ཨ་ནུ་ཐང་བསོད་ནམས།
ཨོ་བྷ་མ་སྲིད་འཛིན་ལ་དང་པོ་ལངས་སྐབས་ཁོང་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཚེ། ཁོས་ཨ་རིའི་དམག་མཚམས་བཞག་ཅིང་། དམག་འཁྲུག་གི་འགྲོ་གྲོན་དེ་དག་ཨ་རིའི་མི་མང་གི་འཚོ་བར་བཏང་ཏེ་དཔལ་འབྱོར་ཉམས་གསོ་བྱེད་རྒྱུ་ཁས་ལེན་བྱས་རྐྱེན། ཁོང་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད། སྲིད་འཛིན་ཐོབ་དགོས་དོན་ཡང་ཨེ་རག་དང་ཨབ་རྒན་གྱི་དམག་འཁྲུག་ནང་ཨ་དམག་གིས་ལས་སླ་བོར་རྒྱལ་ཁ་མ་ཐོབ་ཅིང་། རྒྱལ་ཁའི་གྲུབ་འབྲས་སྒུག་བྱེད་ཡུན་རིང་དྲགས་པ་མ་ཟད། ཨ་མི་མང་པོས་དམག་འཁྲུག་ལས་རྒྱལ་ཁ་མེད་པ་ཚོར་ནས་ཨ་ཐང་ཆད་པའི་སྟེང་། གཉིས་སྟོང་བརྒྱད་ལོར་ཨ་རི་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད། གནས་ཚུལ་དེ་དམག་འཁྲུག་ལ་མི་དགའ་མཁན་གྱི་ཨ་རི་བ་ཚོར་མི་སེམས་འགུག་པའི་རྒྱུ་མཚན་དང་བདེན་དཔང་དུ་གྱུར་ཅིང་། མི་མང་གིས་ཁོང་ཚོར་རྒྱབ་སྐྱོར་ཐོབ་པས་དམག་འཁྲུག་མཚམས་འཇོག་བྱེད་ཆེད། བྱེད་མཁན་གྱི་སྲིད་འཛིན་ཨོ་བྷ་མ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་རེད།
ཨོ་བྟ་མ་སྲིད་འཛིན་ལ་བསྡད་པ་དང་མཉམ་དུ་ཨེ་རག་གི་དམག་འཁྲུག་མཇུག་སྒྲིལ་རྒྱུ་ཐག་གཅོད་བྱས་པ་མ་ཟད། ཨབ་རྒན་དམག་འཁྲུག་ཀྱང་༢༠༡༤ ལོའི་ལོ་མཇུག་ཏུ་མཇུག་སྒྲིལ་བྱེད་རྒྱུ་ཁས་ལེན་བྱས། འོན་ཀྱང་། ཨབ་རྒན་གྱི་དམག་འཁྲུག་ནི་ཁོའི་བསམ་པ་བཞིན་མཇུག་སྒྲིལ་ཆོག་ཆོག་ཅིག་མིན་པས་དུས་ཆད་བཞིན་ནུས་པ་ཐོན་དཀའ་ཞིང་ཐོན་སླད་དུ། ཨ་རིིའི་དཔུང་དམག་ཁ་སྣོན་དུ་མི་གཏོང་ཐབས་མེད་བྱུང་བ་མ་ཟད། ཨབ་རྒན་གཞུང་ལའང་༢༠༡༤ ལོ་མཇུག་གི་དུས་ཡུན་རྫོགས་རྗེས་སུ་ཡུལ་དེའི་ནང་ནེ་གྲོའི་དཔུང་དམག་ཁག་ཅིག་སྡོད་འཐུས་ཆོག་པའི་རེ་བ་མི་ཞུ་ཐབས་མེད་བྱུང་།
༢༠༠༩ ལོར་ཨོ་བྷ་མ་སྲིད་འཛིན་ལ་བསྡད་ནས་ཟླ་གསུམ་གྱི་རྗེས་སུ་འཛམ་གླིང་དུ་དུག་རླངས་མཚོན་ཆ་མེད་པ་བཟོ་རྒྱུ། ཆེ་ཁིའི་རྒྱལ་ས་ཕ་རལ་རྒི་རུ་གསལ་བསྒྲགས་བྱས་ཤིང་། དེ་ལྟར་ཡོང་ངེས་ཡིན་ཞིང་། ཡོང་ཡ་ཡོད་པ་ཁོང་གི་ཁྱིམ་ཚང་ལ་མཚོན་ན་ཁོང་སྲིད་འཛིན་ལ་ཆགས་པ་བཞིན་རེད་ཅེས་བརྗོད་ཡོད། དུག་མཚོན་ཉུང་དུ་གཏོང་ཐབས་སུ་ར་ཤི་ཡའི་སྲིད་འཛིན་པོ་དྲིན་དང་མཉམ་དུ་ཚོང་ཞིག་བརྒྱབས་ཡོད། ཚོང་དེའི་ནང་སྲིད་འཛིན་བྷོ་ཤི་ཡིས་ལོ་མང་དཀའ་ལས་བརྒྱབས་པའི་ཨུ་རི་སུའི་དུག་རླངས་འཕུར་མདའ་འགོག་སྲུང་གི་མཚོན་ཆ་ཆེ་ཁིའི་རྒྱལ་ཁབ་ནང་འཛུགས་འཆར་བྱས་པ་བརྩིས་མེད་བཏང་ཞིང་། ཨ་ཨུ་གཉིས་ཀྱིས་ཆེ་ཁིའི་རྒྱལ་ས་ཕ་རལ་རྒི་རུ་དུག་མཚོན་ཉུང་འཕྲི་ཡི་གན་རྒྱ་ཞིག་བཞག་ཡོད། སྐབས་དེ་དུས་ནུབ་མི་མང་པོས་ཨོ་བྷ་མས་དུག་མཚོན་མེད་པའི་འཇིག་རྟེན་ཞིག་བསྐྲུན་རྒྱུ་ཡི་སྣེ་ཁྲིད་བྱས་པར་རློམ་ནས་དགའ་བསུ་ཚད་མེད་བྱས་པ་མ་ཟད། ནོར་ཝེ་ཞི་བདེའི་གཟིངས་རྟགས་སྤྲད་པའི་རྒྱུ་རུ་ཆགས་ཡོད། འོན་ཀྱང་། ཉམས་ཞིབ་པ་མང་པོས་བྱ་དགའ་སྤྲད་པ་ནི་ཤྭ་བ་མ་བསད་པའི་སྔོོན་དུ་བཙོང་ས་བཞག་པའི་དཔེ་མཚོན་དུ་བགྲང་ཡོད།
དོན་དངོས་དེ་ནི་ཨོ་བྷ་མ་ཐབས་བྱུས་ཀྱི་ཐོག་ནས་སྲིད་འཛིན་པོ་དྲིན་གྱི་གཡོ་འོག་ཏུ་ཚུད་ཅིང་། དེ་ལྟར་ཡིན་པ་ད་ལྟ་ཡོས་ཁི་རན་གྱི་དམག་འཁྲུག་གི་རྐྱེན་གྱིས་གཞི་ནས་ནུབ་ཕྱོགས་མི་མང་གིས་ཧ་གོ་བཞིན་ཡོད། རྒྱུ་མཚན་ནི། མཚོན་ཆ་འགོག་སྲུང་དེ་ལ་ར་ཤི་ཡས་ངོ་རྒོལ་ཤུགས་ཆེན་བྱེད་ཀྱིན་ཡོད་པ་མ་ཟད། དེ་མི་འཇོག་ཆེད་དུ་པོ་དྲིན་གྱིས་ཐབས་ཤེས་ཡོད་དགུ་སྣ་ཚོགས་བཏང་བའི་བྱས་འབྲས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་ལ། ད་ལྟ་ར་ཤི་ཡ་དང་ནུབ་ཕྱོགས་བར་དམག་འཁྲུག་འདྲ་བྱུང་ཚེ་ཡོ་རོབ་ལ་མཚོན་ཆ་འགོག་སྲུང་བྱེད་པའི་རྟེན་གཞི་འདང་ངེས་མེད་པས་ར་ཤི་ཡ་ལ་ཞེད་སྣང་མི་བྱེད་གཏོལ་མེད་ཆགས་ཤིང་། གལ་སྲིད་ར་དམག་གིས་ཁི་རན་ལ་དཔུང་འཇུག་བྱས་ཀྱང་། ནུབ་ཕྱོགས་པས་དམག་རོགས་བྱེད་པའི་ནུས་པ་མེད་པར་བཏང་ཡོད། ད་ལྟ་དཔལ་འབྱོར་གྱི་ཉམས་རྒུད་འོག་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་དམག་གྲོན་ཉུང་འཕྲི་དང་བྱ་འཆར་ཡོད་པ་དག་ཀྱང་འགྱུར་བ་ཐེབས་སུ་འཇུག་བཞིན་ཡོད།
ཨོ་བྷ་མའི་སྟོང་བསམ་གྱི་སྲིད་བྱུས།
