—རྫ་ཚེ་རིང་བཀྲ་ཤིས།
༡༽གླེང་གཞི།
སངས་རྒྱས་ལ་ཕྱག་འཚལ་ལོ།།
ང་ས་ཆ་འདིར་གནས་སྤོ་བྱས་ནས་ཟླ་བ་བཅིག་ལས་མ་ཟིན་ཅིང་། ད་དུང་མི་གཞན་ལ་གནས་ཚང་གཡར་ནས་བསྡད་ཡོད་པ་ཙམ་ཡིན། འོན་ཀྱང་། དེང་སང་འཇིག་རྟེན་ནི་ཧ་ཅང་ཆུང་དུ་ཕྱིན་པ་ལྟར་ཡོད་པས་ངའི་འཚོ་བ་དང་ཁོར་ཡུག་གི་འབྲེལ་ལམ་མང་པོ་རང་འཇགས་སུ་གནས་ཡོད་སྟབས། གང་དུ་སོང་ཡང་ཕལ་ཆེར་གཅིག་པ་ཙམ་རེད།
ཉེ་ཆར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་བོད་ནས་ཨོ་གླིང་དུ་ཐེངས་གཉིས་པ་ཕེབས་གཏན་ཁེལ་བ་དང་སྟབས་བསྟུན། ཁོང་གི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཧ་ཅང་ཡག་པོ་བྱུང་། དེ་ནི་ང་རང་ཐེ་བའི་ས་འདིའི་མི་མང་པོ་ཞིག་ལ་རྩ་ཆེན་གྱི་དོན་བཟང་ཞིག་རེད། འོག་ཏུ་ཐེངས་འདིར་མཁན་རིན་པོ་ཆེའི་སྐབས་འདིའི་མཛད་འཕྲིན་དང་འབྲེལ་བའི་ཉིན་ཐོ་ལྟ་བུའི་རྩོམ་ཡིག་སྟབས་བདེ་ཞིག་འབྲི།
༢༽ཨོ་གླིང་གི་གྲོང་ཁྱེར་ཆེ་ཤོས་སིད་ནི།
སིད་ནི་ནི་ཨོ་སི་ཐྲི་ལི་ཡའི་ཚོང་ལས་ཐོག་གི་གལ་ཆེ་ཤོས་དང་གཞི་རྒྱ་ཆེ་ཤོས་ཀྱི་གྲོང་ཁྱེར་ཡིན། སྤྱི་ལོ་༢༠༡༡ལོའི་མི་འབོར་ཞིབ་གཤེར་གྱི་རྩིས་འབྲས་ལྟར་ན། མི་གྲངས་ས་ཡ་བཞི་དང་འབུམ་ལྔ་ལྷག་གནས་སྡོད་བྱེད། དུས་ཡུན་རིང་མོ་ནས་འཛམ་གླིང་གི་འཚོ་བའི་སྤུས་ཀ་ཆེས་ཡག་ཤོས་ཀྱི་གྲོང་ཁྱེར་དང་། འཛམ་གླིང་གི་རིམ་པ་དང་པོའི་གྲོང་ཁྱེར་སོགས་ཀྱི་སྙན་མིང་ལྡན།
གྲོང་ཁྱེར་འདིར་འཛམ་བུ་གླིང་གི་མི་རིགས་འདྲ་མིན་མང་པོ་ཡོད་ཀྱང་། རྩ་བའི་ཆ་ནས་ནུབ་གླིང་པ་མང་བ་ཡོད། ཨོ་གླིང་གི་ཡུལ་འདིར་གདོད་མའི་མི་རིགས་ཤིག་གནས་ན་ཡང་ད་ཡོད་ཀྱི་སྒྲོམ་གཞི་ནི་ཡོ་རོབ་གླིང་གི་དབྱིན་ཇིའི་རྒྱལ་ཁབ་ཀྱི་མི་བསླེབས་ནས་བཙུགས་པ་ཡིན། ཁོང་ཚོའི་རྒྱལ་དར་སོགས་སུ་ཡང་དབྱིན་ཇི་དང་འབྲེལ་བའི་མཚོན་རྟགས་བཞག་ཡོད། དབྱིན་ཇི་ནི་རང་གི་མེས་རྒྱལ་གྱི་ཚོད་དུ་རྩི། རིག་གཞུང་གི་ཆ་ནས་ཀྱང་དབྱིན་ཇིའི་རིག་གཞུང་ལ་ལར་ཞེན་ཆེ་བ་བྱེད་སྐད། མང་པོ་ཞིག་ཕ་དང་མེས་པོ་ཡང་མེས་ཀྱི་དུས་ནས་དབྱིན་ཡུལ་ནས་འདིར་ཡོང་བ་ཡིན། གྲོང་ཁྱེར་གྱི་ལམ་གྱི་མིང་ཡང་ད་ལྟའི་དབྱིན་ཇིའི་རྒྱལ་མོའི་མཚན་ལས་བཏགས་པ་སོགས་ཡོད།
དེ་ལྟར་ན་དབྱིན་ལན་ནི། འཛམ་བུ་གླིང་ལ་དོན་དམ་པའི་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་མཁན་དེ་ཡིན་པས་ནུབ་ཨ་རུ་ནས་བྱང་ཡོ་རོབ། ཤར་རྒྱ་གར་ནས་ལྷོ་ཨོ་གླིང་ལ་ཐུག་གི་བར་གྱི་སའི་གོ་ལའི་ཉི་མ་འཆར་ནུབ་གྱི་ནུས་ཚོད་མི་འདྲ་བའི་ཁྱབ་ཁོངས་ཡོངས་རྫོགས་དབྱིན་ལན་གྱི་མངའ་འོག་ཏུ་བསྡོད་དུས་ཤིག་བྱུང་བར་བསམ་ན། དབྱིན་ཇིའི་རྒྱལ་དར་ལ་ཉི་མ་མི་ཕོག་པའི་དུས་མེད་ཟེར་བ་ནི་ཤིན་ཏུ་བདེན།
གྲོང་ཁྱེར་འདིར་རྒྱ་རིགས་ཀྱང་ཤིན་ཏུ་མང་པོ་བསྡོད། དེ་བཞིན་རྒྱ་གར། ཝེ་ཏི་ནམ། འབར་མ་སོགས་ཤར་ཕྱོགས་ནས་ཡོང་བའི་ཨེ་ཤ་ཡའི་གནས་སྤོས་ཡུལ་མི་དང་། ལས་ཀ་བྱེད་མཁན། སློབ་ཕྲུག་བཅས་ལོ་རེ་བཞིན་ཇེ་མང་ཡིན།
འདི་དག་ལ་ཡང་སོ་སོའི་རིག་གཞུང་རྒྱུན་འཛིན་བྱེད་པའི་ཐོབ་ཐང་མེད་པ་མིན་ན་ཡང་། དཔལ་འབྱོར་དང་འགྲན་རྩོད་ཀྱི་རྦ་རླབས་ཤུགས་དྲགས་པའི་ཁོར་ཡུག་ནས་མང་པོ་ཞིག་གི་རང་གི་ཆོས་དང་རིག་གཞུང་དང་འབྲེལ་བའི་བསམ་བློ་དང་ལས་དོན་ལ་ནི་དོ་ཕོག་ངེས་པར་འགྲོ་བ་ཞིག་འདུག
༣༽མཁན་རིན་པོ་ཆེའི་སིད་ནི་མཛད་རིམ།
ད་ནི་དཀྱུས་ལ་འཇུག་སྟེ། བོད་བརྒྱུད་ནང་བསྟན་གྱི་མི་རབས་གཉིས་པའི་ཁྲོད་གྱི་གལ་ཆེ་བའི་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་ཏུ་འགྱུར་བཞིན་པའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལོ་སྔ་མར་ཡང་འདིར་ཕེབས་འདུག་ཅིང་། ས་ཆ་དེ་ཀའི་བོད་རིགས་དག་ལ་ཡང་བཀའ་སློབ་ལམ་སྟོན་སོགས་གནང་ཡོད་འདུག འདི་ལོ་ཕེབས་འཆར་ཡོད་པ་ཁོང་གི་མཚན་ཐོག་ཏུ་ཡོད་པའི་འཕྲིན་སྟེགས་སོགས་ལས་ཤེས་རྟོགས་བྱུང་། ཁོང་ཉིད་ཐོག་མར་ཁམ་བྷི་རར་ཕེབས་འདུག་ལ། གྲོང་ཁྱེར་དེ་ནི་ཨོ་གླིང་གི་རྒྱལ་ས་རེད། དེར་བཙུག་ལག་སློབ་གཉེར་ཁང་སོགས་སུ་བཀའ་སློབ་གསུང་བཤད་གནང་བ་སོགས་ཀྱི་མཛད་རིམ་འགའ་ཞིག་གནང་འདུག་ཞིབ་ཕྲར་རྒྱུས་ལོན་མ་བྱུང་།
དེ་ནས་སྤྱི་ལོ་༢༠༡༦ཟླ་༣ཚེས་ནས་ཚེས་༢༨བར་སིད་ནི་ཁུལ་གྱི་མཛད་རིམ་རེད། སིད་ནི་གྲོང་ཁྱེར་གྱི་ཚོགས་ཁང་ཅུང་ཆེ་བ་ཞིག་ཏུ་མཁན་རིན་པོ་ཆེའི་མཛད་རིམ་གོ་སྒྲིག་ཚོགས་ཆུང་གི་ངོས་ནས་ཉིན་ལྔའི་དགོང་མོའི་མཛད་རིམ་བསྟར་ཆགས་སུ་སྒྲིག་འདུག སྤྱི་ཟླ་༣ཚེས་༢༤དང་༢༥གཉིས་ལ་༼སྒོམ་སྒྲུབ་ཀྱི་རྨང་གཞི་༽ཞེས་པའི་བརྗོད་གཞིའི་ཐོག་ནས་བློ་ལྡོག་རྣམ་པ་བཞིའི་བཀའ་ཁྲིད་ཟབ་རྒྱས་གནང་། དེ་ནས་ཉིན་བར་བ་སྟེ། ཚེས་༢༥་དང་༢༦གཉིས་ལ་༼སྒོམ་སྒྲུབ་ཀྱི་རྣམ་གཞིའི་ཉམས་ལེན་བྱེད་སྟངས་༽ཞེས་པའི་བརྗོད་གཞིའི་ཐོག་ཞི་གནས་དང་ལྷག་མཐོང་གི་སྐོར་ཟབ་འགྲེལ་དང་། ཁྱད་པར་དུ་རླུང་རོ་བསལ་སྟངས་དང་ལུས་གནད་ཀྱི་འདུག་སྟངས་ནས་བཟུང་ལག་ལེན་གྱི་རང་བཞིན་ལྡན་པའི་སློབ་ཁྲིད་ཞིབ་རྒྱས་གནང་། དེ་ནས་ཉིན་ཐ་མ་སྤྱི་ཚེས་༢༧ཉིན་༼རྡོ་རྗེ་སེམས་དཔའ་ཉམས་སུ་ལེན་པ་༽ཞེས་པའི་བཀའ་ཆོས་གནང་།
