱི་དྭངས་མ་སྐྱོང་ནས་ཡོད།།
སྨྱུ་གུའི་ཚོན་ཁ་དགྲ་ལ་སྐོར་དང་ང་ཚོ་ཡར་ཀླུང་འབྲི་རུ་འགྲོ།།
རིག་པའི་གཞུང་ལུགས་མར་ཁུ་འདྲ་སྟེ་ལྷམ་མེར་འཁྱིལ་ཞིང་ངོམ་ནས་ཡོད།།
གོམས་སྲོལ་ལུགས་སྲོལ་འཇའ་རིས་འདྲ་བོ་ལུས་སེམས་སོགས་ལ་མཛེས་སེ་ཡོད།།
གནའ་དེང་ཟུང་གི་ཚན་རྩལ་རིག་གནས་ཡར་ངོས་ཟླ་ལྟར་འཕེལ་བཞིན་ཡོད།།
རིག་པའི་ཚད་མ་དགྲ་ལ་གཏོད་དང་ང་ཚོ་མི་རིགས་སྐྱོང་དུ་འགྲོ། །
མེ་ཕུང་ནང་གི་ཚེ་སྲོག་དག་གིས་སྐྱོ་བའི་འོ་དོད་འབོད་ཀྱིན་ཡོད།།
མུན་པའི་ནང་གི་སྤུན་ཟླ་ཚོས་ཀྱང་ཉེས་མེད་གཅར་རྡུང་མྱོང་གིན་ཡོད།།
རང་དབང་རང་བཙན་རྩོད་མཁན་བྱུང་ན་ད་ལྟ་བསད་ཀྱང་གཏུབ་ཀྱིན་ཡོད།།
ལ་རྒྱའི་མདུང་ཁ་དགྲ་ལ་སྣུན་དང་ང་ཚོ་ཞེ་འཁོན་རྩོད་དུ་འགྲོ།།
འབྲོག་ཐང་སྐྱ་བོའི་མྱ་ངམ་ཐང་ན་རྣམ་ཤེས་ཁྲི་ཕྲག་འཕག་གིན་ཡོད།།
རོང་ས་གྲུ་བཞིའི་གླིང་བར་ན་ཡང་ཚེ་སྲོག་ཉེས་མེད་སྦས་ནས་ཡོད།།
མི་ལོའི་ལྔ་བརྒྱད་འདས་ཚུལ་དེ་ལ་སྙིང་ཤ་གཟེར་བའི་ལོ་རྒྱུས་ཡོད།།
འཐབ་སྟངས་རྩོད་ལུགས་དགྲ་ལ་ཕྱོགས་དང་ང་ཚོ་རོ་སྐྱིན་ལེན་དུ་འགྲོ།།
ཉིན་མཚན་ག་ཚོད་ག་ཚོད་འདས་ན་སེམས་ལ་བྲེད་ཤ་ལངས་ནས་ཡོད།།
རིགས་ལ་ཞེན་པའི་གཡར་དམ་དེ་ཡང་མ་ཤི་ཚེ་ལ་གནས་ཏེ་ཡོད།།
བོད་སྐད་འཆད་པའི་རྩམ་ཟན་པ་ལ་བྲེ་སེར་འབྲོང་གི་སྙིང་ཞིག་ཡོད།།
སྡང་སེམས་ཡོད་དོ་དགྲ་ལ་ཆོངས་དང་རང་བཙན་སླར་གསོ་གནང་དུ་འགྲོ།
༢༠༡༧-༦-༢༦ཉིན་ཨོ་གླིང་ནས།
༼མགྱོགས་བྲིས་ཁག་གསུམ།༽
ཨོ་གླིང་། ལྷ་ཆབ་སྦྱིན་པ།
འཆི་བདག
སེམས་འདི་མཚོ་མོའི་རླབས་ཀྱིས་ཡར་ལ་བཀྱགས།།
དགུང་སྔོན་མཐོན་པོའི་དབྱིངས་སུ་ལན་གཅིག་འཕུར།།
གཏོལ་མེད་ལམ་གྱི་སྤྲིན་པའི་ཐེམ་བུ་དག།
བདག་ལ་ངལ་གསོ་སྟེར་བའི་ཁྲི་འཕང་བཞིན།།
དེ་ལྟར་སྐད་ཅིག་འཁྲུལ་བའི་རྨི་ལམ་ནི།།
མཐའ་མེད་འཁོར་བ་ཆེན་པོའི་གཏམ་རྒྱུད་དེ།།
བདག་གི་ཡིད་ཀྱི་མྱ་ངམ་ཐང་ཆེན་དུ།།