ཐེངས་གཉིས་པར་ཨོ་བྷ་མ་སྲིད་འཛིན་ལ་ལངས་སྐབས་སུ་ཁོ་དང་ཁོའི་ཕྱི་སྲིད་དྲུང་ཆེ་རྗོན་ཁཱ་རེས་གཉིས་ཀྱིས་གཅིག་རྗེས་གཉིས་མཐུད་དུ། སྲིད་འཛིན་འོས་མི་མེ་ཁི་རོ་ནིས་ལ་དམག་རྒྱུད་རིང་ལུགས་པའི་རྙིང་ཞེན་གྱི་བསམ་བློ་ཡོད་ཚུལ་གྱི་སྐྱོན་བརྗོད་བྱས་ཡོད། བྱེད་དགོས་དོན་ཡང་། མེ་ཁི་རོ་ནིས་ཀྱིས་ཨ་རིའི་བདེ་འཇགས་དང་དཔལ་འབྱོར་ལ་ཕུགས་རྒྱང་རིང་པོའི་གནོད་སྐྱོན་གཏོང་མཁན་དང་། ཉེན་ཚབས་བྱེད་མཁན་ནི་རྒྱ་ནག་དང་ར་ཤི་ཡ་གཉིས་ཡིན་ཚུལ་བརྗོད་ཅིང་། ཨ་རིས་རྒྱ་ནག་དང་ཚོང་འབྲེལ་བྱེད་ཡ་ཉུང་དུ་བཏང་ཏེ། དེའི་ཚབ་ཏུ་ལ་དྲན་ཨ་རིའི་རྒྱལ་ཁབ་ཚོ་ལ་ཚོང་འབྲེལ་བྱེད་དགོས་ཚུལ་དང་། ར་ཤི་ཡ་ནི་བདེ་འཇགས་ཐོག་ཨ་རི་ལ་ཉེན་ཁ་ཆེ་ཤོས་དེ་ཡིན་པས་ཐབས་བྱུས་ཀྱི་ཐོག་ནས་གཟབ་དགོས་ཚུལ་བརྗོད་སྐབས། ཨོ་བྷ་མ་དང་ཁཱ་རས་གཉིས་ཀྱིས་རོ་ནིས་ལ་རྙིང་ཞེན་གྱི་བསམ་བློ་ཡོད་ཅིང་། ད་ནི་གྲང་དམག་གི་དུས་རབས་མིན་ཞིང་མཇུག་སྒྲིལ་ཚར་བ་རེད་ཅེས་བརྗོད་སྐབས། ཁོ་གཉིས་ཀྱི་རྗེས་འབྲང་བ་ཨ་རི་བ་མང་པོས་དགའ་བསུ་ཡི་ཐལ་མོ་བརྡེབ་ཅིང་སྐད་སྒྲ་འབྱིན་པ་མ་ཟད། སྐད་སྒྲ་དེ་ནི་སྤྱིར་བཏང་གི་སྐད་སྒྲ་ཞིག་མིན་པ། མེ་ཁི་རོ་ནིས་ནི་རྙིང་ཞེན་དང་གུ་དོག་ཅན་ཞིག་ཁར། དྲག་ཤུགས་ལ་དགའ་མཁན་ཞིག་ཏུ་ངོས་འཛིན་བྱས་པའི་མཐོང་ཆུང་གི་སྐད་སྒྲ་ཞིག་རེད། ད་ལྟ་དངོས་སུ་ར་ཤི་ཡ་ནི་ནུབ་ཕྱོགས་དང་ཨ་རི་ཡི་ཉེན་ཁ་རུ་མཐོང་སྐབས། གོང་གི་སྐད་སྒྲ་དེ་དག་ནི་ཆུ་ཡི་ལྦུ་བ་བཞིན་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད།
གཉིས་སྟོང་ལོ་ཤར་བ་དང་མཉམ་དུ་ཞི་བདེ་དོན་གཉེར་བ་དང་། ཞི་བདེའི་ཚོང་དཔོན་མང་པོ་ཞིག་གིས་ད་ནི་འཇིག་རྟེན་འདིར་དམག་འཁྲུག་གི་དུས་ཡུན་རྫོགས་ཟིན་ཅིང་། ཞི་བ་དང་གྲོས་མོལ་གྱི་དུས་རབས་ཡིན་ཚུལ་གྱི་ཁ་གཡང་བསྒྲགས་ཀྱང་། དོན་དངོས་མི་འདི་མ་ཤི་ན་རྩོད་པར་འཛད་མཐའ་མེད་པ་བཞིན། སྟོོང་ལོ་ཚེས་པ་དང་མཉམ་དུ་ཨེ་རག་ཨབ་རྒན་གྱི་དམག་འཁྲུག ལྷོ་ཨ་མི་རི་ཁའི་དུག་ཚོང་གི་དམག་འཐབ་དང་ཨ་ཧྥུ་ཡི་ཁའི་དྲག་སྤྱོད། དཀྱིལ་ཤར་ཁུལ་གྱི་དམག་འཁྲུག་དང་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་རྩོད་རྙོག འབར་མའི་དྲག་པོའི་དོན་རྐྱེན་དང་སེང་ག་ལས་རྟ་མིན་མི་རིགས་སྡེབ་བསད་བཏང་བའི་བྱ་སྤྱོད། ཐེ་ལན་གྱིས་ཞི་རྒོལ་བར་མེ་མདའ་བརྒྱབ་པའི་གནད་དོན་དང་། ཨེ་གསི་རལ་དང་པ་ལི་སི་ཐན་གྱི་དམག་འཁྲུག རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་དང་ཡོས་ཁི་རན་གྱི་དམག་འཁྲུག་འདི་དག་གིས་འཇིག་རྟེན་འདིར་དམག་འཁྲུག་མེད་པ། ཁྱོད་བདེ་ང་བདེ་ཡིས་རང་གི་ཁེ་ཕན་གཞན་ལ་མི་སྤྲད་པ་གསལ་བོ་རེད།
དེ་ལྟར་ཡོང་དགོས་ན། འཇིག་རྟེན་འདིར་མི་དང་རྒྱལ་ཁབ་ཀུན་གྱི་ཤེས་ཡོན་དང་དཔལ་འབྱོར། དྲག་ཤུགས་ཀྱི་གནས་ཚད་གསུམ་མཐོ་དམན་དེ་ཙམ་མེད་མཁན་ཞིག་ཡོང་དགོས་ཤིང་། དེ་ལྟར་ཡོང་ན་གཅིག་གིས་གཅིག་ལ་སེམས་གཏིང་གི་གུས་བཀུར་དང་རིན་ཐང་སྤྲད་པས། ཕན་ཚུན་གྱི་ཁེ་ཕན་ཆེད་དུ་གྲོས་མོལ་དང་བསམ་ཤེས་གཏོང་ངེས་རེད། དེ་ལྟར་མིན་པ་མཐོ་དམན་ཡོད་ཚད་མཐོ་པོ་ཚོས་དམའ་མོ་ཚོ་ལ་གཅིག་མཚུངས་ཀྱི་རིན་ཐང་སྤྲོད་མི་སྲིད་ཅིང་། དངོས་ཤུགས་བརྒྱུད་གསུམ་ནས་གནས་ཚད་དམའ་མོ་དེ་བེད་སྤྱོད་བཏང་བ་མ་ཟད། ཁོང་ཚོར་ཡོད་པའི་ཁེ་ཕན་དེ་དག་ལ་དམའ་མོ་ཚོར་བགོ་འགྲེམ་བྱེད་དཀའ་ཞིང་། ཁག་ཅིག་གིས་གོ་སྐབས་བྱུང་ན་དབང་ཡོད་དང་བཙན་འཛུལ་བྱེད་ངེས་རེད། ཡིན་ཏེ། དབང་ཡོད་དང་བཙན་འཛུལ་མ་བྱས་པ་ཡིན་ན་ཁོང་ཚོ་སྔར་བཞིན་སྟོོབས་ཆེན་བྱས་ནས་འདུག་སྡོད་དཀའ་བ་མ་ཟད། ཁོང་ཚོས་དཀའ་ལས་ཀྱིས་བསྐྲུན་པའི་བདག་དབང་དང་མངའ་ཐང་། སྟོབས་འབྱོར་དང་ནུས་ཤུགས་དེ་དག་གང་བྱུང་གིས་སྦྱིན་པ་གཏོང་མི་སྲིད། མ་བཏང་བ་ཡིན་ན་སྐྱོ་བོ་ཚོས་ཕྲག་དོག་ཟ་ཁར། བརྙས་བཅོས་མྱོང་བས་འགྲན་སེམས་ཀྱིས་ངོ་རྒོལ་དང་འགོག་རྐྱེན་བཟོ་བས། འཇིག་རྟེན་འདིར་མི་མ་ཚར་བར་དུ་མང་ཉུང་ལ་མ་ལྟོས་པར་དམག་འཁྲུག་རྫོགས་ཡ་མེད་པ་གསལ་བོ་རེད།
ཨོ་བྷ་མ་ཐེངས་གཉིས་པ་སྲིད་འཛིན་ལ་ལངས་སྐབས་སུ་ཨ་རིའི་སྒེར་སེམས་ཅན་དང་། རང་ཉིད་ཁོ་ནའི་དཔལ་འབྱོར་དོན་གཉེར་མཁན་གྱི་འབྱོར་མེད་མང་ཚོགས་ཀྱིས་གཙོ་བོར་རྒྱབ་སྐྱོར་བྱས་ཏེ། ཁོང་སྲིད་འཛིན་ཆགས་ཡོད། ཁོས་འབྱོར་ལྡན་གྲལ་རིམ་གྱི་དཔྱ་ཁྲལ་སྤར་ནས་མི་མང་དཀྱུས་མ་དང་འབྱོར་མེད་མང་ཚོགས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་། འཚོ་བ་ཡར་རྒྱས་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། དམག་གྲོན་གཅོད་རྒྱུ་དེ་ནོར་འཁྲུལ་ཅན་གྱི་བསམ་བློ་ཞིག་ཡིན་པ་གསེ་རི་ཡའི་གནད་དོན་དང་། ལྷག་པར་དུ་ར་ཤི་ཡའི་བྱ་སྤྱོད་ཀྱིས་ནོར་འཁྲུལ་ཡིན་པ་ངོས་འཛིན་ཐོབ་སྟེ། ད་ལྟ་དེ་ལྟར་གནང་རྒྱུ་ཁག་པོ་ཆགས་བཞིན་ཡོད། འབྱོར་ལྡན་གྲལ་རིམ་གྱི་དཔྱ་ཁྲལ་སྤར་རྒྱུ་ཁོས་འཐབ་རྩོད་བྱེད་མུས་ཡིན་ཡང་རྒྱལ་ཁ་ཐོབ་མིན་དེ་ཙམ་མ་ངེས་ཤིང་། ཐོབ་པ་ཡིན་ན་དེས་མཇུག་འབྲས་ཅི་ཞིག་འདྲེན་རྒྱུ་ཡིན་པ་སྒུག་སྡོད་ཀྱི་གནས་སུ་གྱུར་ཡོད།