དེ་ཡང་། དམིགས་ཁྲིད་སོགས་ཀྱི་འགྲོ་སྟངས་སྤྱིར་བཏང་གི་མདོ་ལུགས་གཞིར་བཞག་ཐོག གཉེན་པོ་སྟོབས་བཞིའི་ཉམས་ལེན་གྱི་རྟེན་གྱི་སྟོབས་དང་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་རང་གི་ཉམས་ལེན་གྱི་ཐོག་ནས་གསུངས། སྙིང་ཐིག་སྔོན་འགྲོ་སོགས་ལས་གསུངས་པའི་དམིགས་རྣམ་ཁྱད་པར་བ་དག་གི་སྐོར་གསུང་མ་སོང་། དེ་བཞིན། རླུང་རོ་བསལ་བ་སོགས་ཀྱི་དམིགས་པའང་ཐུན་མོང་གི་དབང་དུ་བྱས་པའི་འཁྲིད་ཚུལ། འཇུག་བདེ་ལ་མདོ་སྔགས་ཐུན་མོང་ཐུན་མིན་གྱི་མཇུག་སྟངས་ཀྱི་གནད་མ་འཆོལ་བ། ཟབ་དོན་འཆོལ་རྙོགས་སུ་མི་འགྲོ་བ་སོགས་དགོས་ངེས་ཀྱི་དབྱེ་མཚམས་ཟིན་པའི་བཀའ་ཁྲིད་གནང་སྟངས་བླ་ན་མེད་པ་མཛད་སོང་།
དེ་ནི་ཁོང་གིས་དངོས་སུ་ཕྱག་ལེན་གནང་བཞིན་པའི་ཡེ་ཤེས་སྣང་བའི་སྒོམ་སྒྲུབ་འཛིན་གྲྭ་ཞེས་པའི་རྩ་བའི་སློབ་ཚན་གྱི་ཕྱག་ལེན་རེད་ཅེས་ལབ་ནའང་ཆོག་པ་འདྲ།
༤༽ཡེ་ཤེས་སྣང་བའི་སྒོམ་སྒྲུབ་འཛིན་གྲྭ་དང་བྱང་ཆུབ་སློབ་ཚོགས།
ཡེ་ཤེས་སྣང་བའི་འཛིན་གྲྭ་ནི། མཁན་རིན་པོ་ཆེ་ཁོང་གིས་རྒྱའི་སྐད་ཡིག་གི་ཐོག་ནས་བོད་བརྒྱུད་ནང་ཆོས་ཉམས་ལེན་བྱེ་མཁན་སྤྱི་དང་། ཁྱད་པར་ཁོང་གི་སློབ་བརྒྱུད་དག་ལ་དམིགས་ནས་བཟོས་པའི་སྔོན་འགྲོ་དང་དངོས་གཞིའི་བར་གྱི་ཁྲིད་རིམ་ཆ་ཚང་ཡོད་པའི་སློབ་དེབ་དང་སློབ་སྦྱོང་ཚོགས་པ་ཞིག་ཡིན་ཞིང་། སློབ་དེབ་ཀྱང་། སྒྲ་དང་བརྙན། ཡི་གེ་བཅས་ཀྱི་ཐོག་ཏུ་ཆ་ཚང་ཡོད་པ་དང་། དྲ་ཐོག་ནས་ཀྱང་ཐད་ཀར་སློབ་སྦྱོང་ཐུབ་པ་ཞིག་བཟོས་ཡོད་འདུག
ཐེངས་འདིའི་གོ་སྒྲིག་གཙོ་བོ་མཁན་པོ་བསོད་དར་རྒྱས་ཀྱི་རྒྱལ་སྤྱིའི་བྱང་ཆུབ་སློབ་ཚོགས་ཀྱི་ཡན་ལག་ཨོ་གླིང་བྱང་ཆུབ་སློབ་ཚོགས་ཀྱི་སློབ་མ་དག་གིས་འགན་འཁུར་ཡོད་ཅིང་། མཁན་པོ་བསོད་དར་རྒྱས་ཀྱིས་བཙུགས་གནང་བའི་བྱང་ཆུབ་སློབ་ཚོགས་ནི་འཛམ་གླིང་རང་བཞིན་གྱི་ནང་ཆོས་སློབ་གཉེར་གྱི་སྒྲིག་འཛུགས་ཤིག་རེད། ཁར་རྩང་ཡུལ་ངོས་སུ་ཡང་། བྱང་ཆུབ་སློབ་ཚོགས་ཀྱི་རྒྱ་ཡིག་གི་དག་ཞིང་འཛིན་གྲྭ་དང་། སྤྱོད་འཇུག་འཛིན་གྲྭ་གཉིས་ཀྱི་སློབ་དེབ་ཕྱོགས་སྒྲིག་བླུ་ཉོ་བྱ་རྒྱུ་འདུག་པར་ཁྱུག་ཙམ་ཞིག་བལྟས་པ་ཡིན། སྤྱོད་འཇུག་འཛིན་གྲྭའི་སློབ་དེབ་གཅིག་པུ་ཡང་དེབ་བཅུ་ཡས་མས་ཤིག་འདུག
དེ་ཡང་འགྲེལ་བ་མང་པོ་ཞིག་ཕྱོགས་སྒྲིག་བྱས་དེ་སློབ་དེབ་ཅེས་མིང་བཏགས་པ་དེ་འདྲ་མ་རེད། སྤྱོད་འཇུག་ཧྲིལ་པོ་དེང་རབས་ན་གཞོན་དག་གི་ཤེས་ཡོན་སློབ་ཚན་གྱི་རིགས་ལམ་ལྟར་རིམ་པ་གོང་འོག་ཏུ་ཕྱེས་ནས་བསྒྲིགས་པ་ཞིག་སྟེ། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་བྱང་ཆུབ་སློབ་ཚོགས་ཀྱི་གཅིག་གྱུར་བསླབ་དེབ་རེད།
ཚོགས་པ་འདིའི་ཚོགས་ཞུགས་པའང་མང་ཆེ་བ་སློབ་གྲྭ་ཆེན་མོ་བ་དང་ན་གཞོན་དག་རེད་ལ། མཐོ་སློབ་དག་ཏུའང་བྱང་ཆུབ་སློབ་ཚོགས་ཀྱི་ཡན་ལག་འཛུགས་པ་དང་། ཚོགས་མི་གསར་པ་བསྡུ་བ་སོགས་ཀྱི་ལས་ཀ་ཁོང་ཚོས་བྱེད་པ་ཡིན། ཐེངས་འདིར་མཁན་རིན་པོ་ཆེའི་གསུང་ཆོས་ལ་གཅར་མཁན་ཡང་རྒྱ་ཆ་དགུ་བཅུ་རྒྱ་རིགས་དང་། དེའི་ནང་གི་མང་ཤོས་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡོང་བའི་སློབ་མ་སོགས་རེད། ཁོང་ཚོས་ད་དུང་གོ་སྒྲིག་གི་གཙོ་འགན་འཁུར་བཞིན་འདུག ལྷག་མའི་བརྒྱ་ཆ་བཅུའི་ནང་དུ་མགོ་སེར་ཁ་ཤས་དང་བོད་པ་རེ་ཟུང་། དེ་མིན་ཝེ་ཏི་ནམ་སོགས་ཀྱང་ཁ་ཁེར་རེ་མཆིས།
༥༽ཤོག་ཆག་དང་འབུལ་བ་མ་འབུལ་རོགས།
མི་འདྲ་ས་གཞན་ཞིག་ནི། མཁན་རིན་པོ་ཆེའི་ཉིན་ལྔའི་གསུང་བཤད་བཀའ་སློབ་གནང་སར་སྒོ་འཛིན་བཙོང་མཁན་མེད་ན་ཡང་། ཚོགས་ཁང་གི་སྒོ་ཁྱམས་གཡས་གཡོན་ན་གུས་ཞབས་དང་བཅས་ཕེབས་སྒུག་ཞུ་བཞིན་པའི་ལས་བྱེད་མི་སྣ་ཚོས་ངོས་གཅིག་ལ་དབྱིན་ཡིག་དང་ངོས་གཅིག་ལ་རྒྱ་ཡིག་བྲིས་ཡོད་པའི་དོ་སྣང་རྣམ་གྲངས་ཀྱི་ཤོག་འཛེར་སེར་པོ་ཆུང་ཆུང་ཞིག་ནང་དུ་ཕེབས་མི་ཚོའི་ལག་པར་རེ་རེ་བྱས་ནས་འཇོག་གིན་འདུག
ཤོག་འཛར་དེའི་དོན་ཚན་དང་པོར། Please respeet that Khenpo will not accept Dana(moey offering)མཁན་རིན་པོ་ཆེས་ཤོག་ཆག་དང་འབུལ་བ་གང་ཡང་བཞེས་ཀྱི་མེད། ཅེས་བྲིས་ཡོད།
༦༽སྐད་གསུམ་སྨྲ་བའི་འབུམ་རམས་པ།
མཚམས་འདིར་ངས་མཁན་རིན་པོ་ཆེའི་ཐེངས་འདིའི་སྐད་སྒྱུར་ཞུ་མཁན་གྱི་ལོ་ཙཱ་བ་མཁྱེན་ལྡན་མ་བོད་མིང་དབྱངས་ཅན་ལྷ་མོ་ཁོང་ཡང་གླེང་ཙམ་ཞིག་བྱས་ན་མི་འོས་པ་མི་འདུག་སྙམ། སྤྱིར་བཏང་བླ་རུང་སྒར་ནི་འབྲོག་ཁུལ་གྱི་ས་ཆ་ཧ་ཅང་འགོར་པོ་ཞིག་ཏུ་ཆགས་ཡོད་ཅིང་། བོང་རྫི་དང་དགུ་རོང་སྤུན་གྲོལ་ལྟ་བུ་ཁ་འཚར་ལ་ཐུགས་མཉེས་པོ་ཡོད་མཁན་གྱི་དྲ་གྲོགས་ཚོས་མཚམས་རེར། བླ་རུང་ནི་དབེན་པའི་རི་དྭགས་རེད་ཅེས་ལབ་སྲིད། འོན་ཀྱང་། ངས་བླ་རུང་ན་བླ་རུང་ནས་ཐོན་ཏེ་རྒྱལ་སྤྱིའི་ཐོག་ཏུ་བསྐྱོད་བཞིན་པའི་འཇོན་ཐང་ཅན་གྱི་མཁན་པོ་ཁག་ཅིག་ཡོད་པར་ཡིད་ཆེས་བྱེད་བཞིན་པ་ལས་གཞན། རྒྱལ་སྤྱིའི་བསམ་བློ་དང་དད་མོས་ཀྱི་མིག་འོད་བླ་རུང་དུ་ཕྱོགས་བཞིན་ཡོད་པའི་ངོས་གཞན་ཞིག་ཀྱང་མཐོང་སོང་།