ད་དུང་དེ་ཡི་བག་ཆགས་ནར་མར་འབྱུང་།།
ཅི་སྟེ་མངོན་གསུམ་མཐོང་བའི་ཤའི་མིག་གིས།།
ཉོན་མོངས་སང་རས་བརྟོལ་བའི་ཐབས་ཚུལ་གྱིས།།
བདེ་བ་ཆེན་པོའི་ལམ་ཞིག་སྙེག་འདོད་དེས།།
བདག་ནི་ད་དུང་དྲང་སྲོང་ཆས་སུ་ཞུགས།།
ལུས་ནི་ཞག་སྡོད་མགྲོན་པོའི་གཡར་ཁང་སྟེ།།
དེ་རིང་སྡོད་ཀྱང་སང་ཉིན་བཞག་ནས་འགྲོ།།
མ་དག་རྣམ་ཤེས་མེ་ལྕེབས་མགོ་འཁོར་བཞིན།།
འདོད་པའི་ལོངས་སྤྱོད་འཆི་བདག་ཞགས་པ་ཉིད།།
དེང་རབས།
རྩྭ་ཐང་འདི་ན་མྱི་ཡི་ལུག་ཁྱུ་ཞིག།
བཅོས་མའི་བཀོད་འདོམས་སྙེག་པའི་འབའ་སྒྲ་ཡོད།།
གློག་དང་དྲ་བའི་སྐུད་པར་བློ་གཏོད་ཅིང་།།
གར་འདུག་ཉེན་ཟོན་བརྡ་ཡིས་དེད་ནས་འགྲོ།
འཇིག་རྟེན་འགྱུར་བའི་ཕྱོགས་སུ་ཆས་སོ་སྐད།།
འཕྲུལ་ཆས་ཁོ་ནའི་དབང་དུ་གྱུར་བ་འདིས།།
ཐ་ན་དེ་རིང་འཕྲོ་བའི་ཞོགས་ཟེར་ཡང་།།
མིས་བཟོས་སྒྱུ་མའི་ཡུལ་དུ་བདག་ཉིད་འཁྲུལ།།
རྫས་འགྱུར་གློག་རྡུལ་ལྕགས་དང་ཨར་འདམ་དག།
འཚོ་བ་གསར་བའི་གཏིང་དང་ཁོག་ལ་ཁྱབ།།
མི་ཡི་ཁོག་དང་དེ་ཡི་དོན་ལྔའི་གནད།།
ཀྱེ་མ་འཕྲུལ་གྱི་སྙིགས་རོའི་སྣོད་དུ་གྱུར།།
དངངས་སྐྲག
གནམ་སའི་བར་ན་སྒྱུ་འཕྲུལ་ཕོ་བྲང་ཞིག།
བརྟན་ཕུར་ས་ལ་བརྡབས་པའི་ཟོལ་དུ་བྱས།།
མགོ་འཁོར་རྐང་གཉིས་འདོགས་སའི་འཁོར་བ་ཞེས།།
བདག་གི་དངངས་སྐྲག་རང་བྱུང་སེམས་ལ་འཐབ།།
དེ་ནི་ཚོན་གྱིས་བྲིས་པའི་གཡུལ་ས་ཞིག།
དེ་ནི་རྨི་ལམ་ཞིང་གི་ལྷ་ཡུལ་ཏེ།།
ཁྱེད་ཅག་ཐེ་ཚོམ་མེད་པར་བཤར་བའི་ཚུལ།།
བདག་གི་སྙིང་ལ་རྡུལ་ཚོན་སྒྱོགས་ཆེན་བཞིན།།
༢༠༡༧ ༧ ༢༥ ལ་ཨོ་གླིང་དུ།
ནུབ་གླིང་གི་འུག་པ་ཚོ།
ཉི་མའི་བང་ནས་སྐྱིད་ཉལ་མ་བཟོ་དཔུང་བའི་སྟེང་ལ་སྒྲོ་ཞིག་བཏགས།།
བྱ་བརྒྱའི་ཚང་ནས་གནས་མལ་མ་བྱས་མཇུག་མར་རླུང་གི་ཕུད་ཅིག་བརྒྱབས།།
འཕུར་མ་ལྡིང་གིས་མགོ་མཇུག་མེད་པའི་ནུབ་རིའི་ཕྱོགས་སུ་ཆས་སོང་བ།།
ཡུན་རིང་གྲགས་མེད་གྲེ་བའི་གསེང་ནས་མཚན་མོའི་རྟོག་བརྗོད་གྱེར་སོང་ལོ།།