ཨོ་བྷ་མས་ཨུ་རྒྱ་གཉིས་ལ་བཟུང་བའི་ཕྱི་འབྲེལ་གྱི་སྲིད་བྱུས།
ཨོ་བྷ་མས་རྒྱ་ནག་དང་ར་ཤི་ཡ་གཉིས་ལ་ཁ་གཏད་བཅག་པ་ལས་ཁེ་ཕན་མཉམ་སྤྱོད་དང་མཛའ་མཐུན་མཉམ་གནས་བྱས་ན། ཕྱོགས་གཉིས་ཀའི་བདེ་འཇགས་དང་དཔལ་འབྱོར་ལ་ཕན་པ་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། ཨུ་རྒྱ་གཉིས་ཀྱིས་དེ་ནི་ཞི་བའི་ཐོག་ནས་ཁོང་ཚོ་འདུལ་བྱེད་ཀྱི་ཐབས་བྱུས་ཤིག་ཡིན་པ་ངོས་འཛིན་གྱིས་ཡིད་ཆེས་བྱེད་ཀྱིན་མེད་ཁར། རང་ཉིད་ཨ་རི་ལྟར་དཔལ་འབྱོར་དང་དམག་དོན་གཉིས་ཀྱི་ཐོག་ནས་སྟོབས་ཆེན་དུ་ཆགས་རྒྱུ་རྩོད་ལེན་བྱེད་ཀྱིན་ཡོད་པས། ཨོ་བྷ་མའི་སྲིད་བྱུས་དེ་ལམ་ལྷོང་ཡག་པོ་ཡོང་གི་མེད་ཅིང་། ར་ཤི་ཡའི་སྲིད་བྱུས་འཛིན་ཕྱོགས་ནས་མིག་མཐོང་ལག་ཟིན་གྱིས་ཕམ་ཁ་མྱོང་བཞིན་ཡོད།
དེར་བརྟེན། ཨ་རི་བ་མང་པོས་ཨོོ་བྷ་མ་ནི་ཀེ་རིམ་རྩེད་མཁན་དང་། པོ་དྲིན་ནི་ཆེ་སི་རྩེད་མཁན་ཡིན་པས་ཐབས་བྱུས་ཀྱི་ཐོག་ནས་ཨོ་བྷ་མས་པོ་དྲིན་ལ་གླགས་མི་ཁེལ་བར་འདོད་པ་མ་ཟད། ཨོ་བྷ་མ་ནི་དབུ་ཁྲིད་ཉམ་ཆུང་ཞིག་དང་། པོ་དྲིན་ནི་དབུ་ཁྲིད་རྒོད་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཨོ་བྷ་མ་སྲིད་འཛིན་ལ་བསྡད་སྐབས་ཤེས་རབ་ཀྱི་དོ་བདག་ཡིན་ཞིང་ཨ་རི་པ་སྐྱོབ་པའི་ནུས་པ་ཡོད་པར་བརློམས་ཤིང་། དཀོན་མཆོག་ལྟར་བཀུར་ཡང་ད་ལྟ་ཀེ་རིམ་རྩེད་མཁན་ཞིག་ཏུ་ཆགས་དོན་ནི་ཁོང་ཐེངས་མང་པོར་སྲིད་འཛིན་པོ་དྲིན་གྱི་ཐབས་བྱུས་འོག་ཏུ་ཚུད་ཅིང་། གཡོ་འོག་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཕམ་ཁ་མྱངས་པ་མ་ཟད། ཁོང་གི་ཕྱི་འབྲེལ་གྱི་སྲིད་བྱུས་ལ་དེ་ཙམ་ལམ་ལྷོང་མ་ཡོང་བས་རེད།
ཨོ་བྷ་མ་པོ་དྲིན་གྱི་ཐབས་ཇུས་འོག་ནས་ཕམ་ཚུལ།
༡༽ དུག་རླངས་འཕུར་མདའ་ཉུང་ཕྲི་བྱེད་རྒྱུའི་གན་རྒྱ་བཞག་ཀྱང་དེ་དོན་ལ་མ་གནས་རར་ར་ཤི་ཡིས་བཟོ་སྐྲུན་བྱས་པར། ཨོ་བྷ་མས་སྐྱོན་བརྗོད་བྱེད་སྐབས། པོ་དྲིན་གྱིས་ཨ་རིས་དུག་རླངས་འགོག་སྲུང་གི་མཚོན་ཆ་བཟོ་སྐྲུན་བྱེད་ཀྱིན་ཡོད་པས། དེ་ལྟར་མི་བཟོ་ཐབས་མེད་ཡིན་ཚུལ་བརྗོད་ཡོད།
༢༽ ཨོ་བྷ་མས་དམག་འཁྲུག་གི་ཉེན་བརྡ་བཏང་མིན་ལ་མ་ལྟོས་པར་གསེ་རི་ཡས་དུག་རླངས་འབར་རྫས་གཏོར་ཏེ་རང་གི་མི་སེར་མང་པོ་དམར་བསད་བཏང་སྐབས། ཨོ་བྷ་མ་ལ་དམག་མི་ཡིས་ཐེ་གཏོགས་བྱེད་རྒྱུའི་གོ་སྐབས་ཡག་པོ་རེག་ཀྱང་། ཐག་གཅོད་བྱེད་མ་ནུས་པར་ལྷག་སྐབས། པོ་དྲིན་གྱིས་ནོར་ཝེ་ཞི་བདེའི་བྱ་དགའ་ཐོབ་མཁན་གྱི་ཨོ་བྷ་མས་དམག་འཁྲུག་བྱེད་མི་འོས་ཚུལ་དང་། རྗོན་ཁཱ་རེས་ཀྱིས་གསར་གཏོད་པའི་སར་ཁ་ནོར་ཐེབས་པའི་གོ་སྐབས་བཟུང་ཏེ། དུག་རླངས་འབར་རྫས་རྩ་མེད་བཟོ་རྒྱུར་ལམ་སང་རྒྱབ་སྐྱོར་བྱས་ཏེ་ནུབ་དམག་གསེ་རི་ཡར་གཏོང་རྒྱུ་བཀག་འགོག་བྱེད་ཐུབ་ཡོད།
༣༽ ཨུ་རི་སུའི་དམག་དཔུང་ཡོས་ཁི་རན་གྱི་ས་མཚམས་ནས་ཕྱིར་འཐེན་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། གཅིག་ཀྱང་མ་འཐེན་པས་ནུབ་ཕྱོགས་པས་སྐྱོན་བརྗོད་བྱས་ཀྱང་། ཨུ་ཚུགས་མཐའ་སྐྱེལ་གྱིས་གནས་དེར་དམག་སྦྱོང་བྱེད་མཁན་ལས་ཕྱིར་འཐེན་བྱས་ཡོད་ཚུལ་བརྗོད་བཞིན་ཡོད།
༤༽ རྗེ་ནིས་ཝ་ཡི་གྲོས་ཆོད་སྟེང་ར་ཤི་ཡའི་རྒྱབ་སྐྱོར་བ་ཤར་ཡོས་ཁི་རན་གྱི་རང་དབང་འཐབ་རྩོད་པའི་གོ་ལག་ཀུན་དང་། ཁོང་ཚོས་བཙན་བཟུང་བྱས་པའི་གཞུང་གི་ལས་ཁུངས་ཡོད་ཚད་ཕྱིར་ཡོས་ཁི་རན་ལ་སྤྲད་རྒྱུ་ཁས་ལེན་བྱས་པ་མ་ཟད། ཕྱོགས་ཚང་མས་གནད་དོན་དེ་ཞི་བར་གནས་རྒྱུར་འབད་བརྩོན་བྱེད་རྒྱུ་གན་རྒྱ་བཞག་ཡོད་ཀྱང་། དེ་དོན་ལ་གཏན་ནས་གནས་མེད། འོན་ཀྱང་། ཨུ་རི་སུས་ཡོས་ཁི་རན་གྱི་ཤར་ཕྱོགས་པའི་རང་དབང་འཐབ་རྩོད་པས་ཁོང་ཚོའི་དགོས་འདུན་ལ་ཉན་གྱི་མི་འདུག་པས། བྱ་ཐབས་མེད་ཅིང་། ཡུལ་དེའི་མི་མང་གི་འདོད་འདུན་རང་དབང་དང་བདེན་པ་ཡིན་པས་པོ་དྲིན་གྱིས་བསམ་ཤེས་མི་གཏོང་ཐབས་མེད་ཡིན་ཚུལ་བརྗོད་བཞིན་ཡོད།
༥༽ ཟླ་ལྔ་བའི་ཚེས་༡༡ ཉིན་ར་ཤི་ཡའི་རང་གི་མཐུན་ཕྱོགས་ཤར་ཡོས་ཁི་རན་གྱི་རྡོ་ནིས་ཤིས་ཡ་ཡོས་ཁི་རན་ལོགས་སུ་ཐོན་ཏེ་རང་བཙན་ནམ་རང་སྐྱོང་བྱེད་རྒྱུའི་འོས་ཤོག་འཕེན་རྒྱུ། ཕྱིར་འགྱངས་བྱེད་རྒྱུར་སྐུལ་འདེད་བྱེད་ཀྱིན་ཡོད་ཅེས་སྨྲས་ཀྱང་། ཁ་ཙམ་ལས་དོན་དངོས་སུ་མཐུན་འགྱུར་མ་གནང་བ་མ་ཟད། དེ་ལས་ལྡོག་སྟེ་འོས་ཤོག་འཕངས་སྟངས་དང་། དམག་འཁྲུག་བྱེད་སྟངས། གོ་ལག་དང་བཟའ་བཏུང་གི་རོགས་སྐྱོར་བྱེད་ཀྱིན་ཡོད།