སྤྱི་ལོ་༢༠༡༢ལོར་བླ་རུང་མཐོ་རིམ་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་སློབ་གླིང་གི་ཚད་མའི་འཛིན་གྲྭས་རྒྱ་ཡིག་ཁོ་ནའི་ལམ་ནས་ཚད་མའི་བགྲོ་གླེང་ཆེན་པོ་ཞིག་གཉེར་ཡོད་ཅིང་། དྲ་ཐོག་ནས་ཐད་གཏོང་བྱས་པའི་བགྲོ་གླེང་དེར་རྒྱལ་སྤྱི་ནང་ཡོངས་ནས་དོ་སྣང་ཆེན་པོ་བྱས་འདུག སྐབས་དེར་བགྲོ་གླེང་གི་ཆ་ཤས་ལེན་མཁན་ཚང་མ་བླ་རུང་དུ་སློབ་གཉེར་གནང་བཞིན་པའི་རྒྱ་རིགས་ཀྱི་གྲྭ་པ་དང་དགེ་བསྙེན་ཁག་རེད། སྐབས་དེར་གཙོ་གནད་གཏམ་བཤད་གནང་མཁན་བཞི་ཡོད་པའི་གཅིག་ནི་Coloradoཨ་རིའི་ཁི་ལོ་ར་སྒྲའོ་གཏེར་ལས་སློབ་གླིང་ནས་འབུམ་རམས་པའི་སློབ་གཉེེར་བྱས་ཤིང་། ཨ་རིའི་(US Air Company)སྤྱི་གཉེར་ཁང་ཞིག་གི་ཨེ་ཤ་ཡའི་ཞིབ་འཇུག་ཁྱབ་སྤེལ་ལྟེ་གནས་ཀྱི་བཟོ་བཀོད་མཁན་གྱི་ལས་འགན་བཞེས་མྱོང་མཁན་དབྱན་ཧྭོ་ཞུ་བ་ཞིག་སྟེ། ཁོང་མོ་སྐབས་དེར་བླ་རུང་དུ་བཙུན་མ་བྱས་ཏེ་སློབ་སྦྱོང་གནང་བཞིན་ཡོད་པར་དོ་སྣང་བྱུང་། དེ་ལས་གཞན་ཞིག་ནི་མཁན་རིན་པོ་ཆེའི་ཐེངས་འདིའི་སྐད་སྒྱུར་གནང་མཁན་བོད་མིང་དབྱངས་ཅན་སྒྲོལ་མ་ཞུ་བའི་སྐད་གསུམ་སྨྲ་བའི་ལོ་ཙཱ་བ་ཁོང་རེད། དང་ཐོག་མདོ་འཛིན་པས་ངོ་སྤྲོད་གནང་བའི་ནང་དུ་མོ་ནི་སྙན་གྲགས་ཅན་གྱི་ཨོཀ་སི་ཕོར་ཀྲི་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་ཞིག་རེད་ཅེས་ལབ་སོང་།
ངས་བསམ་པར་མོ་རང་ཕལ་ཆེར་ཕྱི་ལོགས་ནས་སློབ་སྦྱོང་ཐོབ་མཁན་གྱི་རྒྱ་རིགས་ཤིག་ཡིན་རྒྱུ་རེད་བསམ། འོན་ཀྱང་དངོས་སུ་མཐོང་སྐབས་མོ་རང་ནི་ནོར་ཡ་མེད་པའི་ནུབ་གླིང་བ་ཞིག་ཡིན་པར་མ་ཟད། ཨོ་གླིང་རང་གི་མི་རེད་འདུག མོས་མཁན་རིན་པོ་ཆེས་རྒྱ་སྐད་ཀྱི་བཀའ་ཆོས་དབྱིན་སྐད་དུ་བསྒྱུར་བར་དབྱིན་སྐད་ཤེས་མཁན་ཚང་མས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་འདུག འོན་ཀྱང་ང་ཡ་མཚན་སྐྱེ་ས་དེ་མ་རེད།
སྐབས་ཤིག་ལ་མི་མང་གི་དྲི་བ་རྒྱ་སྐད་ཀྱི་ལམ་ནས་དྲིས་པ་ཞིག་གི་ནང་དོན་ཁ་གསལ་ཡོང་ཆེད་མཁན་པོ་མཆོག་ལ་སྡིངས་ཆ་རང་གི་ཐོག་ནས་ཨམ་སྐད་དང་དབུས་སྐད་འདྲེས་པའི་བོད་ཡིག་གི་བཀའ་མོལ་ཞུས་སོང་། སྐབས་དེར་ངས་མོ་ནི་དབྱིན་ཡིག་དང་རྒྱ་ཡིག་ཙམ་མ་ཟད། བོད་ཡིག་ཀྱང་ཡག་པོ་ཤེས་མཁན་ཞིག་ཡིན་པ་ཤེས་སོང་། དེ་རྗེས་ཐེངས་གཉིས་ལ་མཁན་རིན་པོ་ཆེས་རིག་པ་ཆོས་ཚོགས་སུ་བོད་སྐད་ཀྱི་ལམ་ནས་བཀའ་ཆོས་གནང་བ་ཆ་ཚང་གི་དབྱིན་ཡིག་གི་སྐད་བསྒྱུར་ཡང་མོ་རང་གིས་བྱས་གནང་སོང་། མ་ཟད། སྐབས་དེར་མཚམས་སྦྱོར་གནང་མཁན་གྱིས་མོ་ནི་ཨོཀ་སི་ཕོར་ཀྲི་གཙུག་ལག་སློབ་གྲྭ་ཆེན་པོ་ནས་འབུམ་རམས་པ་ཐོན་མཁན་ཞིག་དང་། འཛམ་གླིང་གི་ནང་བསྟན་སློབ་གླིང་ཆེ་ཤོས་བླ་རུང་སྒར་ནས་བོད་ཀྱི་སྐད་ཡིག་དང་ནང་ཆོས་ལ་སྦྱང་བ་ཆེན་པོ་བྱས་མཁན་ཞིག་རེད་ཟེར།
སྐབས་དེར། ཉེ་ཆར་གྲོགས་པོ་ཞིག་གིས་ང་ཚོའི་སྐད་ཡིག་དང་རིག་གཞུང་ང་ཚོས་སྣང་མེད་དུ་བཏང་ཞིང་། ཕྱི་མི་ཚོས་དོ་སྣང་ཆེན་པོས་སློབ་སྦྱོང་བྱེད་ཀྱིན་འདུག་པས་རེ་ཞིག་བོད་ཡིག་བོད་སྐད་བཙོང་བཞག་ན་ཞེས་པའི་རྩོམ་ཐུང་དེ་ངའི་ཡིད་ལ་འཁོར་བར་བྱས་སོང་།ཕྱོགས་གཞན་ཞིག་ནས་སྣང་དེས་བླ་རུང་གིས་རྒྱལ་སྤྱིའི་ནང་བསྟན་སློབ་གཉེར་བསྟི་གནས་ཁྲོད་ཀྱི་གོ་གནས་ཅི་ཙམ་ཟིན་གྱི་ཡོད་པའང་མཚོན་གྱིན་ཡོད་པ་རེད་སྙམ།
༧༽བསོད་རྒྱལ་རིན་པོ་ཆེའི་རིག་པ་ཆོས་ཚོགས།
འཛམ་བུ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་༼བོད་ཀྱི་སྐྱེ་འཆི༽འི་རྩོམ་པ་པོ་བསོད་རྒྱལ་རིན་པོ་ཆེའི་རྩ་བའི་ཆོས་ཚོགས་ལས་རབ་གླིང་ཧྥ་རན་སི་ལ་ཡོད་ན་ཡང་། དེའི་ཡན་ལག་ག་ས་གང་དུ་ཡོད། སྤྱི་ཚེས་༢༦ཕྱི་དྲོ་མཁན་རིན་པོ་ཆེས་སིད་ནི་རིག་པ་ཆོས་ཚོགས་སུ་ཕེབས་ནས་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་གྱི་ཞལ་གདམས་༼སྙིང་གཏམ་སྙིང་གི་ཐིག་ལེ༽འི་ཐོག་ནས་བཀའ་ཆོས་གནང་། སྙིང་གཏམ་སྙིང་གི་ཐིག་ལེ་ནི་ཆོས་རྗེ་མཆོག་གིས་རི་བོ་རྩེ་ལྔར་སློབ་མ་རྣམས་ལ་གདམས་གནང་བའི་བློ་སྦྱོང་གི་མན་ངག་གལ་ཆེན་ཞིག་རེད།
བཀའ་ཆོས་དབུ་འཛུགས་སྐབས་སུ་མཁན་རིན་པོ་ཆེས་གསང་སྔགས་ཉམས་སུ་ལེན་པ་ལ་དད་པ་ལས་གལ་ཆེ་བ་གང་ཡང་མེད་ཚུལ་དང་། རྒྱུན་དུ་ཁོང་གིས་འདི་རིགས་རྩལ་འདོན་བྱེད་ཀྱི་མེད་ཀྱང་། དོན་དངོས་ཐོག་གསང་སྔགས་དང་ཁྱད་པར་རྫོགས་པ་ཆེན་པོ་ཉམས་སུ་ལེན་པ་ལ་དད་པ་ལས་གལ་ཆེ་བ་གང་ཡང་མེད་གསུངས།
༨༽སིད་ནིའི་བོད་རིགས་འདུས་སྡོད་ཁུལ་དུ་ཆིབས་བསྒྱུར།
ཆོས་དང་རིག་གཞུང་ལ་བསམ་པ་དཀར་ཞིང་། དོན་དངོས་ལ་བསམ་བློ་ཐོངས་མཁན་གྱི་མི་སུ་འདྲ་ཞིག་ཡིན་ཡང་། མཁན་པོ་ཁོང་ནི་ཕལ་ཆེར་གུས་ཞབས་མི་ཞུ་ཐབས་མེད་ཀྱི་སྐྱེས་བུ་དམ་པ་ཞིག་རེད། མི་མང་དག་ནི་ནམ་ཡང་བློ་དཀར་གཞུང་དྲངས་ཡིན་པས་དོན་དངོས་ཀྱི་རྒྱུ་མཚན་འདི་དག་གིས་ཚང་མས་དད་གུས་ཆེན་པོ་ཞུ་བཞིན་ཡོད། ལོ་སྔ་མར་མཁན་རིན་པོ་ཆེ་འདི་ཕྱོགས་སུ་ཕེབས་སྐབས་ཀྱང་། ཆབ་སྲིད་དང་མ་འབྲེལ་བ་དང་། ཚོགས་པ་བྱེ་བྲག་པའི་མིང་ཐོག་ནས་མ་ཡིན་པར། སྤྱིར་བཏང་གིས་ཆོས་དང་དམ་ཚིག་གིས་འབྲེལ་བའི་སློབ་བརྒྱུད་དང་དད་ལྡན་པ་ཁག་ཅིག་གི་མིང་ཐོག་ནས་ས་གོ་སྒྲིག་བྱས་ཤིང་། དེར་ཡོད་བོད་པ་ཚོས་མཁན་རིན་པོ་ཆེ་ལ་ཞལ་མཇལ་དང་བཀའ་སློབ་ཞུས་འདུག
ད་ལོ་ཡང་བསྐྱར་མཁན་མཁན་རིན་པོ་ཆེ་ས་ཁུལ་འདིར་གདན་འདྲེན་དང་འབྲེལ་བའི་ཐོག་ནས་ཆོས་དང་རིག་གཞུང་ལ་སྨན་པའི་བཀའ་སློབ་གནང་རོགས་ཞེས་ཞུས་པ་ལྟར་ཞལ་བཞེས་ཐོབ། ཕྲན་ཡང་ཐེངས་འདིའི་གོ་སྒྲིག་ཚོགས་ཆུང་གི་རྩ་བའི་ལས་ཀ་བྱེད་མཁན་གྱི་ཁོངས་སུ་འཛུལ་ཞུགས་ཀྱིས་གོ་སྒྲིག་ཞུ་རོགས་ཞུས་ཤིང་། མཁན་རིན་པོ་ཆེའི་བདེ་འཇགས་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཐད་དམིགས་བསལ་དོ་སྣང་བྱས། བཀའ་སློབ་ཀྱི་བརྗོད་གཞི། ཚོགས་ཁང་གི་གོ་སྒྲིག ལས་རིམ་གྱི་རྣམ་བཞག་སོགས་རེ་རེ་བཞིན་མཁན་རིན་པོ་ཆེ་ལ་སྤྱན་བསྟར་ཞུས་པའི་ཐོག་ནས་གོ་སྒྲིག་བྱས།
ཐེངས་གཅིག ང་ཚོ་མཛད་རིམ་གོ་སྒྲིག་གི་ལས་དོན་་བཀའ་བསྡུར་ཞུ་སར་གཅར་སྐབས་མཁན་རིན་པོ ཆེས་ཞལ་རྩེད་གྱི་རྣམ་པས། མི་ཉན་པ་གཅིག་དང་དགོས་པ་གཅིག་བཅས་ཆ་རྐྱེན་གཉིས་ཡོད། གཞན་མི་འགྲིག་པ་གང་ཡང་མེད་གསུངས། མི་ཉན་པ་གཅིག་ནི་ཆབ་སྲིད་དང་འབྲེལ་བའི་གཏམ་བརྗོད་དང་དྲི་བ་སོགས་མི་ཉན་པ་དང་། དགོས་པ་གཅིག་ནི། སྐད་སྦུག་གི་སྒྲིག་ཆས་ཡག་པོ་ཞིག་གྲ་སྒྲིག་དགོས་པའི་བཀའ་གནང་བྱུང་།
མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་མཆོག་ནི་དེ་ལྟར་ཐབས་ལ་མཁས་པོའི་ཐོག་ནས་བྱས་ཚད་གཞན་དོན་དུ་འགྱུར་བ་དང་། ཕྱག་ལས་ཚང་མ་ཚིག་ཐོག་དོན་ཁེལ་གནང་མཁན་ཞིག་རེད།
༩༽བརྩེ་བ་དང་ཤེས་རབ་ཀྱི་འོད་སྣང་མི་སེམས་ལ་སྤྲོས་པ།
སྤྱི་ལོ་༢༠༡༦ཟླ་༣ཚེས་༢༧གྱི་ཞོགས་པ་ས་གནས་ཆུ་ཚོད་༡༠ནས་ཕྱི་དྲོ་ཆུ་ཚོད་༤པ་བར་ Dee Whyབོད་མིའི་འདུས་སྡོད་ས་ཁུལ་དུ། དེར་འཁོད་རང་རིགས་དད་ལྡན་དག་གི་གུས་བརྩེ་ཆེན་པོའི་ཕེབས་བསུ་བཅས་ཚོགས་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། ༼རིག་གཞུང་མི་འདྲ་བའི་ཁོར་ཡུག་ནས་ཆོས་དང་རིག་གཞུང་གཅེས་ཉར་བྱེད་པའི་གལ་གནད་དང་ཐབས་ལམ་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་།
དེ་ནས་ཚོགས་ཞུགས་པ་རེ་རེ་བཞིན་གྱི་སྒེར་གྱི་འཚོ་བའི་དཀའ་ངལ་དང་སེམས་ཚོར། ཆོས་དང་རིག་གཞུང་གི་སྐོར་གྱི་དྲི་བ་བཅས་ལ་ཞིབ་ཏུ་གསན་ཞིང་རེ་རེ་བཞིན་ལ་བཀའ་ལན་ཡང་གནང་། ཁྱད་པར་འབྱུང་འགྱུར་རིག་གཞུང་མི་འདྲ་བའི་ཁོར་ཡུག་ནས་མི་རིགས་དང་རིག་གཞུང་གི་ངོ་བོ་མ་བརླགས་པ་བྱ་རྒྱུའི་གལ་གནད་དང་། ཁྱིམ་ཚང་སློབ་གསོ། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་གསུམ་ཁོར་ཡུག་དང་བསྟུན་པའི་ལག་ལེན་བྱེད་ཐབས་སོགས་རྒྱས་བཤད་གནང་།
གཤིས་ཀ་དང་སྤུས་ཀ་གཉིས་ཀྱི་ཁྱད་པར་དང་། དེ་ཡང་བོད་མི་ཟེར་བ་དེ་གཤིས་ཀྱི་ཆ་ནས་སྡུག་ཅག་ཅིག་མིན་ན་ཡང་། སྤྱི་ཚོགས་དང་མཐུན་པའི་བསམ་བློ་དང་ཀུན་སྤྱོད་ཀྱི་བྱང་ཚད་ཀྱིས་མ་འདངས་ནས་སྤུས་ཀའི་ཆ་ནས་རྗེས་ལུས་ཡིན་པ་དང་། དེ་ཡང་མི་རིགས་ཤིག་གི་སྤུས་ཀའི་མི་རིགས་དེའི་ཆ་མཐོང་དང་རིན་ཐང་མཚོན་གྱི་ཡོད་ཚུལ། བོད་པ་དག་ལ་ཐུན་མོང་གི་ཆོས་ཚོགས་ལྟ་བུ་རེ་ཡོད་དགོས་པ་ཤིན་ཏུ་གལ་ཆེན་ཡིན་པ་སོགས་ཀྱི་སྐོར་ལ་བཀའ་སློབ་རིན་ཐང་བྲལ་བ་གནང་།
༡༠༽བཅོས་མིན་གྱི་ཚོར་སྣང་དང་འགོག་མེད་ཀྱི་མིག་ཆུ།
ཕྲན་གྱིས་ལས་རིམ་གཙོ་སྐྱོང་བའི་མིང་ཐོག་ནས་དེར་ཡོད་བོད་རིགས་ཚོར་དེ་རིང་ང་ཚོས་མཁན་རིན་པོ་ཆེ་ཁོང་སྙན་གྲགས་ཆེ་བའི་མཁས་པ་ཞིག་དང་། སློབ་གླིང་ཆེན་པོ་ཞིག་གི་གལ་ཆེའི་དབུ་འཛིན་ཡིན་པའི་ཆ་ནས་ཁོང་གི་བཀའ་སློབ་ལ་དོ་སྣང་བྱ་རྒྱུ་དེ་གལ་ཆེན་མ་རེད། ཁོང་མཁས་པ་ཡིན་པའི་རྒྱུ་མཚན་གྱིས་ང་ཚོར་ཆུ་ཚོད་གཅིག་གཉིས་ཤིག་གི་རིང་ལ་ཁོང་གིས་ཤེས་པ་ཚང་མ་གནང་འཇོག་ཟེར་ནའང་དཀའ་མོ་རེད། གནང་ཡང་ང་ཚོས་ཤེས་ཁག་པོ་རེད། དེ་བས་ཁོང་ནི་༧རྒྱལ་དབང་འབྲུག་ཆེན་སྐྱབས་མགོན་གྱིས་གསུངས་པ་ལྟར། ཚིག་ཐོག་དོན་ཁེལ་གནང་མཁན། ཞལ་ནས་གང་གསུངས་པ་ལག་ལེན་དུ་འདེབས་མཁན་ཞིག་དང་། བོད་ཀྱི་ཆོས་དང་རིག་གཞུང་ལ་བླ་ན་མེད་པའི་ལྷག་བསམ་འགྲན་ཟླ་མེད་པ་ཞིག་རེད། རྒྱུ་མཚན་འདི་ཁོ་ན་ང་ཚོས་ཁོང་གི་བཀའ་སློབ་གལ་ཆེན་པོ་དང་རྩ་ཆེན་པོ་ཡིན་པའི་རྒྱུ་མཚན་དུ་འཇོག་དགོས་ཞེས་ཞུས། ད་དུང་ངས་ཁོང་གི་ཆོས་གྲོགས་དང་སློབ་མ་གཉིས་ཀ་ཡིན་པའི་ངའི་ཆོས་གྲོགས་ཤིག་གིས་ཉེ་ཆར་ཞིག་ལ་ཁོང་སྒེར་གྱི་འཕྲིན་ཕྲན་གྱི་བར་སྟོང་དུ།དབུགས་ཀྱི་འབྱིན་རྔུབ་ཡན་ཆད་བསྟན་འགྲོའི་དོན་དུ་ཡིན་པའི་ཚོར་སྣང་བཅོས་མིན་གཏེར་ནུས་པའི་བླ་མ་འདི་དང་ཚེ་རབས་ཀུན་ཏུ་འབྲལ་བ་མེད་པའི་སྨོན་ལམ་ཞུ། ཞེས་བྲིས་པ་དེ་ལུང་དུ་དྲངས་ནས་མཁན་རིན་པོ་ཆེས་བསྟན་འགྲོ་སྤྱི་དང་བོད་ཁ་བ་ཅན་གྱི་ཆོས་དང་རིགས་གཞུང་ལ་བཅངས་པའི་ལྷག་བསམ་དང་ཐུགས་བསྐྱེད་སོགས་གང་ཐུབ་ཀྱིས་གོ་སྤྲོད་བྱེད་སྐབས་ངའི་མིག་ཀོང་ནས་རང་དབང་མེད་པར་མིག་ཆུ་བཞུར་སོང་།
༡༡༽ ཚོགས་ཞུགས་པ་ཞིག་གི་ཡུལ་ངོས་ཟིན་བྲིས།
མཚམས་འདིར་ངས་ཉིན་དེའི་ཚོགས་བཅར་གྱི་གྲས་སུ་ཡོད་པའི་ལོ་ཙཱ་བ་ཆུང་ཚེ་རིང་གིས་ཁོང་སྒེར་གྱི་ངོ་དེབ་ཐོག་ཞབས་མཆན་གྱི་ཚུར་དུ་ཁ་ཐུག་བཏགས་གནང་འདུག་པའི་སྔ་དྲོའི་མཁན་རིན་པོ་ཆེའི་བཀའ་སློབ་དང་དྲི་བ་དྲིས་ལན་སྙིང་བསྡུས་དེ་ཅུང་ཟད་བསྐྱར་བསྒྲིགས་བྱས་ནས་འདིར་དྲེན་བཀོལ་བྱས་ཡོད། ཟིན་བྲིས་འདི་བརྒྱུད་ནས་ང་ཚོས་སྐབས་དེའི་མཁན་རིན་པོ་ཆེའི་བཀའ་སློབ་ཀྱི་སྐོར་སྤྱི་བམ་པ་ཞིག་གཏོགས་ཐུབ།
དེ་ཡང་ཁོང་གིས་གསུངས་དོན།
(ཟིན་བྲིས་འདེབས་མཁན)མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་སིད་ཎི་ལ་ཡོད་པའི་བོད་མི་ཚོར་གསུང་བཤད་གནང་སར་བཅར་ཡོད།
ཁོང་གིས་གཞན་ཡུལ་ལ་སྡོད་སྐབས། གལ་ཆེ་ཤོས་དོན་གནད་གསུམ་ལ་དོ་སྣང་བྱ་དགོས། དེ་ཡང་།
དོན་གནད་དང་པོ། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་ལམ། འགྲོ་སྟངས་བཅས་ཤེས་པ་དང་། བརྩི་བཀུར་བྱ་དགོས་གསུངས།
ཁྲིམས་དང་འགྲོ་སྟངས། གོམས་སྲོལ་སོགས་མ་ཤེས་ན། ཕྱི་མིས་མི་རིགས་དེ་སྤུས་ཀ་ཡག་པོ་མེད་པར་བརྩི་བས་གཟབ་དགོས་གསུངས།