མི་མང་པོ་ཞིག་གིས་ཨོ་བྷ་མ་ནི་སྤྱིའི་ཆ་ནས་བཤད་ན་མི་དྲང་མོོ་དང་སྨྲ་ལྕེ་བདེ་བ། ཚད་ལྡན་གྱི་ཤེས་ཡོན་ཅན་ཞིག་ཏུ་འདོད་ཀྱང་། དྲང་མོ་ཡིན་པ་ཙམ་དང་ཤེས་ཡོན་ཡོད་པ་ཙམ་གྱིས་རྒྱལ་ཁབ་སྐྱོང་བའི་ནུས་པས་མི་འདང་ཞིང་། གཡོ་བྱུས་དང་ཐབས་ཇུས་ལ་བྱང་བའི་རྒྱལ་ཁབ་གཞན་གྱི་ཆབ་སྲིད་པའི་ལག་འོག་ནས་ཕམ་ཁ་མྱོང་བས། ཆབ་སྲིད་ཀྱི་སྣེ་ཁྲིད་པ་ཞིག་ཡིན་ན། ཐབས་ཇུས་དང་དཔའ་མཛངས་ལྡན་ཞིང་། མི་རིགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་མི་ཁ་དང་རང་གི་མཚན་སྙན་ལ་མགོ་བོ་མི་སྒུར་བའི་ཤེས་རྒྱ་ཅན་ཞིག་ཡིན་དགོས་པ་སྟོན་གྱི་ཡོད།།
རྩོམ་ཡིག་འདི་དྲ་ཐོག་ཏུ་བཀོད་པར་ཁ་བརྡ་རྩོམ་སྒྲིག་པ་ལ་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུ་དང་ལྷན། ཆད་ལྷག་གི་དོན་ཚན་ཞིག་འོག་ཏུ་སྐྱར་བཀོད་བྱེད་རྒྱུ་ཡིན།
མི་མང་པོ་ཞིག་གིས་ཨོ་བྷ་མ་ནི་སྤྱིའི་ཆ་ནས་བཤད་ན་མི་དྲང་མོོ་དང་སྨྲ་ལྕེ་བདེ་བ། ཚད་ལྡན་གྱི་ཤེས་ཡོན་ཅན་ཞིག་ཏུ་འདོད་ཀྱང་། དྲང་མོ་ཡིན་པ་ཙམ་དང་ཤེས་ཡོན་ཡོད་པ་ཙམ་གྱིས་རྒྱལ་ཁབ་སྐྱོང་བའི་ནུས་བས་མི་འདང་ཞིང་། གཡོ་བྱུས་དང་ཐབས་ཇུས་ལ་བྱང་བའི་རྒྱལ་ཁབ་གཞན་གྱི་ཆབ་སྲིད་པའི་ལག་འོག་ནས་ཕམ་ཁ་མྱོང་བས། ཆབ་སྲིད་ཀྱི་གནད་ཁྲིད་པ་ཞིག་ཡིན་ན། ཐབས་ཇུས་དང་དཔའ་མཛངས་ལྡན་ཞིང་། མི་རིགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་མི་ཁ་དང་རང་གི་མཚན་སྙན་ལ་མགོ་བོ་མི་སྒུར་བའི་ཤེས་རྒྱ་ཅན་ཞིག་དང་། གནས་བབ་ལ་ལྟོས་ནས་ལྷོད་དམ་ཤེས་ཤིང་། སྐབས་དོན་ལ་དམིགས་པའི་རིག་རྩལ་གློག་ལས་མྱུར་མཁན་ཞིག་ཡིན་དགོས་བ་སྟོན་གྱི་ཡོད།།
རྩོམ་ཡིག་འདི་ནི་ཞི་བདེ་རྟགས་མ་རེག་མཁན་སྲིད་དོན་པ་ཚོ་བསྡུར་དཔྱད་གནང་བར་བློ་སྒོ་འབྱེད་བྱེད་ཅིག་རེད། བོད་ལའང་གཅིག་པ་སྟེ། ཞི་བདེ་གཟེངས་རྟགས་འདི་གོང་ས་མཆོག་ལ་རེག་རྗེས་ནས་བོད་དོན་གྱི་རྐང་ལག་བསྡམས་ཡོད།
ཨ་ནུ་ཐང་ལགས་ཀྱིས་ཡག་པོ་ཞིག་བྲིས་འདུག་པས་བཀླགས་སྤྲོ་པོ་བྱུང་། ཐུགས་རྗེ་ཆེ། ངས་དུས་རྒྱུན་དུ་འཛམ་གླིང་གི་ཆབ་སྲིད་པའི་འཐབ་ར་ཆེན་མོ་འདི་ནི་ཅས་སི་རྩེད་པ་ལྟ་བུ་མཐོང་ཡོད། ང་ཚོ་བོད་ཀྱིས་ངོས་ནས་ཅས་སིའི་རྩེད་རའི་ནང་དུ་རྩེད་མོ་ཡག་པོ་རྩེད་ཤེས་ཀྱི་མེད་པ་ཡང་གསལ་པོ་རེད།
ཨ་ནུ་ཐང་ལགས་ལ། ཐུགས་རྗེ་ཆེ། བཀླགས་ཚར།
དྲ་གྲོགས་ཨ་ནུ་ཐང་དང་བན་དེ་བ། ཞོལ་གཡག ལྷ་སྡེ་གནམ་ལོ་ཡག ཀརྨ་བློ་གསལ ཨ་ཁུ་སྤོབས་མཐའ་བཅས་གཙོ་དྲ་གྲོགས་རྣམས་ལ་བཀའ་མོས་ཤིག་ཞུ་འདོད་པས་དྲ་ཐོག་ནས་ཁ་བརྡ་ཏོག་ཙམ་བཤད། ངས་དེ་རིང་གསར་འགྱུར་རྒྱུད་ནས་༧རྒྱལ་བ་རིན་པོ་ཆེན་གྱིས་འཇར་མན་ནིེས་རྒྱལ་ཁབ་ཀྱི་ནང་དུ་བཀའ་སློབ་གསུངས་སྐབས་སུ་ཆུང་དུས་ནས་དམངས་གཙོ་ལ་དགའ་པོ་ཡོད་ཅེས་གསུངས་འདུག་པར་མཐོང་བྱུང་། དེ་ནས་ཁྱིམ་གྱི་ཕྱི་ལ་ཐོན། ང་སྡོད་སའི་རྩ་ན་རྒྱུགས་ཆུ་ཆུང་ཆུང་ཞིག་ཡོད། ཆུ་དེའི་གཡས་གཡོན་དུ་མེ་ཏོག་མང་ལ་་་་་ས་ཆ་གཙང་། དེང་སང་དབྱར་ཀ་ཡིན་དུས་གནམ་གཤིས་ཀྱང་སྐྱིད་པོ་འདྲ་འདུག དེའི་རྒྱུད་དུ་གོམ་པ་རྒྱག་ནས་ཕྱིན། འགྲོ་ཞོར་འགྲོ་ཞོར་༧རྒྱལ་བ་རིན་ཆེན་གྱི་དམངས་གཙོ་ལ་ཆུང་དུས་དགའ་རབས་བཤད་པའི་བཀའ་སློབ་དེའི་སྐོར་ལ་བསམ་བློ་འཁོར་གི་འཁོར་གིན་ཕྱིན།
ཁ་བརྡའི་ཐོག་གི་དྲ་གྲོགས་ཚོའི་བསམ་ཚུལ་དང་བོད་མི་གཞོན་སྐྱེས་ཚོའི་འདོད་ཚུལ་བཅས་ཀྱི་ཐོག་ཏུ་བསམ་བློ་རེ་འཁོར་བྱུང་། དེ་ནས་དམངས་གཙོའི་ཐོག་ཏུ་བསམ་བློ་ཡང་ཡང་་བཏངས་པ་ཡིན། ༧རྒྱལ་བ་རིན་པོ་ཆེན་གྱིས་ཉིན་ཤས་གོང་དུ་ཡིག་ཐོག་ནས་དམངས་གཙོ་སྐོར་གྱི་བཀའ་སློབ་ཤིག་ཐེ་ཝན་རྒྱལ་ཁབ་ནང་དུ་ཚོགས་པའི་བོད་རིགས་དང་རྒྱ་རིགས་སོག་རིགས་བཅས་ཡོད་པའི་ཚོགས་འདུས་ནང་དུ་གནང་བའི་ཐོག་ཏུ་བསམ་བློ་འཁོར། ཚོགས་འདུག་དེའི་ནང་དུ་ཤར་གླིང་ཟླ་སྒྲོལ་ལགས་དང་སྐལ་བཟང་རྒྱལ་མཚན། བོད་རང་བཙན་སློབ་འགྲོགས་ཚོགས་པའི་མི་ཞིག་ཀྱང་འདུག ༧རྒྱལ་བ་རིན་ཆེན་གྱིས་རྒྱ་ནག་དམངས་གཙོ་བསྒྱུར་དགོས་པའི་བཀའ་སློབ་གསལ་པོ་ཡིག་ཐོག་ནས་གནང་སོང་དྲན།
དེ་ནས་སེང་གེ་བློ་བཟང་གིས་དམངས་གཙོ་རྩོད་ཀྱི་མེད་པའི་ཐོག་ཐག་བཅད་པའི་དབུ་མའི་ལམ་དང་ལམ་དུ་ཉིད་ཟམ་གདོང་བླ་མའི་ཕྱག་ནས་རྒྱུད་ཡོང་བའི་དབུ་མའི་ལམ་ཡིན་ཟེར་བའི་འགྲེལ་བཤད། དབུ་མའི་ལམ་གྱི་ངོས་ནས་ཀྲུང་ཧྭ་མི་དམངས་སྤྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་པ་དང་། དམར་ཕྱོགས་གུན་ཁྲན་ཏང་ཡོན་བྱེད་འདོད་པ། དམངས་གཙོ་མི་དགོས་པའི་ལམ་ཕྱོགས་རེད།
མ་ཟད་སྐུ་ཚབ་དོན་གཅོད་ཟུར་པ་བློ་བཟང་སྙན་གྲགས་ཀྱིས་ཨི་རིའི་བོད་མི་དམངས་ལ་གསུངས་བཤད་གནང་དུས་རྒྱ་ནག་དམར་ཕྱོགས་པ་ལོ་༥༠༠སྡོད་སྲིད་པ་རེད་ཅེས་བཤད་སོང་། སྐད་ཆ་འདི་དག་ལ་བལྟ་འོང་དུས་རྒྱ་ནག་གུན་ཁྲན་ཚེ་ཐག་མི་ལོ་༥༠༠་སྡོད་སྲིད་པའི་ཚོད་དཔག་གྱི་ཐོག་ནས་དབུ་མའི་ལམ་ལ་འགྲེལ་བཤད་བྱས་མྱངས་པ་རེད།
ད་་་་བཙན་བྱོལ་བའི་མི་ཆེན་དཔོན་ཆེན་ཚོའི་བསམ་ཚུལ་ལ་འགལ་ཟླ་སླེབས་པ་རེད་དམ། གནད་དོན་ཞིག་ནི་ཡོད་ངོ་མ་རེད། དབུ་མའི་ལམ་སྲོལ་གཏོད་མཁན་༧རྒྱལ་བ་རིན་པོ་ཆེན་གྱིས་རྒྱ་ནག་དམངས་གཙོ་ལ་བསྒྱུར་དགོས་པའི་སྐད་ཆ་ཡིག་ཐོག་ནས་གནང་སོང་འདོད། ད་ག་རེ་རེད་དམ། བོད་མི་རིགས་ཀྱིས་ངོས་ནས་རྒྱ་ནག་དམངས་གཙོ་བསྒྱུར་ཐབས་བྱེད་དགོས་དང་མི་དགོས། གུན་ཁྲན་ཏང་མགོ་གཏིང་སློགས་དགོས་དང་མི་དགོས། ཏྭ་ལའི་བླ་མས་ངོས་ནས་ཁ་གསལ་གསུངས་ཚར་སོང་འདོད་ཀྱི་ཡོད། དེའི་རྗེས་འཇུག་པ་ཚོས་ག་རེ་བྱེད་ཀྱི་ཡིན་ནམ་ཞེས་པའི་དྲི་བ་ཞིག་ཀྱང་འདུག
དྲ་གྲོགས་ཚོས་དམངས་གཙོ་གལ་ཆེན་བརྩི་གི་རེད། སྤྲུལ་སྐུའི་ལམ་ལུགས་མི་དགོས་ཟེར་ནས་དགོས་འདོད་བཏོན་གྱི་རེད། རང་དབང་དང་དམངས་གཙོ། འདྲ་མཉམ་དང་དྲང་བདེན། གལ་ཆེན་ལ་བརྩི་གི་རེད། སྤྲུལ་སྐུའི་ལམ་ལུགས་ཀྱིས་དམངས་གཙོ་ཡི་མདུན་ལམ་བཀག་གི་འདུག་ཟེར་ནས་དགག་པ་བརྒྱབས་ཡོད་པ་རེད། བོད་མི་རིགས་ཀྱི་ཆེད་དུ་དམངས་གཙོ་གལ་ཆེན་ལ་བརྩི་གི་རེད། འདི་ནི་ཁྱོད་ཚོའི་འདོད་ཚུལ་སྤྱི་ཙམ་བཤད་པ་ཡིན།
ཁྱོད་ཚོ་ཚང་མ་རྒྱལ་གཅེས་བོད་མི་ཤ་སྟག་རེད། རྒྱ་ནག་གི་དམངས་གཙོའི་ཐོག་ཏུ་བསམ་ཚུལ་ག་རེད་ཡོད་དམ། སྤྱི་ཚོགས་ཀྱི་གནས་སྟངས་ཀྱི་ཐོག་ཏུ་བསམ་ཚུལ་གང་ཡོད། ང་ཚོའི་ལམ་ཕྱོགས་གང་བཟུང་དགོས་མིན། ཅི་འདྲ་བྱ་དགོས་མིན། ཅི་བྱེད་ཐུབ་མིན་སོགས་ཀྱི་ཐོག་ཏུ་དགོངས་ཚུལ་རེ་གསུང་རོགས་བྱོས། ཤར་བསྐྱོད་བྱེད་ནས་འགྲོ་དགོས་ཟེར་བ་ལྟར་མཆན་བུ་ཤར་བྲིས་ཡིན་དུས་ནོར་སྐྱོན་མང་པོ་ཡོད་པར་འདོད། དགོངས་འགལ་མེད་པ་བྱོས། ཧཧཧ བོད་རྒྱལ་ཁབ་ཀྱི་དོན་དག་བཤད་ཀྱི་ཡོད་མདོག་མདོག་ཡིན་ད།
ལོ་ལགས་སོ། སྐུ་དྲག་རིག་གནས་རྒྱུས་ཡོད་མདོག་སྟོན་བཞིན་པ་ལས་གཡོག་པོ་རྒྱུགས་རྐྱང་ཡིན་ལབ་གི་མེད་ད། ཧ་ཧ་ཧ། ཀུ་རེ་ཡིན། ང་རང་གཙོ་ཤུགས་འཛམ་གླིང་གང་སར་བཞུགས་པའི་རྒྱ་ནག་པས་གྲུབ་པའི་བོད་འབྲེལ་ཡིག་ཟམ་གླེང་སྟེགས་ཤིག་ནང་ཡོད། ཁ་སང་དེ་རིང་རྒྱ་ནག་པ་ཚོས་༼གསར་བརྗེ་དང་ལེགས་བཅོས༽གང་ཞིག་རྒྱ་ནག་གི་འགྱུར་བར་འཚམས་ཚུལ་རྩོད་པ་ཤུགས་ཆེན་གནང་གི་འདུག དེའི་ཁྲོད་དུ་དམངས་གཙོ་དོན་གཉེར་བ་འདུག་ལ། མཁས་པ་དང་ལས་འགུལ་བ། ཁ་སང་ཐེ་ཝན་ནས་ཚོགས་འདུ་བསྐོང་མཁན་ཡང་ཅིན་ལིས་ཀྱང་འདུག གང་ལྟར་སྔ་ཕྱི་ཙམ་མ་གཏོགས་རྒྱ་ནག་ལ་འགྱུར་བ་ཞིག་བྱུང་རྒྱུ་ཡིན་པ་གསལ་བོ་རེད། དེ་བས། རྒྱ་ནག་པ་ཁག་ཅིག་གིས་ག་རེ་བསམ་གྱི་འདུག་ཅེ་ན། དམངས་གཙོ་མངོན་འགྱུར་གྱིས་རྒྱལ་ཁབ་ཁ་མ་འཐོར་བ་ཞིག་དང་། ཡག་ཤོས་ཀྱང་ཞི་བའི་རིམ་འགྱུར་རམ། ལེགས་བཅོས་ཨེ་ཡོང་ལ་རེ་བ་རྒྱག་གི་འདུག་པས། རྒྱ་དམར་གཞུང་སོར་གནས་ཀྱི་ལམ་ནས་ལེགས་བཅོས་ཟེར་བའི་དོན་རེད། འདི་ནི་ཨ་རིའི་གཞུང་གི་སྲིད་ཇུས་ཀྱང་རེད་ལ། རྒྱ་ནག་ནང་ཨ་རི་ནས་ཡིན་པའི་ཚོང་ལས་མཐུན་གཉེར་ཁང་ཁྲི༥བརྒལ་ཡོད་པ་དང་། མང་ཆེ་བ་ཕྱུག་པོ་དང་དཔོན་པོ་ཚོ་རེད། རྒྱ་ནག་པ་དེའི་རིགས་ལ་ཨ་རིའི་གཞུང་གིས་རོགས་དངུལ་སྤྲད་ཀྱི་འདུག དེ་བས། དབུ་མའི་ལམ་ལ་འགྱུར་བ་སྣ་མང་ཞིག་བྱུང་བ་དང་སྐད་ཆ་སྔ་རྗེས་མི་མཐུན་པ་མང་བོ་ཞིག་ཡོང་བཞིན་པའང་རྒྱབ་ལྗོངས་འདིར་ཏན་ཏན་འབྲེལ་བ་ཡོད་པར་སྣང་།
རྒྱ་ནག་པ་ཁག་གཞན་ཞིག་གིས་རྒྱ་ནག་ནང་ཞི་བའི་རིམ་འགྱུར་ཡོང་ཐབས་མེད་པས། གསར་བརྗེ་བྱེད་དགོས་ཀྱི་འདུག་བརྗོད་ཀྱིན་པ་དང་། གསར་བརྗེ་ཡི་སྟོབས་ཤུགས་མང་ཚོགས་དུང་ཕྱུར་མང་བོ་ཡིན་པ་དང་། དེའང་སྲིད་ཐད་ནས་གཉའ་གནོན་དང་། དཔལ་འབྱོར་ཐད་ནས་གྱོང་གུད་རེག་མཁན་དག་ཡིན་པར་ངོས་འཛིན་གནང་གི་འདུག དེའང་རྒྱ་ནག་ནང་མ་རྩ་རྒྱ་སྒོར་ས་ཡ་དྲུག་བརྒལ་བའི་མི་འབོར་ཧ་ལམ་ས་ཡ་གཉིས་ལྷག་དང་། མ་རྩ་རྒྱ་སྒོར་དུང་ཕྱུར་བརྒལ་བའི་མི་འབོར་ཁྲི་ལྔ་ལྷག་ལས་མེད་པས། མདོར་ན་མི་འབོར་ཁྲི་ལྔ་ལྷག་གིས་མི་འབོར་དུང་ཕྱུར་བཅུ་བཞི་ལ་བཤུ་གཞོག་བྱེད་ཀྱིན་པས། གསར་བརྗེ་བྱུང་ངེས་པ་ནི་གནས་སྟངས་དེས་ཐག་བཅད་ཡོད་ཅེས་བསྒྲགས་ཀྱིན་འདུག དེའང་གནས་ལུགས་མེད་པ་ཞིག་མ་རེད་བསམ། རྒྱའི་གཏམ་དཔེར། ༼བྱ་ལྟོ་ཡི་ཆེད་དུ་ཤི མི་རྒྱུ་དངོས་སླད་དུ་འཆི་༽ཟེར། དེ་ནི་རྒྱ་ནག་པ་སྤྱིའི་གཤིས་ཀའི་གྲུབ་ཆ་གལ་ཆེན་ཞིག་རེད།
ད་ཡང་ངས་བཤད་མང་ཐལ། སེམས་ཆུང་མ་བྱོས་ན། བླ་ཆོག་ཉོ་ན་ཐང་། འདི་ནི་ཨ་མདོའི་ལུང་སྐད་ཅིག་ཡིན། ཚང་མས་ཧ་གོ་མིན་ལ་ཚོད་ལྟ་གནང་རོགས།
ཁ་ཐུག་དང་གནམ་ལོ་ཡག་གཉིས་ཀྱིས་བསམ་ཚུལ་གསུངས་བར་བཀའ་དྲིན་ཆེ།