དོན་གནད་གཉིས་པ། དཀའ་ངལ་ག་ཚོད་འཕྲད་ཀྱང་རང་ཚུགས་ཡོད་པ་བྱེད་དགོས།
དེ་ཡང་།
༡༽ དཔལ་འབྱོར་དང་ཆབ་སྲིད། རིག་གནས་བཅས་དགོས་ཚུལ་ཚང་མས་བཤད་བཞིན་པ་ལྟར་གལ་ཆེ་ཡང་། དཔལ་འབྱོར་གྱིས་གནས་སྐབས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱང་། དེ་འགྲིག་ན་ཐམས་ཅད་འགྲིག་འགྲོ་བ་མ་རེད། དེར་བརྟེན་དཔལ་འབྱོར་གཅིག་པུར་འགོ་འཁོར་མི་རུང་། དཔལ་འབྱོར་ནི་དེ་རིང་གི་དགོས་མཁོ་རེད།
༢༽ ཆབ་སྲིད་ནི་སང་ཉིན་གྱི་དོན་དག་ཙམ་རེད།
༣༽ ཕུགས་ཀྱི་གནད་དོན་ནི་རིག་གནས་རེད། རིག་གནས་དེ་ཡག་པོ་དང་བརྟན་པོ་ཡོད་ན། མི་རིགས་དེ་གནས་ཐུབ་གསུངས།
རིག་གནས་གལ་ཆེ་ཚུལ་བཤད་མཁན་མང་ཡང་། ལག་ཏུ་ལེན་མཁན་དཀོན། རིག་གནས་ནི་མི་རིགས་ཀྱི་སྲོག་ལྟབུ་རེད། ཤ་མདོག་ཙམ་དང་གྱོན་གོས་སོགས་ཀྱིས་བོད་པ་ཡིན་པ་མཚོན་མི་ཐུབ། མི་རིགས་ཀྱི་ཁྱད་རྣམ་ངོ་མ་དེ། སྐད་དང་ཡི་གེ་གཉིས་དང་། བསམ་བློའི་ཁྱེར་སོ་དེ་རེད། ང་ཚོ་བོད་པར་ཐུན་མོང་གི་བསམ་བློའི་ཁྱེར་སོ་དང་། སྐད་ཡིག་ཡོད་རེད། དེ་མིན་ས་ཁོངས་གཅིག་དང་དཔལ་འབྱོར་གྱི་ཁོར་རྒྱ་གཅིག་ཡིན་དགོས་ཚུལ་ཡོད་ཀྱང་། ས་ཁོངས་དང་དཔལ་འབྱོར་དེང་སང་ངེས་པ་མེད་ཚུལ་གསུངས།
གལ་ཆེ་ཤོས་སྐད་ཡིག་དང་བསམ་བློའི་ཁྱེེར་སོ་རེད། ཕྱི་རྒྱལ་ལ་ཡོད་པའི་མི་རིགས་མང་ཆེ་བ། མི་རབས་གསུམ་པ་ནས་རང་གི་ངོ་བོ་བརླག་འགྲོ་གི་ཡོད། དེ་བོད་པར་མ་ཡོང་བའི་དོན་དུ། མི་རབས་དང་པོས་དཀའ་ལས་རྒྱག་དགོས། མི་རབས་དང་པོས་མཐུས་ཤོར་སོང་ན། མི་རབས་གཉིས་པ་གསུམ་པས་མཐུས་ཤོར་འགྲོ་ངེས་པ་རེད།
བོད་སྐད་མ་བཤད་པར། རྒྱུན་རིང་དབྱིན་སྐད་བཤད་མཁན་ཆགས་ན། སྐད་འགྱུར་བ་ཙམ་མ་ཡིན་པར། བསམ་བློའི་ཁྱེར་སོར་ཡང་འགྱུར་བ་འགྲོ་གི་རེད། སྐད་དད་རིག་གཞུང་ཉར་ཆེད། བོད་པ་ཚོ་ས་གནས་གཅིག་ལ་སྡོད་ཐབས་བྱ་དགོས། ཁྱིམ་ཚང་གི་སློབ་གསོ་དང་། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་སློབ་གསོ་བཅས་སློབ་གསོར་གསུམ་ཡོད་པས། བོད་པ་ཚོར་ཁྱིམ་ཚང་གི་སློབ་གསོ་ཤིན་ཏུ་གནད་ཆེ།
ཕྲུ་གུ་ལོ་གཉིས་དང་གསུམ་ལ་སོན་སྐབས། ཕ་མའི་སློབ་གསོ་དང་གཅེས་སྐྱོང་ཧ་ཅང་གལ་ཆེ། བྱིས་བཅོལ་ཁང་དུ་འཇོག་པ་ནི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན།
ང་ཚོ་མི་ཡིན་ཙང་། ཟ་བཏུང་དང་དཔལ་འབྱོར་གཅིག་པུས་འགྲིག་གི་མ་རེད། ང་ཚོས་ཕུགས་ལ་བསམ་བློ་གཏང་དགོས།
ཁྱིམ་ཚང་ནང་ལ། ཕྲུ་གུར་ངེས་པར་དུ་བོད་སྐད་རྒྱག་དགོས། ཕ་མའི་དབྱིན་སྐད་ཡར་རྒྱས་ཡོང་ཆེད། ཕྲུ་གུར་དབྱིན་སྐད་བརྒྱབ་བསྡད་ན། ཐ་མ་ཚང་མས་དབྱིན་སྐད་རྒྱག་དགོས་པའི་ཉེན་ཁ་ཡོད།
ཕྲུ་གུ་ཕ་མའི་འགྲམ་ལ་ཉོར། བོད་སྐད་ཤོད། བོད་སྒྲུང་ཤོད། བོད་ཀྱི་རིག་གཞུང་ཉར་སྟངས་དེ་རེད།
བོད་པ་ནང་ཁུལ་དབྱིན་སྐད་སྨྲ་བ་དེ། སྔ་ལྟས་ཤིག་རེད། དེས་ག་རེ་སྟོན་པ་རེད། རང་གི་སྐད་ཡིག་རིག་གཞུང་གི་རིན་ཐང་བརླག་འགྲོ་བའི་སྔ་ལྟས་ཏེ་ལྟས་ངན་ངོ་མ་ཞིག་རེད། དེ་ཚོས་རིམ་པས་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྗེས་ལུས་རེད་ཟེར་གྱི་རེད། དེའི་རྗེས་སུ་རྩ་མེད་བཟོ་ཉེན་ཡོད། སྔ་ལྟས་དེ་ཡོང་དུས་གཟབ་དགོས།
བོད་ནང་ལ། བོད་སྐད་བོད་ཡིག་སྲུང་སྐྱོབས་ཆེད། ལེགས་པ་ལ་དཔའ་དར་དང་། ཞན་པ་ཚོར་ཉེས་ཆད་གཅོད་ཀྱི་ཡོད། དེ་དང་བླངས་ཐོག་ནས་བྱེད་ཀྱི་ཡོད།
འདིར་བོད་པ་མང་པོ་མཉམ་དུ་ཡོད་ཙང་། བོད་པའི་སྤྱི་ཚོགས་སློབ་གསོ་གོ་སྒྲིག་བྱེད་ཐུབ། དེ་ཡང་བོད་ཡིག་གི་དཔེ་མཛོད་ཁང་ཆུང་ཆུང་ཞིག་བཙུགས། འགྲེམས་སྟོན་ཁང་གཅིག་བཙུགས་ནས་ཁོར་ཡུག་བསྐྲུན་དགོས།
དེ་བཞིན་བོད་པ་འཛོམས་ནས་བོད་སྐད་ནང་གླེང་མོལ་བྱེད་དགོས། དེ་ཚོ་སྤྱི་ཚོགས་སློབ་གསོ་རེད། བོད་པ་དཔལ་འབྱོར་ཡག་པོ་ཡོད་མཁན་ཚོས་ལས་ཀ་དེ་ཚོར་ཤུགས་རྒྱག་དགོས།
དེ་ནས་གཞུང་གི་སློབ་གྲྭའི་ནང་བོད་ཡིག་འཛིན་གྲྭ་ཞིག་འཛུགས་རྒྱུའི་རེ་བ་བྱས་ན་འགྲིག ཞེས་སོགས་བསྩལ།
དེ་ནས་དྲི་བ་དྲིས་ལན་སྐབས། ཆབ་སྲིད་དང་མ་འབྲེལ་བའི་དྲི་བ་ག་རེ་དྲིས་ནའང་དགའ་བསུ་ཡོད་གསུངས།
དྲི་བ། ཆོལ་ཁ་ལུང་ཚན་གྱི་འཐེན་ཁྱེར་ཇི་ལྟར་དོར་ཐུབ་བམ།
ལན། དང་པོ་ཆོས་ལུགས་ཐོག་ནས་ཆིག་སྒྲིལ་བྱུང་ཡོད་ལ། ཁ་བྲལ་གྱི་འཐེན་ཁྱེར་ཡང་བྱུང་ཡོད། ངས་བལྟས་ན། རིས་མེད་ཀྱི་ལྟ་བ་ལ་དོ་སྣང་གནང་དགོས། ཆོས་ལུགས་ཆོས་བརྒྱུད་ཚང་མར་གུས་བཀུར་ཞུས་ན་ཕྱོགས་ཚང་མར་ཕན།
གཉིས་པ། མདོ་དབུས་ཁམས་གསུམ་གྱི་འཐེན་འཁྱེར་གྱི་བསམ་བློ་དོར་དགོས། ལྷག་པར་དུ་ས་ཆ་འདི་ཁུལ་དུ་བོད་པ་ཉུང་ས་འདི་ལྟ་བུར་དེ་ཚོ་ངེས་པར་དོར་དགོས། རྩ་བའི་ང་ཚོ་ཚང་མར་མི་རིགས་གཅིག་ཡིན་པའི་འདུ་ཤེས་དེ་ཡོད་རེད། ཕྱེ་བྲག་གི་འདུ་ཤེས་ཤུགས་ཆེ་དྲགས་ན་སྤྱི་བའི་འདུ་ཤེས་ལ་དོ་ཕོག་འབྱུང་གི་རེད།
དྲི་བ། མཁན་རིན་པོ་ཆེས། རིགས་ལམ་གལ་ཆེན་མིན་པ་གསུངས་འདུག དེ་ལ་གསལ་བཤད་གནང་རོགས།
ལན། ངས་རིགས་ལམ་མི་དགོས་ཟེར་གྱི་མེད། རིགས་ལམ་དགོས་རེད། ཡིན་ནའང་རྫོགས་ཆེན་སོགས་ཚང་མ་ལ་དེ་དགོས་རེད་ཟེར་གྱི་མེད།
དྲི་བ། བོད་ཀྱི་ས་ཁུལ་མང་པོར་བོད་སྐད་ཉམས་འདུག དེར་ཐབས་ཅི་ཡོད་དམ།
ལན། ཉམས་མཁན་བོད་པ་ཙམ་རེད། གསོ་སྟངས་ལའང་མང་། ངས་ཀྱང་དེབ་གཅིག་བྲིས་པ་དེའི་ནང་ཐབས་བཅུ་བཤད་ཡོད། སྙིང་པོ་བསྡུས་ན། མི་རྒན་ཚོས་ཕྲུ་གུའི་ཐོག་ལ་བོད་སྐད་བསླབ་རྒྱུར་ཤུགས་རྒྱག་དགོས།