བཙན་བྱོལ་གྱི་བོད་པ་ཚོས་མང་གཙོ་བློས་བཏང་བ་ཡིན་ན། རྒྱལ་སྤྱི་ནས་རྒྱབ་སྐྱོར་བཙལ་བྱེད་ཀྱི་རྩ་བ་བརླགས་ཤིང་། བོད་རྒྱ་ནག་གི་ཆ་ཤས་སུ་བསྡད་རྒྱུ་ཁས་བླངས་བ་དེས། ཐ་ན་བོད་པ་ཚོས་ནུབ་ཕྱོགས་སུ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་རྒྱུ་ཚུད་ཆད་ཀྱི་ས་བོན་བརླགས་ཤིང་། ཕུགས་རྒྱང་རིང་པོའི་བོད་ཀྱི་ཁེ་ཕན་ལ་བསམ་བློ་མ་བཏང་ཡང་། གནས་སྐབས་སུ་རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་བཙལ་བྱེད་ཀྱི་རྩ་བོར་པས། མང་གཙོ་བློས་བཏང་བ་ནི་བོད་ལ་མཚོན་ན། གནས་སྐབས་དང་མ་འོངས་གང་ལ་ཡང་མི་ཕན་པ་ཞིག་རེད། བོད་དུ་འགྲོ་བ་མིའི་ཐོབ་ཐང་དགོས་ཟེར་བའི་གཞི་རྟེན་ཡང་། རྩ་མེད་དུ་གྱུར་བ་མ་ཟད་རྒྱ་རིགས་མང་གཙོ་དོན་གཉེར་ཅན་དག་ལའང་སྐད་ཆ་བཤད་མི་ཤེས་བ་བཟོས་ཡོད། ཡིན་ཏེ། གུང་ཁྲན་གྱི་ཁྲིམས་ལུགས་འོག་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་མི་ཆོག་པ་དང་། རྩོད་པ་ཁྲིམས་འགལ་ཡིན་པ་ཡོངས་གྲགས་ཡིན་པས་རེད། ད་རྩོད་རྒྱུ་ཞིག་ལྷག་ཡོད་པ་ནི་བདག་དབང་གི་གནད་དོན་ཁོ་ན་རེད། བདག་དབང་གི་གནད་དོན་དེའང་བོད་ཀྱི་བདག་དབང་རྒྱ་ནག་འབུལ་རྒྱུ་ངོས་ལེན་བྱས་བས་ཅི་ཞིག་གི་བདག་དབང་རྩོད་ཀྱི་ཡོད་དམ། བོད་ལ་འདི་ལས་རང་དབང་ཆེ་ཙམ་ཡོང་ཆེད་དུ་རེད་སྙམ་ན། ད་ལྟ་བཙན་བྱོལ་སྒྲིག་འཛུགས་སྟོན་པའི་ཆོལ་གསུམ་གཅིག་སྒྲིལ་གྱི་རང་སྐྱོང་ལྟ་བུ་ཞིག་དང་། འདི་ལས་ཆེ་ཙམ་ཞིག་མ་རྩོད་ཀྱང་། རྒྱ་ནག་མང་གཙོ་ཆགས་ན་དེ་ལྟར་རྩོད་མི་དགོས་བ་རང་བཞིན་གྱིས་ཐོབ་ངེས་རེད། རྒྱ་ནག་མང་གཙོ་ཆགས་པར་སྒུག་ཁོམ་མེད་པ་བོད་ལ་དེ་བས་མང་དུ་སྤྲད་དགོས་སྙམ་ན། སྤྲད་ཡ་ལས་ལྡོག་སྟེ། དེ་ལ་ཁ་གཏད་བཅག་ཆེད་དུ་སྔ་ཡོད་ཀྱི་བོད་ཀྱི་འགྲིམ་འགྲུལ་གྱི་རང་དབང་དང་། འདུ་འཛོམས་ཀྱི་རང་དབང་། ཕྱི་སྐྱོད་ཀྱི་རང་དབང་སྟེ། རྒྱ་ནག་ལ་ཡོད་པའི་རང་དབང་དག་ཀྱང་བོད་དུ་ཇེ་ཉུང་དང་ཡོད་པ་ནས་མེད་པ་ཆགས་ངེས་རེད། དེ་ནི་ཕུགས་རྒྱང་རིང་པོའི་བོད་དོན་ལ་མི་ཕན།
དངོས་གནས་མང་གཙོ་མི་དགོས་ཤིང་། རྒྱ་ནག་གི་ཆ་ཤས་སམ་མངའ་འོག་ནས་འདུག་འདོད་ཡོད་ཚེ། ད་ལྟ་རྒྱ་ནག་ལ་རྩོད་པ་དང་ངོ་རྒོལ་བྱེད་པ་ལས་མ་བྱས་ཤིང་། འདྲོགས་སུ་མ་བཅུག་པ་ཁེ་ཕན་གང་ཡོད་པ་དེ་བླངས་ཏེ། རང་ཉིད་སྲ་བརྟན་དུ་བཏང་ནས་སྒུག་ཚེ་བོད་ཀྱི་ཁེ་ཕན་ཆེ་ཤོས་རེད། རྒྱ་འོག་ཏུ་འདུག་རྒྱུ་ཁས་བླངས་ཤིང་། མང་གཙོ་བློས་བཏང་ནས་ད་དུང་རྒྱ་ནག་ལ་གནོད་ངར་ལྡན་པའི་ངོ་རྒོལ་བྱེད་པ་ཡིན་ན། བླ་ཆེན་ག་གེ་མོ་ཞིག་དང་སྤྲུལ་སྐུ་ག་གེ་མོ་ཞིག་གི་བདག་དབང་དང་། ཐོབ་ཐང་རྩོད་བྱེད་ལས་བོད་་དོན་དུ་འགྱུར་བཞིན་མེད་ཅིང་། གལ་སྲིད་གྱུར་བ་ཡིན་ན། རྒྱ་འོོག་ཏུ་འདུག་རྒྱུ་ཡིན་ཚུལ་དང་མང་གཙོ་རྩོད་ཀྱི་མེད་ཟེར་བའང་དོོན་དངོས་ཡིན་པ་ཁས་ལེན་བྱེད་དཀའ། མདོར་ན། བོད་མིའི་སྒྲི་འཛུགས་ཀྱིས་མང་གཙོ་རྩོད་ཀྱིན་མེད་ཅིང་། རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་འདུག་རྒྱུ་ཡིན་ཞེས་བ་འདིས། མེ་མཆོད་དང་གཞི་རྒྱ་ཆེ་བའི་བོད་ནང་གི་ལས་འགུལ་ཀུན་ནུས་མེད་དང་རིན་མེད་དུ་བཏང་བས། བོད་ལ་གནོད་པ་ལས་ཕན་པའི་ལངས་ཕྱོགས་ཤིག་མིན། གལ་སྲིད་དངོས་གནས་རྒྱ་ནག་དང་མཉམ་གནས་བྱེད་རྒྱུ་ཡིན་ན། དེ་ལས་ཅི་ཡང་མ་རྩོད་ན་ཡག་ངེས་རེད། མ་རྩོད་ན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པའི་ལས་དོན་གྱི་རྩ་གནད་ཅིག་མེད་པ་གྱུར་བ་ཡིན་ཚེ་གནས་ཚུལ་སོ་སོ་རེད།
ཨ་རིའི་སྲིད་འཛིན་ལ་དཔྱད་པ་སྙན་པོ་ཞིག་བྲིས་འདུག ད་བར་བོད་པ་ཞིག་གི་ཨ་རིའི་སྲིད་འཛིན་དང་འབྲེལ་བའི་དཔྱད་རྩོམ་རྒྱས་ཤོས་དང་ཆ་ཚང་ཤོས་ཅིག་རེད་སྙམ། ལེགས་སོ་ཞུའོ།
ཨབ་གན་གྱི་དམག་མི་འཕར་མ་གཏོང་རྒྱུ་དེ་ཁོང་གི་འོས་བསྡུའི་ལས་འགུལ་ནང་ལ་ཁྱབ་བསྒྲགས་བྱས་ཟིན་པའི་དམག་འཐབ་མཇུག་སྒྲིལ་བའི་ཐབས་ཤེས་གཅིག་ཏེ། དམག་མི་འཕར་མ་གཏོང་རྒྱུ་དེ་འོས་བསྡུའི་སྐབས་ནས་འཆར་གཞི་ཡོད་པའི་ལས་ཀ་ཞིག་ལས། ཁོང་སྲིད་འཛིན་ལ་བསླེབས་རྗེས་མི་འདོད་བཞིན་གནང་བ་མ་རེད། ཞིབ་ཕྲ་འོས་བསྡུའི་སྐབས་ཀྱི་བགྲོ་གླེང་དེ་ཚོར་གཟིགས་རོགས།
རྒྱུ་མཚན་གཙོ་བོ་ནི། སྦུ་ཤིའི་སྐབས་ལ། ཨ་རིའི་དམག་དཔོན་མི་ཉུང་བས་དམག་མི་ཉུང་དྲག་པར་བརྟེན། ལས་དོན་ཚགས་ཚུད་པོ་ཡོང་གི་མིན་འདུག་ཅེས་གྲོས་ཚོགས་ལ་སྙན་ཞུ་འགའ་ཤས་ཕུལ་སོང་་བ་བརྙན་འཕྲིན་བརྒྱུད་ནས་མཐོང་བྱུང་། ཞིབ་ཕྲའི་དེའི་སྐོར་གྱི་བགྲོ་གླེང་བརྙན་འཕྲིན་བརྙེད་ན་འདིར་འབུལ་རྒྱུ་ཡིན།
གཙོ་བོ་ནི། ཨ་རིའི་སྲིད་འཛིན་ཟུར་པ་སྦུ་ཤིའི་སྐབས་ལ་སྦུ་ཤིའི་བདེ་སྲུང་བློན་ཆེན་དང་པོ་འགྲོ་ནོར་རོམ་གཟི་དཔལ་གྱིས་Rapid-Reaction Forceཞེས་པ་ཡ་ལན་མགྱོགས་པོ་སྤྲོད་མཁན་གྱི་དམག་དཔུང་ཞེས་པའི་དམག་དཔུང་བཀོད་སྒྲིག་གི་ལྟ་གྲུབ་ཞིག་ཁྱེར་ཡོང་ནས། དམག་དཔུང་མི་འབོར་ཉུང་ཉུང་ལ་ནུས་པ་ཆེན་པོ་ལྡན་པའི་དམག་གི་བཀོད་འདོམས་ཤིག་བཙུགས། དེ་ཨབ་གན་ནང་གི་དངོས་ཡོད་གནས་སྟངས་དང་མ་མཐུན་པས། ཨ་རིའི་དམག་དཔུང་ལ་གྱོང་གུན་ཆེན་པོ་ཕོགས་ཡོད། འོན་ཀྱང་སྡིག་པ་མི་བཙུམས་ཀྱིས་སྦུ་ཤིའི་སྐབས་ལ་ལྟ་བ་དེར་འགྱུར་བ་བཏང་མེད།
དེར་བརྟེན། ཨོ་སྦར་མས་སྔོན་ལ་དམག་མི་མང་དུ་བཏང་ནས། མིག་སྔའི་ཨབ་གན་ནང་གི་དགྲ་བོ་རྣམས་ལ་རྡུང་རྡེག་དྲག་པོ་བཏང་ནས་ཚར་བཅད་རྒྱུ་དང་། དེ་ནས་རིམ་བཞིན་དགྲ་བོ་ཕམ་རྗེས་དམག་མི་ཕྱིར་འཐེན་རྒྱག་རྒྱུའི་འཆར་གཞི་བཟོས་སོང་།
ཤེས་ཡོན་དང་ལྷགས་བསམ་ལྡན་པའི་དྲྭ་གྲོགས་ཚོས་རྒྱུ་མཚན་ལྡན་པའི་བསྒྲོ་གླེང་ལྷུག་པོར་གནང་འདུག་ཐུགས་རྗེ་ཆེ་ཞུ།
ད་རྡ་རམ་ས་ལས་བློས་བཏང་དེ་དག་བོད་ནང་བློས་བཏང་མེད་པ་ནི་མེར་བསྲེག་ངོ་རྒོལ་གྱིས་མཚོན་པའི་ངོ་རྒོལ་ཁག་ལས་ཤེས་ཐུབ། དེ་བས། རྡ་ས་གནས་སྐབས་ཙམ་གྱི་ཁེ་བཟང་ལ་མགོ་འཁོར་བའམ། གཡོ་འོག་ཏུ་ཚུད་ནས་རྐང་རྗེས་ལག་སུབ་མང་བོ་བྱས་ཟིན་པ་དག་ནི་བརྣག་ཐོག་གཙག་འཁེལ་གྱིས་བགྲོ་གླེང་བྱེད་དགོས་པའི་བརྗོད་གཞི་ཡིན།
ཨ་ནུ་ཐང་བསོད་ནམས་ལགས་ཀྱི་ཨོ་བྷ་མ་དང་འབྲེལ་བའི་གཏམ་བརྗོད་ཡག་པོ་ཞིག་བྲིས་འདུག
ཐུགས་རྗེ་ཆེ།
མུ་མཐུད་དུ་འདི་ལྟ་བུའི་ཀློག་རིན་ཡོད་པའི་ཆབ་སྲིད་དཔྱད་བརྗོད་གང་མང་འབྲི་རོགས་ཞུ།
རྣམ་པ་ཚོས་དགོངས་ཚུལ་གསུངས་བར་ཐུགས་རྗེ་ལེགས་འབུལ་ཡོད། ལྷག་པར་དུ་ལྷག་བསམ་ལགས་ཀྱིས་ཨོ་བྷ་མས་དམག་མི་བཏང་མིན་གྱི་སྐོར་གྱི་གནས་ཚུལ་ཞིག་བརྗོད་འདུག ཐུགས་རྗེ་ཆེ།
ཨོ་བྷ་མ་ལ་སྲུང་སྐྱོབ་དམག་དཔོན་སྒེ་ཁྲི་སོགས་ཀྱིས་མགྱོགས་མྱུར་རྒྱལ་ཁ་མི་ལོན་ཞིང་། སྲིད་འཛིན་གྱི་དགོངས་བ་བཞིན་དམག་འཁྲུག་མགྱོགས་པོ་རུ་འཇུག་སྒྲིལ་མི་ཐུབ་ཁར། གནས་དེ་ལ་དྲ་ལི་བྷན་དང་ཨ་ཁ་དྲའི་ནུས་བ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས་དམག་རོགས་བཏང་དགོས་བའི་ཞུ་བ་འཐེན་པ་བདེན་པ་རེད། འོན་ཀྱང་། དེ་ལྟར་བྱེད་དགོས་དོན་གཙོ་བོ་ནི་ཨོ་བྷ་མས་འཆར་གཞི་ལྟར་འཇེགས་ངང་དམག་འཁྲུག་མགྱོགས་པོ་འཇུག་བསྡུ་མི་ཐུབ་པས་རེད།
ཨོ་་བྷ་མས་དམག་རོགས་བཏང་དགོས་བ་དེ་ཡང་། ཁོས་ཁས་ལེན་བཞིན་དམག་འཁྲུག་མགྱོག་པོ་ཚར་རྒྱུའི་ཆེད་དུ་ཡིན་ཞིང་། དེ་ལྟར་ཚར་དགོས་ན་དམག་འཁྲུག་ལས་རྒྱལ་ཁ་མ་ལོན་པས་འགྲོ་ཐབས་དཀའ་ཞིང་། ཕྱིན་པ་ཡིན་ན་དྲ་ལི་བྷན་ཡིས་ཨ་རྒན་སྲིད་གཞུང་མགོ་རྟིང་སློག་ཅིང་སུས་ཀྱང་བཀག་འདོག་དཀའ་བ་དར་རྒྱས་འགྲོ་ཞིང་། ཕྱིན་པ་ཡིན་ན་ཨ་རིའི་ཕུགས་རྒྱང་རིང་པོའི་བདེ་འཇགས་ལ་གནོད་པས་དེ་ལྟར་ངོས་ལེན་མི་བྱེད་ཐབས་མེད་པ་ཆགས་ཡོད། དེ་བརྟེན། ཨོ་བྷ་མས་དམག་འཁྲུག་མགྱོགས་པོར་འཇུག་སྒྲིལ་ཆེད་དུ་དམག་རོགས་བཏང་རྒྱུའི་རེ་འདུན་ནམ། བསླབ་བྱ་ལ་མོས་མཐུན་བྱས་ཡོད། དེ་ནི་ཨོ་བྷ་མས་མགྱོགས་པོོར་དམག་འཁྲུག་ལས་རྒྱལ་ཁ་ཐོབ་རྒྱུའི་ཐབས་བྱུས་ཤིག་རེད་ལ། རྒྱལ་ཁ་ལོན་འདོད་ཀྱིས་བྲེལ་བས་དེད་པའི་བྱ་སྤྱོད་ཅིག་ཀྱང་རེད། དམག་མི་ཁ་སྣོན་དུ་བཏང་སྐབས། ཁོས་ཨ་རི་དང་ཨ་རིའི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཀུན་ལ་དེ་ཐེངས་ཀྱི་ཐབས་ལམ་གསར་བ་འདིས། དྲ་ལི་བྷན་མགྱོགས་པོར་ཕམ་པ་བཏང་ཞིང་༢༠༡༡ལོའི་ཟླ༧ནང་ཨ་དམག་ཕྱི་འཐེན་བྱེད་རྒྱུའི་འགོ་འཛུགས་ཤིང༡༠༢༤ལོ་འཇུག་ཡོངས་རྫོགས་ཕྱི་འཐེན་བྱེད་རྒྱུ་ཁས་ལེན་བྱས། འོན་ཀྱང་། དོན་དངོས་ད་དུང་ཡང་དྲ་ལི་བྷན་ཕམ་པ་བཏང་མེད་པ་མ་ཟད། ༢༠༡༢ལོར་ཨ་རྒན་གྱི་ནང་དུས་ཚོད་ལྟར་ཨ་དམག་ཕྱི་འཐེན་ཕྱིན། ཨ་རི་དང་རྒྱལ་སྤྱིའི་དཔུང་དམག་ཉུང་ཤས་ཤིག་དང་ལྷན་ལོ་རེ་ཨོ་ཐེར་འབུམ་མང་པོས་རོགས་སྐྱོར་གྱིས་སྡོད་འཐུས་ཡོད་པའི་རེ་བ་ཨ་རྒན་གཞུང་ལ་མི་ཞུ་ཐབས་མེད་བྱུང་ཡོད། དེ་དོན་ལ་ཨ་རྒན་གྱིས་འདོད་མ་འདོད་ཀྱི་མོས་མཐུན་བྱས་ཡོད།
ཁ་ཅིག་གིས་ཨོ་བྷ་མས་དེ་སྔོན་ཨ་རྒན་ནས་ར་ཤི་ལ་དམག་མི་ཉུང་རྐྱེན་པས་ཕམ་ཉེེས་བྱུང་ཚུལ་གྱི་གནས་སྟངས་བྲིས་བའི་དེབ་ཅིག་ཡོད་པ་དེ་ལས་བསླབ་བྱ་བླངས་བར་ཡིད་ཆེས་བྱེད་ཀྱིན་འདུག སྐབས་དེར་ར་ཤི་ཡའི་དམག་མི་འབུམ་གཅིག་ཡོད་ཀྱང་རྒྱལ་ཁ་ཐོབ་མེད། གང་ལྟར་བྷི་ཤིའི་སྐབས་དམག་མི་ཁྲི་གསུམ་ལྷག་དེའི་འདང་གི་མེད་ཅིང་། དམག་འཁྲུག་ལས་མགྱོགས་པོ་རྒྱལ་ཁ་ལེན་དགོས་ན་ཁ་སྣོན་བཏང་དགོས་ཆགས་པས། ༢༠༠༩ཟླ༢ཚེས༡༧ཉིན་དམག་མི༡༧༠༠༠བཏང་རྒྱུ་ཐག་གཅོད་གནང་། དེའི་མ་འདང་བ་ཡང་སྐྱར་ཟླ༣ཚེས༢༧ཉིན་དམག་མི་ཁ་སྣོན་བཏང་། ད་དུང་ཡང་གྲུབ་འབྲས་ངེས་ཅན་ཞིག་མ་ཐོན་པས་༣༠༠༠༠བཏང་ཞིང་ཁྱོན་སྡོམ་ཨ་དམག་འབུམ་གཅིག་ཙམ་དང་། ནེ་གྲོ་དང་ཨ་ཧྥུ་རྒན་སོགས་རྒྱལ་ཁབ་ཞེ་གསུམ་གྱི་དམག་མི་སྟེ། ཁྱོན་སྡོམ་དམག་མི་འབུམ་གཉིས་མ་ཟིན་ཞིག་གིས་དྲ་ལི་བྷན་དང་ཨ་ཁ་དྲ་ལ་རྣོ་ངར་ཆེ་བའི་ཁྱོད་ཤི་ང