དྲི་བ། འདི་ཕྱོགས་ཀྱི་བོད་པ་ཚོའི་ངོས་ནས་རིག་གནས་ཡར་རྒྱས་ཇི་ལྟར་གཏོང་ཐུབ་བམ།
ལན། ཕྱི་ལ་ཡོད་པའི་བོད་པ་ཚོས། ཕྱིའི་སྐད་ནས། འཕྲོད་བསྟེན་དང་ཚན་རིག་སོགས་ཀྱི་དཔེ་དེབ་བོད་ཡིག་ཏུ་བསྒྱུར་ཐུབ་ན་ལེགས། དེ་གནད་འགག་ཅིག་རེད། དེ་ཡང་ཡིག་སྒྱུར་ཚོགས་པ་ཞིག་བཙུགས་ནས་གནང་ན་ལེགས།
བོད་མིའི་དེ་ཡོད་མི་རབས་ཀྱིས་ཕ་སྐད་སྲུང་སྐྱོབ་སྤེལ་གསུམ་མ་བྱས་ན་ཕྱིས་སུ་ང་ཚོ་ལོ་རྒྱུས་ནང་མི་རིགས་མི་རིགས་ངོ་བོ་བོར་བརླགས་གཏོང་མཁན་གྱི་ཉེས་ཅན་པ་ཞིག་ཆགས་རྒྱུ་རེད།
ཕྲན་གྱི་བསམ་པར་བོད་མི་ངོ་རེས་ཉིན་ལྟར་ཉུང་མཐར་སྐར་མ་བཅོ་ལྔ་ཙམ་་གྱི་དུས་ཚོད་བཏང་ན་ཡང་ཁྱད་པར་ཆེན་པོ་ཞིག་བཟོ་ཐུབ་ཀྱི་རེད་བསམས་ཀྱི་འདུག ཅེས་སོགས་བྲིས་འདུག
མཇུག་ཏུ། རྒྱལ་སྲས་ལག་ལེན་སོ་བདུན་མའི་ལྗགས་ལུང་། དད་ལྡན་དག་ལ་ཕྱག་དབང་དང་སྒེར་མཇལ། རྟེན་གསུམ་ཁག་ཅིག་ལ་རབ་གནས་བཅས་རྒན་དར་གཞོན་གསུམ་གྱི་ལྟོས་བཅས་དག་གི་གང་ལ་གང་འདོད་ཀྱི་རེ་བ་སྐོང་གནང་མཐར། ཚོགས་ཞུགས་པ་དག་གི་གུས་བརྩེའི་རྣམ་འགྱུར་འབྲལ་མི་ཕོད་པའི་ཕེབས་སྐྱེལ་འོག་སིད་ནི་མགྲོན་ཁང་དུ་ཆིབས་བསྒྱུར་གནང་།
ད་དུང་ཁོང་ལ་དད་ལྡན་དག་གིས་ཕུལ་བའི་མཇལ་དར་འབུལ་མཚོན་ཆུང་ཆུང་དེ་དག་ཀྱང་ཕྱིར་གནང་བར་མ་ཟད། གོ་སྒྲིག་ཚོགས་ཆུང་གིས་ཐུགས་རྗེ་ལེགས་འབུལ་གྱི་དོད་དུ་པོ་ཏ་ལའི་རི་མོ་ཡོད་པའི་གོས་ཐང་ཆུང་ཞིག་ཕུལ་བ་ཡང་། མ་འོངས་པར་ཁྱེད་ཚོར་ཐུན་མོང་གི་ཆོས་ཚོགས་ལྟ་བུ་ཞིག་ཡོད་ན་དེའི་ནང་དུ་ཞོགས་ཞེས་གསུང་ནས་ཕྱིར་གནང་།
༡༢༽ནེའུ་ཁ་སོལ་གྱི་རིག་པ་ཆོས་ཚོགས་སུ།
ཚེས་༢༩ཕྱི་དྲོ། རང་ཉིད་སྡོད་ཡུལ་སིད་ནི་ནས་ཐོག་མར་འགྲུལ་འཁོར་དང་། དེ་ནས་འགྲུལ་འཁོར་དུ་བསྡད་དེ་སོང་ན་ཆུ་ཚོད་གསུམ་ཙམ་དགོས་པའི་གྲོང་ཁྱེར་གཞན་པ་ནིའུ་ཁ་སོལ་(Newcastle)ཞེས་པའི་གྲོང་ཁྱེར་དུ། ཨོ་གླིང་གི་ནིའུ་ཁ་སོལ་རིག་པ་ཆོས་ཚོགས་སུ་མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་མཉན་སར་ཆེད་དུ་ཕྱིན།
ཆོས་ཚོགས་གཞི་རྒྱ་ཆེ་ཡང་ནང་དང་བར་ཁྱིམ་ཧྲིལ་པོ་མིས་ཁེངས་འདུག ས་ཁུལ་དེར་བོད་པ་སུམ་ཅུ་ཙམ་ཞིག་ཡོད་འདུག་པ་དག་ཀྱང་བརྒྱ་ཆ་དགུ་ཅུ་སླེབས་འདུག དྲི་བ་ཡང་མང་ཆེ་བ་ཁོང་ཚོས་དྲིས་སོང་། ཟུར་དུ་བཀའ་སློབ་ཞུ་བ་དང་། ཚོགས་སར་ཡང་ཚང་མས་བོད་ཆས་གྱོན་དེ་གུས་ཞབས་དང་དད་དུང་ཆེན་པོས་བཅར་འདུག དེ་དག་ཚང་མས་ཁོང་ནི་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་ལ་བཀའ་དྲིན་ཧ་ཅང་ཆེ་བ་ཞིག་ཡིན་པའི་ངོས་འཛིན་གཅིག་གྱུར་གྱིས་ཡོང་འདུག་སྙམ་པ་བྱུང་། རིག་པ་ཆོས་ཚོགས་ནི་ས་གནས་ཨོ་གླིང་པ་ཡིན་པའི་མགོ་སེར་དག་གིས་གཉེར་སྐྱོང་བྱེད་པའི་གསོད་རྒྱལ་རིན་པོ་ཆེའི་ཆོས་ཚོགས་ཡིན་ན་ཡང་། ས་གནས་དེའི་བོད་པ་དག་དང་མཐུན་ལམ་ཆེ་བར་མ་ཟད། བོད་པ་དག་གི་བདུན་རེའི་གཟའ་ལྷག་པ་འཆར་ཅན་གྱི་ཞལ་འདོན་འདུ་འཛོམས་འཚོགས་ཡུལ་ཡང་རེད་འདུག ད་དུང་བོད་མི་གསར་པ་འདྲ་བསླེབས་སྐབས་ཆོས་ཚོགས་ཀྱི་ངོས་ནས་རོགས་པ་གང་ཐུབ་བྱེད་ཀྱི་ཡོད་ཟེར།
ཆོས་ཚོགས་ཀྱི་སྒོ་ནས་ཡར་འཛུལ་སའི་ཚོམས་ཆེ་བ་དེར་སྐུ་དང་ཐང་ཀ་མང་པོ་མེད་པར་རྒྱབ་ངོས་གྱང་ཡོལ་དམར་པོ་ལ་རྡོར་གདན་བྱང་བྱང་ཆུབ་ཆེན་པོའི་སྐུ་བཞིན་བཞེངས་པའི་སངས་རྒྱས་ཀྱི་སྐུ་བརྙན་མི་ཚད་ཆེ་བ་ཙམ་ཞིག་དང་། མདུན་དེར་སྒོམ་སྟན་གོར་བུ་དག་བསྒྲིགས་འདུག ནང་ལོགས་ཀྱི་ཚོམས་གཉིས་པ་སློབ་མ་རྙིང་པ་དག་གིས་སྒོམ་སྒྲུབ་བྱ་ཡུལ་དངོས་རེད་ཟེར། དེར་བོད་ཀྱི་བླ་མ་དག་གི་སྐུ་པར་དང་གསེར་སྐུ་ཐང་ཀ་སོགས་བཤམ་འདུག
ཁོང་ཚོའི་ཟེར་ན། སྤྱིར་བཏང་གི་སློབ་མ་གསར་པ་དེ་ཚོར་ལྷ་དང་བླ་མ་མང་པོ་མགོ་རྙོགས་ཚ་བོ་དེ་འདྲ་བསྟན་ན་མགོ་འཁྲུགས་རྐྱེན་བྱེད་ཀྱི་འདུག དེ་བས་ཧ་ཅང་སྟབས་བདེ་ལ་དང་བ་འདྲེན་བསླ་བའི་བཤམས་བཀོད་དེ་བཞིན་གོ་སྒྲིག་གནང་བ་ཡིན་ཟེར། ཡིད་ལ་ཧ་ཅང་འཐད་པོ་བྱུང་།
མཁན་རིན་པོ་ཆེས་ཀྱང་དེར་ཡོད་བོད་པ་དག་དང་ཆོས་ཚོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པར་དམིགས་བསལ་གྱིས་བསྔགས་བརྗོད་གནང་། སྤྱིར་ཐེག་ཆེན་དང་དགོས་གསང་སྔགས། ཁྱད་པར་རྫོགས་ཆེན་ཉམས་ལེན་བྱེད་མཁན་ལ་དད་པ་ལས་གལ་ཆེ་བ་མེད་པ་ནན་གསུང་གནང་བྱུང་།
༡༣༽ དྲུང་པའི་སློབ་མ་ཞིག་གི་གཏམ་རྒྱུད།
དེ་ཡང་ཁོང་གིས།
ང་ཨ་རི་ནས་ཟུར་མང་དྲུང་པ་རིན་པོ་ཆེའི་སློབ་མ་མང་པོར་མཇལ། དེའི་ནང་གི་མང་པོ་ཞིག་ད་ལྟ་ཧ་ཅང་དགྲེས་པོར་གྱུར་ཡོད། ཁོང་ཚོས་ཟེར་ན། དུས་རྒྱུན་ཁོང་ཚོ་མཉམ་དུ་འཛོམ་ནས་རྩ་བའི་བླ་མ་ཟུར་མང་དྲུང་པ་རིན་པོ་ཆེའི་སྐོར་གླེང་སྐབས་དང་པོ་དགོད་བཞིན་སྐད་ཆའི་མགོ་རྩོམ་ཞིང་། དེ་ནས་ངུ་བཞིན་སྐད་ཆའི་མཇུག་བསྡུ་བ་ཡོང་གི་ཡོད་ཟེར། ཁྱད་པར་ལོ་བརྒྱད་ཅུ་ཡིན་པའི་དགྲེས་སོང་ཞིག་གིས། ང་ལོ་ཉུང་ཡིན་དུས་ནང་ནས་ལས་ཀར་འགྲོ་སའི་ལམ་བུའི་ཐོག་ནས་ལས་ཀར་འགྲོ་སྐབས་མཚམས་མཚམས་དྲུང་པ་རིན་པོ་ཆེས་རྒྱབ་ལོགས་ནས་རླངས་འཁོར་སྐོར་ནས་ཕེབས་པ་དང་ཐུག་གི་ཡོད། རིན་པོ་ཆེས་རླངས་འཁོར་གྱི་སྒེའུ་ཁུང་ལས་ཕྱག་གཡུག་གཡུག་གནང་ནས་ང་ལ་ཁམས་བདེ་འདྲི་གིན་ཡོད། ད་ལྟ་ལོ་དེ་ཙམ་མང་པོ་ཕྱིན་ཟིན་ཅིང་། བླ་མའང་མི་བཞུགས་མོད། དུས་རྒྱུན་བླ་མ་དྲན་པའི་སྐབས་དང་། སེམས་ལ་སྡུག་བསྔལ་ཡོང་བའི་སྐབས་ལམ་ཁ་དེར་སོང་ནས་རྒྱབ་ཕྱོགས་ནས་དྲུང་པ་རིན་པོ་ཆེའི་རླངས་འཁོར་སྐོར་གྱིན་མདུན་དུ་ཡོང་བཞིན་པ་དང་། ཕྱག་གཡུག་གཡུག་གནང་བཞིན་སྐད་ལན་གནང་གི་ཡོད་པ་སེམས་ལ་བླངས་པ་དང་སྐྱོ་སྣང་དང་སྡུག་བསྔལ་ཚང་མ་བརྗེད་འགྲོ་བ་ཞིག་ཡོང་གི་འདུག ཅེས་བཤད་སོང་གསུངས།
དེ་ལས་འཕྲོས་ཏེ་བླ་སློབ་བར་གྱི་དམ་ཚིག་དང་བརྩེ་དུང་གི་གལ་ཆེའི་རང་བཞིན་སོགས་ཧ་ཅང་ཡིད་ལ་འཇེབས་པ་ཞིག་གསུངས་གནང་སོང་།
༡༤༽ ནང་གི་ཆུ་ཡང་མཐོང་ལ་ཕྱིའི་ཤེལ་ཡང་མཐོང་བ།
མཇུག་ཏུ་བོད་པ་ཞིག་གིས། ངས་རྟག་པར་སྟོང་ཉིད་སྙིང་རྗེའི་དམིགས་རྣམ་བྱེད་བསམ་ན་ཡང་། སྟོང་བ་སེམས་བཟུང་ན་སྙིང་རྗེ་བརྗེད་འགྲོ་བ་དང་། སྙིང་བརྗེ་ལ་སེམས་གཏད་ན་སྟོང་བ་བརྗེད་འགྲོ་གིན་འདུག དེ་གང་དྲགས་ཞུས་པར་ལན་དུ། སྤྱིར་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་རེད། དོན་ལ་ཟུང་འཇུག་ཏུ་སྒོམ་དགོས་པ་རེད། འོན་ཀྱང་ལས་དང་པོ་བའི་སྐབས་སུ་ཡོང་གི་མ་རེད། ཆོས་ཐམས་ཅད་སྟོང་པ་ཡིན་སྙམ་པའི་སྒྱུ་མ་ལྟ་བུའི་བློ་དང་། སེམས་ཅན་སྡུག་བསྔལ་ཅན་དག་གི་སྡུག་བསྔལ་ལ་བསམ་བློ་བཏང་ནས་སྙིང་རྗེ་བསྒོམ་པ་གཉིས་རེས་འཇོག་བྱས་ནས་བསྒོམ་དགོས།
དེ་ནས་ག་ལེར། སྙིང་རྗེའི་རྟོག་པ་དེ་ཡོད་བཞིན་དུ་ཡང་དེའི་ངོ་བོ་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་པའི་བློའི་མྱོང་བ་ཞིག་རྒྱུན་སྐྱོང་ཐུབ་པ་དང་། ཉམས་མྱོང་དེ་ཡོད་བཞིན་པའི་ཐོག་ནས་སེམས་ཅན་གཞན་གྱི་སྡུག་བསྔལ་ལ་དམིགས་པའི་སྙིང་རྗེའི་རྟོག་པ་དེ་སྐྱེ་ཐུབ་པ་ཞིག་ཡོང་གི་རེད་ཅེས་གསུང་གིན་མདུན་ཅོག་ཐོག་གི་ཤེལ་ཕོར་ཕྱག་ཏུ་བཞེས་ནས། དཔེར་ན། ཤེལ་ཕོར་འདིས་ཕྱི་ནས་ནང་དུ་ལྟ་སྐབས་ནང་གི་ཆུ་ཡང་མཐོང་། ཕྱིའི་ཤེལ་ཕོར་ཡང་མཐོང་ཐུབ་པ་ནང་བཞིན་དེ་གཉིས་གཅིག་ཆར་དུ་སེམས་ཀྱི་སྟེང་དུ་ཡོང་ཐུབ་པའི་ཉམས་མྱོང་ཞིག་ཉི་མ་གཅིག་ལ་ཡོང་གི་རེད། འོན་ཀྱང་དེ་ཡོང་བ་ལ་ཐོག་མར་སོ་སོར་ཕྱེས་ནས་ཡུན་རིང་པོར་བསྒོམས་དགོས་པ་ཧ་ཅང་གལ་ཆེ་ཞེས་གསུངས།
༡༥༽མོལ་པིན་གྱི་མཛད་རིམ་དང་དེ་ལས་གཞན།
སང་ཉིན་ནས་མཁན་རིན་པོ་ཆེ་གྲོང་ཁྱེར་མོལ་པིན་དུ་ཕེབས་རྒྱུ་རེད་འདུག མཁན་རིན་པོ་ཆེས་གྲོང་ཁྱེར་མོལ་པིན་དུ་ཕེབས་རྒྱུ་དང་། སྤྱི་ཚེས་༣༠ནས་སྤྱི་ཟླ་བཞི་པའི་ཚེས་༡བར་ཉིན་གསུམ་གྱི་རིང་། བྱང་ཆུབ་སེམས་ཀྱི་ཕན་ཡོན་དང་། བྱང་ཆུབ་སེམས་ཀྱི་ལམ་ལེན། བྱང་ཆུབ་སེམས་ཀྱི་ལག་ལེན་བཅས་བརྗོད་གཞི་མི་འདྲ་བ་གསུམ་གྱི་ཐོག་ནས་བཀའ་ཆོས་གནང་རྒྱུ་ཡིན་པར་མ་ཟད། དེ་རྗེས་མུ་མཐུད་ཨ་རི་སོགས་ཀྱི་མཛད་འཕྲིན་སྐྱོང་རྒྱུ་རེད་འདུག
༡༦༽ ནེའུ་ཁ་སལ་གྱི་བོད་པ་དང་ཐུག་པ།
མདང་ནུབ་རང་ཉིད་རིག་པ་ཆོས་ཚོགས་ཀྱི་ངོས་ནས་ས་གནས་བོད་པ་ཞིག་གི་ནང་དུ་གོ་སྒྲིག་བྱས་འདུག་པ་ལྟར་དེར་བསྡད།ཕྱི་ཉིན་ཞོགས་པ་གནས་ཚང་གི་བདག་པོས་རླངས་འཁོར་བསྐོར་ཐོག ཕ་ཡུལ་གཅིག་པ་དང་གནས་ཚང་ཡིན་པའི་གྲོགས་པོ་དཀོན་མཆོག་རིག་བཟང་བཅས་ངེད་གསུམ་སྔ་དྲོ་ས་ཆ་དེའི་ཉེ་འཁོར་གྱི་ས་ཆ་ཁག་ཅིག་ལ་ལྟད་མོ་བལྟས། ཁ་བརྡ་འདྲ་ཀློད།
ལམ་འགྲམ་ནས་དར་ཅོག་བསླངས་པའི་བོད་པའི་མི་ཚང་གི་ཁང་པ་དང་། ཁྱད་པར་བོད་པ་འདིར་སླེབས་ནས་དུས་ཚོད་རིང་པོ་རང་མིན་པ་ཞིག་གིས་ཁོ་རང་གིས་ཟ་ཁང་ཡག་པོ་ཞིག་ཟིན་ཐུབ་འདུག་པར་ཉིན་གུང་ཁ་ལག་ཟ་སར་མགྲོན་འབོད་བྱས་པ་ལྟར་ཉིན་གུང་ཟ་མ་དེ་ནས་ཟོས། ལམ་བར་ནས་བོད་པ་གཞན་ཞིག་གིས་གཉེར་བ་རེད་ཟེར་བའི་མོག་མོག་ཅེས་པའི་ཟ་ཁང་ཆེན་པོ་ཞིག་ཀྱང་འདུག་སྟེ། དུས་ཚོད་ཀྱི་དབང་གིས་ནང་དུ་ནི་མ་འཛུལ། གཞན་རྒྱ་མཚོའི་ངོགས་ལ་ཁ་ཕྱོགས་ཏེ། ལན་ཀན་ལ་ཁེན་བཞིན། སློབ་དཔོན་དཔའ་བོས་སྙན་ངག་ཚིགས་བཅད།
དེ་ནས་ཨན་ཏ་སྙིལ་གྱི་འོད་ལྟར་སྔོ། །
ཉི་མའི་འོད་ཀྱིས་གནམ་སྔོན་བཞུ་བ་བཞིན། །
ཁོ་ར་ཁོར་ཡུག་ཆུ་འགྲམ་ལྟར་མི་མཐོང་། །
གཏིང་དཔག་དཀའ་བའི་མཚོ་འཇིངས་ནང་དུ་ཞུགས། །
ཞེས་པའི་ཚིག་དེ་ཡང་ངག་ནས་ཀྱང་གྱེར། ད་དུང་བོད་པ་དེ་དག་གིས་སོ་སོའི་ཕྲུ་གུ་དག་ལ་བཟའ་ཉི་མའི་བོད་ཡིག་གི་སློབ་ཁྲིད་སོགས་ཀྱང་ཚགས་ཚུད་པོས་གཉེར་བཞིན་ཡོད་ཟེར། གྲོགས་པོ་གཞན་པ་འགའ་ཞིག་ལའང་ཐུབ་ཙམ་བྱས། ཁོང་ཚོ་དང་མཉམ་འགྲོ་མཉམ་འདུག་བྱས་པའི་ཉིན་མཚན་གཉིས་མ་ཟིན་ཙམ་གྱི་དུས་ཚོད་དེ་ཧ་ཅང་སྤྲོ་སྣང་ལྡན་པ་དང་། སེམས་ཤུགས་འཕེལ་གཞི་ཞིག་བྱུང་།
༡༧༽ མཇུག་བྱང་།
ཐེངས་འདིར་མཁན་རིན་པོ་ཆེ་ཐེངས་དང་པོར་སིད་ནི་ནས་མཇལ་བའི་དགོང་མོ་ལམ་ཁ་ནས་བྲིས་པའི་རྩོམ་ཡིག་ཚིགས་བཅད་གཅིག་གིས་གླེང་རྩོམ་འདི་མཇུག་བསྡུ་བར་བྱ་སྟེ།
སྔོན་བསགས་སྟོབས་ཀྱིས་ངེས་མེད་ས་མཐར་གྱལ་གྱུར་ཀྱང་། །
སྨོན་ལམ་སྟོབས་ཀྱིས་དམ་པའི་སྐྱེ་བོར་ཡང་ཡང་འཕྲད། །
ལས་འཕྲོའི་སྟོབས་ཀྱིས་དགེ་བའི་བསམ་པ་བག་རེ་སད། །
ཨེ་མ་བསོད་ནམས་གང་ཡིན་སེམས་ཀྱིས་ཚོར་བར་གྱུར། །
སྤྱི་ལོ་༢༠༡༦ཟླ་༤ ཚེས་༥ཉིན། རྫ་ཚེ་རིང་བཀྲ་ཤིས་ཀྱིས་དཔལ་གྱི་ཡོན་ཏན་སྣ་ཚོགས་པས་རྒྱན་པའི་ཨོ་གླིང་གི་གྲོང་ཁྱེར་ཆེན་པོ་སིད་ནི་ཡི་ཁུལ་དུ་གཏོགས་པའི་རང་གི་སྡོད་ཁང་ནས་གྲུབ་པར་བགྱིས།
རྒྱ་འོག་བོད་མི་རྣམས་ལ། །
རང་དབང་གཏན་དུ་བྲལ་ཡང་། །
སྒེར་གཅོད་མཁན་པོ་ཚུལ་བློར། །
རྒྱ་མིའི་གནོན་ཤུགས་མེད་དོ། །
གཞིས་བཞུགས་བོད་མི་རྣམས་ལ། །
ཕྱི་བསྐྱོད་ལག་འཁྱེར་མེད་ཀྱང་། །
སྒེར་གཅོད་རྒྱ་བླ་ཚུལ་བློར། །
རྒྱ་དམར་གཞུང་གིས་བསྐྱོར་ཡོད། །
གདན་ཞུ་ཕྱི་སྡོད་རྒྱ་རིགས། །
རྒྱ་དམར་གཞུང་གི་ལས་བྱེད། །
རྒྱ་གཞུང་ལས་དོན་འགྲུབ་ཕྱིར། །
ཚུལ་བློ་ཕྱི་ལ་བསྐྱོད་ཡོད། །
མཁྱེན་ནོ། །
ང་ལ་མཚོན་ན་ཁོང་ལ་གུས་བརྩི་ཡོད། གང་ཡིན་ཟེར་ན་མཁན་ཆེན་ཡི་བཞིན་ནོར་བུར་དད་པ་རྩེ་གཅིག་ཏུ་ཡོད་པ་སོགས་རྒྱུ་མཚན་མང་མོད་བཤད་དགོས་པ་མི་འདུག འོན་ཀྱང་ཤོག་ཆག་དང་འབུལ་བ་གང་ཡང་བཞེས་ཀྱིན་མེད་ཅེས་ཁྱབ་བསྒྲགས་བྱེད་པ་ནི་ཆབ་སྲིད་འཁྲབ་སྟངས་འདྲ་པོ་འདུག ཤོག་ཆག་ལ་རྔམས་མཁན་དང་མི་དགོས་ཟེར་བའི་ཁྱབ་བསྒྲགས་བྱེད་མཁན་གཉིས་ཀ་་འཇིག་རྟེན་ཆོས་བརྒྱད་ཀྱི་ཁོངས་སུ་གཏོགས། དེ་ཁོང་གི་ཇུས་ཡིན་ངེས་རེད། མ་གཞི་ནི་ཤོག་ཆག་དང་འབུལ་བ་བཞེས་ཀྱིན་མེད་ན་་་འཛམ་གླིང་བསྐོར་བསྐྱོད་ཀྱི་འགྲོ་གྲོན་གང་ནས་བྱུང་། རིན་མེད་ཡིན་ནམ། མགོ་ལོག་གསེར་རྟའི་ས་རྡོ་ཚང་མ་དངུལ་ཡིན་ནམ། རྫ་ཚེ་ལ་་ཁ་མཚར་ཡིན། དགོངས་དག
དིང་སང། བླ་མ་འཕུར་ནས་འགྲོ་མཁན་དེ་འདྲ་ཡོད་པ་འདྲ། འབུལ་བ་མ་ལེན་ནས། གནམ་གྲུའི་གླ་ཆ་སྤྲོད་མི་དགོས་པར། ཨ་རིར་ཕེབས་ཐུབ་མཁན་དེ་འདྲ་ཡ་མཚན་ཅིག་ནི་རེད་གདའ།།
བསྟན་པའི་མཛེས་རྒྱན་དུ་འོས་པའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་རྗེས་སུ་ཡི་རངས་བཞུ་རྒྱུ་མེད་པ་མ་ཟད་ཕྲག་དོག་གི་ངུ་ཟུག་འདོན་དགོས་དོན་ཅི།་ ངོ་མ་གོང་གི་མཆན་གསུམ་པོ་དེ་གད་སྙིག་ནང་དུ་བླུག་རྒྱུ་རང།
ནང་བསྟན་གྱི་མཛེས་རྒྱན་དུ་ཡོད་ན་ཡག་པོ་རེད།
དོན་དངོས་མ་ནི། བོད་ནང་ལ་ཆོས་ལུགས་དད་པའི་རང་དབང་མི་འདུག་ཟེར་མཁན་གྱི་ཕྱི་གླིང་བ་དང་། བཙན་བྱོལ་གྱི་བོད་བླ་དང་བོད་མིར། ཁ་ལྕག་དང་མགོ་ལྕག་བྱེད་སྤྱད་དུ་རྒྱལ་ཁབ་སོ་སོར། བོད་མི་ཚོ་ལ་ཆོས་ལུགས་དད་པའི་རང་དཔང་ཡོད་པ་འདི་ཡིན་ཟེར་སྤྱད་ཀྱི་དགྱ་ནག་ཆབ་སྲིད་པའི་ལག་ཆ་ལ་གྱུར་སོང་བ་ནི། བོད་ནང་གི་གནས་སྟངས་ལ་བསམ་ན། དག་དག་ཞིག་བསྡད་ཡོད་པ་མ་རེད།
སྒལ་ཚུགས་མེད་པ་ཞིག་མིན་ན་ཡང་། རང་ཚུགས་མེད་པ་ཞིག་ཡིན་པ་ནི་ཡིན་ཐག་ཆོད་རེད་འདོད།
ད་མང་པོ་མི་བཤད། སྐུ་ཚེ་རིང་།
དེང་གི་དུས་འདི་མཁས་བཙུན་བཟང་གསུམ་མཛོམས་པའི་སྐྱེས་མཆོག་ཁོང་ལྟར་བུ་ཞིག་གང་དུ་ཡང་དཀོན་པོ་རེད། ཁོང་གི་མཛད་འཕྲིན་ལ་རྗེས་སུ་ཡིད་རངས་ཞུ།
༸གོང་ས་མཆོག་གིས།
https://www.facebook.com/fan.page.of.dr.lobsangsangay/videos/966771973416358/
བསྟན་པའི་མཛེས་རྒྱན་དུ་སོང་བའི་མཁན་ཆེན་ཚུལ་ཁྲིམས་ཀྱི་བློ་གྲོས་ཀྱི་མཛད་པ་ལ་རྒྱ་ནག་ཆབ་སྲིད་པའི་ལག་ཆ་རུ་གྱུར་སོང་བ་དང། རང་ཚུགས་མེད་པར་འདོད་པའི་གཏམ་འཆལ་དེ་ཚོ་གཞི་མེད་སྐྱོན་བརྗོད་ཁོ་ན་སྟེ། ཅ་ཅོ་མང་པོ་མི་དགོས་པར་གསེར་རྟ་བླ་རུང་སྒར་དུ་ཡོད་པའི་རིས་མེད་ཆོས་ལུགས་ཡོངས་དང། ལྷག་པར་དུ་བོན་པོ་སློབ་གཉེར་བ་རྣམས་ལ་དྲིས་དང་མཁན་ཆེན་གི་མཛད་ཕྲིན་དེ་ཚོ་ཆབ་སྲིད་ཀྱི་ལག་ཆ་རུ་གྱུར་ཡོད་མེད་དང། ཁོང་ལ་རང་ཚུགས་ཡོད་མེད་དེ་ད་བཟོད་ཤེས་ཡོང། དོན་ངོ་མར་ཁོང་གིས་མཛད་ཕྲིན་དེ་ཚོས་བསྟན་པའི་མཛེས་རྒྱན་དུ་སོང་བ་མ་ཟད། རྒྱ་བོད་མཐུན་སྦྲིལ་གྱི་ཞི་བདེའི་ཟམ་མཆོག་འཛུག་མཁན་ཡང་རེད། ཡང་ནང་པའི་ཆོས་དང་བླ་མ། ཁྱད་པར་དུ་རྙིང་མའི་ཆོས་དང་བླ་མ་ལ་སྡང་ཞིང་ཕྲག་དོག་ཅན་གྱི་རིགས་ཅན་ལ་ནི་ཁུངས་ལུང་འགྲོ་ས་མེད་དུས་བཤད་རྒྱུ་དགོས་པ་ཆུང། གང་ལྟར་མཁྲིད་ནད་ཅན་གྱི་གང་ཟག་ཞིག་གིས་འབད་བརྩོལ་ཇི་ལྟར་བྱས་ཀྱང་གངས་རི་དཀར་པོ་དེ་སེར་པོ་འགྱུར་ཐུབ་མི་ཡོང་ཞུ་རྒྱུ་ཡིན།
ང་ཁ་བརྡའི་ནང་གི་རྩོམ་པ་པོ་དང་ཀློག་པ་པོ་མཆན་འབྲི་མཁན་རྙིང་ཤོས་ཤིག་ཡིན།
སྐབས་དེའི་གྲོགས་པོ་ཀླུ་སྨོན་སོགས་ནི་གདུལ་བྱ་རྒྱས་ནས་དྲ་ལམ་ལ་ཉུལ་ཁོམ་ཆེར་མེད་པ་འདྲ། ལ་དྭགས་པ་ནི་ཡོད་ཀྱང་ཤིན་ཏུ་རྒས། ད་ཆ་ཆ་མང་པོ་ཞིག་ནི་ཡོང་མཁན་མེད། ཡོད་པ་དག་ཀྱང་གསར་པ་འདྲ་ཡིན་ས་རེད།
ངས་ནི་ད་དུང་ཡང་དྲ་གྲོགས་ཚོར་ལྷག་བསམ་རྣམ་དག་གིས་རྩོམ་ཡིག་རེ་འབྲི་ཨེ་ཐུབ་ལྟ་གིན་ཡོད།
འོན་ཀྱང་། ཁྱེད་རྣམ་པའི་མཆན་བུའི་སྤུས་ཀས་སེམས་ཤུགས་ཆག་གྲབ་བྱེད་པ་འདུག དྲ་ཐོག་ལ་སྐད་ཆ་བཤད་པ་ཚང་མ་འདི་འདྲའི་གསེག་ལ་ཤོར་བ་རྐྱང་རྐྱང་ཡིན་དགོས་པ་འདི་ག་རེ་ཡིན་ནམ། ཧཧཧ་བླ་མ་མཁྱེན།
༄༅། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནས་གསུངས་པ་རྣམས་ལ་དཔྱད་ཞིབ་ཞིག་ངེས་པར་
གནང་དགོས་པ་ལས་ལམ་སེང་བདེན་པར་འཛིན་མི་ཐུབ།
ཁ་ཤས་ནས་དངོས་གནས་ཡག་པོ་གསུངས་སོང་དང། ཡང་ཁ་ཤས་ནས་བོད་ནང་ལ་ཡོད་པའི་
བོད་པ་ཚོར་་་རྒྱ་གཞུང་ནས་ཕྱི་བསྐྱོད་ལག་འཁྱེར་རྩ་བ་ནས་སྤྲད་ཀྱི་མེད་པས་མཁན་པོ་ལ་ལག་
འཁྱེར་ག་རེ་བྱེད་དེ་སྤྲད་པ་རེད།
གཉིས་པ་མཁན་པོ་མཆོག་གི་གནམ་གྲུའི་གླ་ཆ་སུས་སྤྲད་པ་རེད།
གསུམ་པ་ཕྱི་སྡོད་བོད་མིར་དང་པོ་འབྲེལ་བ་སུ་སང་སུས་ལ་གནང་བ་རེད།
གསུམ་པ་མང་པོ་བཤད་དགོས་མེད་པར་་་་བླ་རུང་སྒར་གྱི་སྐོར་ལ་མཁན་པོས་གང་དང་གང་
གསུངས་འདུག་འདིར་འབྲི་རོགས་གནང་དང།
་་་་་་་་་ ངས་ནི་ད་དུང་ཡང་དྲ་གྲོགས་ཚོར་ལྷག་བསམ་རྣམ་དག་གིས་རྩོམ་ཡིག་རེ་འབྲི་ཨེ་ཐུབ་ལྟ་གིན་ཡོད།
འོན་ཀྱང་། ཁྱེད་རྣམ་པའི་མཆན་བུའི་སྤུས་ཀས་སེམས་ཤུགས་ཆག་གྲབ་བྱེད་པ་འདུག ་་་་་་་་ ཟེར།