་གསོན་གྱི་དྲག་འཐབ་བྱས་ཡོད། མ་ཟད་ཨ་རྒན་གཞུང་དང་ཕ་ཁུ་སི་ཐན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་གིས་ངོ་རྒོལ་བྱས་མིན་དང་། མྱི་ཁ་ལ་མ་འཛེམ་པ་མི་མེད་གནམ་གྲུ་བཏང་ནས་དྲ་ལི་བྷན་དང་ཨ་ཁ་དྲི་ལ་གཏོར་རྒོལ་བྱས་ཡོད། མི་མེད་གནམ་གྲུ་ཡིས་གཏོར་རྒོལ་བྱེད་ཡ་མང་དྲགས་ཤིང་། དེས་ཉེས་མེད་ཀྱི་མི་སེར་དང་ཕ་སི་ཐན་གྱི་དཔུང་དམག་མི་ཉུང་བ་ཞིག་བསད་པས་སྲིད་གཞུང་དེ་གཉིས་ཀྱིས་ཨ་རི་དང་མཉམ་ལས་བྱེད་པ་དཀའ་ངལ་འཕྲད་པ་མ་ཟད། ལྷག་པར་དུ་ཕ་ཁི་སི་ཐན་གྱིས་ངོ་རྒོལ་ཤུགས་ཆེན་བྱས་ཤིང་། ཡུན་ཙམ་རིང་ལ་ཕ་ཁི་སི་ཐན་རྒྱུད་པའི་ཨ་རིའི་དཔུང་དམག་གི་དོ་སྐྱེལ་ལམ་ཁ་བཀག་ཡོད། ཨ་རིས་མི་ཁ་ལ་འཛེམ་པ་གང་བྱུང་བྱེད་དགོས་ཡང་། རྒྱལ་ཁ་མ་ལོན་པས་ཐབས་ཤེས་ཟད་པས་ཡིན་པ་ཉམས་ཞིབ་པ་དུ་མས་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་། ད་དུང་དྲ་ལི་བྷན་རྩ་མེད་བཟོ་བ་ལྟ་ཅི་ཕམ་ཡག་པོ་ཐུབ་མེད་གསལ་བོ་རེད། དེ་བརྟེན། ཨ་རྒན་གཞུང་གིས་དྲ་ལི་བྷན་ལ་ཞི་འགྲིག་བྱེད་ཀྱིན་རེ་བ་འཛིན་གྱི་ཡོད།
ཨོ་བྷ་མས་དམག་མི་ཁ་སྣོན་བྱས་བའི་སྐོར་ལ་བགྲོ་གླིང་བྱས་བ་ཞིག་འོག་གི་དྲ་ཐག་ལ་གཟིགས་ན་གསལ།
http://www.debate.org/opinions/was-obama-right-to-send-more-troops-to-afghanistan
ཨོ་བྷ་མས་དམག་མི་ཁ་སྣོན་དུ་བཏང་སྐབས་ཕ་ཁི་སི་ཐན་དང་ཨ་རྒན་གཉིས་ལ་དཔལ་འབྱོར་གྱི་རོགས་སྐྱོར་དང་། ཡུལ་དེ་གཉིས་ཀྱི་དམག་མི་ལ་སྦྱང་རྡར་སྤྲད་ཅིང་། རྒྱལ་ཁབ་དེ་གཉིས་ནང་དྲ་ལི་བྷན་དང་ཨ་ཁ་དྲ་ཡིས་འབར་རྫས་གས་གཏོར་གྱི་འཇིགས་སྐུལ་དྲག་སྤྱོད་ཁག་རྩ་མེད་བཟོ་རྒྱུ་ཡིན་ཞེས་སྤོབས་ཚིག་བརྗོད་དེ། རྒྱལ་དེ་གཉིས་ཀྱི་དམག་དཔུལ་ལ་སྐུལ་འདེབས་ཀྱིས་ཐམས་ཅད་ཀྱིས་དྲ་ལི་བྷན་ལ་འཐབ་ཀྱང་། རྩ་མེད་བཟོ་བ་ལྟ་ཅི་། དེ་ལས་ལྡོག་སྟེ་ཕྱི་ལན་དུ་ཡུལ་གྲུ་དེ་གཉིས་དང་། ལྷག་པར་དུ་ཨ་རི་དང་ཨ་རིའི་མཐུན་ཕྱོགས་ཀྱི་རྒྱལ་སྤྱིའི་དམག་དཔུང་ཁག་ལ་རྒོལ་ལན་ཚབས་ཆེན་སྤྲད་པས། ཨ་རི་ཐེ་བས་འཇིག་རྟེན་གྱི་མི་རྣམས་ཧ་ལས་སུ་བཅུག་ཡོད། ཕམ་ཉེས་བཏང་ཏེ་དམག་འཁྲུག་འཇུག་སྒྲིལ་བྱེད་པ་མ་ཐུབ་པས། དྲ་ལི་བྷན་དང་གྲོས་མོལ་བྱེད་རྒྱུའི་སྲིད་བྱུས་ཤིག་བཟུང་ཤིང་། དམག་འཁྲུག་འཇུག་སྒྲིལ་བྱེད་ཆེད་དུ་༢༠༡༢ལོའི་ཟླ་དྲུག་པར་ཁ་ཐྲར་རྒྱལ་ཁབ་ནས་ཞི་གྲོས་བྱས་ཡོད་ཀྱང་། ལམ་ལྷོང་བྱུང་མེད།
IANS news New Delhi may 18, 2014
Buddhist monk suicide བྱས་པ་ཞིག་གནས་ཚུལ་འདུག་གནས་ཚུལ་དེ་མཁྱེན་མཁན་ཡོད་ན་གསུང་གནང་རོགས།
གོང་དུ་དྲ་གྲོགས་ཨ་ནུ་ཐང་བསོད་ནམས། ལྷ་སྡེ་གནམ་ལོ་ཡག ཁ་ཐུག བསམ་ཤེས་སོགས་ཀྱིས་བགྲོ་གླེང་ཡག་པོ་གནང་འདུག དངོས་གནས་བཀའ་དྲིན་ཆེ། ལྷག་པར་དུ་རྒྱལ་སྤྱིའི་གནས་ཚུལ་འདི་འདྲའི་རིགས་ལ་བགྲོ་གླེང་བྱེད་ཐུབ་ན་དགེ་མཚན་ཧ་ཅང་ཆེ། རྗེས་ཕྱོགས་ནས་ཀྱང་མུ་མཐུད་ནས་གནས་ཚུལ་འདིའི་རིགས་ལ་དོ་སྣང་མང་ཙམ་བྱེད་རོགས བགྲོ་གླེང་མང་ཙམ་གནང་རོགས། ཐུགས་རྗེ་ཆེ།
བན་དེ་ལགས། སྤྲུལ་སྐུ་དེ་ལོ༤༧ཏེ། མཚོ་སྣ་རིན་པོ་ཆེ་ཡིན་ཞིང་ཕ་ཡུལ་ཨ་ན་ཅལ་ནས་རེད་་འདུག སྤྲུལ་སྐུ་ངོས་འཛིན་བྱེད་མཁན་སྐུ་མདུན་ཡིན་པ་མ་ཟད། ཁོ་གཉིས་སྟོང་བཞི་ལོ་ཨ་ན་ཅལ་མངའ་སྡེའི་བློན་ཆེན་གྱི་ཁོངས་སུ་འོས་ཤོག་ཐོབ་ཡོད་ཚུལ་འདུག
གནམ་ཐག་གིས་རང་ཤི་བྱེད་དགོས་དོན་ཡང་སེམས་ཁྲལ་མང་དྲགས་པའང་སྐྱོ་ངལ་མང་དྲགས་པས་གཉིད་མི་ཁུག་པའི་ན་ཚ་ཡོད་པས་ཡིན་ཚུལ་བཀོད་འདུག དེ་ལྟར་ཡིན་ཚུལ་གྱི་ཁ་ཆེམས་ཀྱང་བོད་ཡིག་ཏུ་ཡོད་ཚུལ་དང་། སྨན་ཁང་གིས་ཀྱང་དེ་ལྟར་རང་སྲོག་བཅད་ཡིན་ཚུལ་ངོས་འཛིན་བྱས་ཡོད་སྐད།
གནས་ཚུལ་རྒྱས་བར་གཟིགས་ན་འདི་ལྟར་ཏེ།
http://m.timesofindia.com/city/delhi/Monk-found-hanging-in-Soth-Delhi-apartment/articleshow/35316744.cms
དྲ་གྲོགས་ཨ་ནུ་ལགས་དངོས་གནས་བཀའ་དྲིན་ཆེ་གནས་ཚུལ་འགྲེལ་བཤད་གནང་བར། ཡིད་ཕངས་པོ་རེད་སྐུ་ན་ཆུང་ཆུང་རེད་འདུག་དགུང་ལོ་༤༧ ཡིན་ས་རེད། ངོ་ཐོག་བྱས་ན་ནང་པའི་རྗེས་འཇུག་དང་མ་ཟད་སྤྲུལ་སྐུ་བླ་མ་ཡིན་པར་བརྟེན་དེ་འདྲ་སེམས་ཁྲལ་ཆུང་ཚག་ལ་ནང་གི་ཉམས་ལེན་གྱིས་སེལ་ཐབས་ཤིག་གནང་དགོས་པ་ལས་རང་ཤི་རྒྱབ་ན་དེ་ལས་ཀྱང་སྐྱོ་བོ་རེད་ཨ་ཁ་ད་ང་ཚོའི་བླ་མ་སྤྲུལ་སྐུ་དེ་ཚོས་གཞན་གྱི་སེམས་ཀྱི་སྡུག་བསྔལ་སྐྱོབས་ཐབས་བྲལ་བ
ཡིན་པ་འདྲ།
རེད་རེད། ཨ་ན་ཅལ་འདི་ཆབ་སྲིད་ཀྱི་ཐོག་ནས་རྒྱ་གར་ནག་གཉིས་ལ་འཚོར་སྣང་རྐྱེན་པའི་ས་གནས་ཤིག་ཡིན་ཕྱིན། མི་ཁག་ཅིག་གིས་གྲོངས་རྐྱེན་དེ་ལ་ཆབ་སྲིད་ཀྱི་འབྲེལ་མེད་འགྲོ་སྙམ་ནས་དོགས་པ་བྱེད་མཁན་འདུག གང་ལྟར་དེ་སྔོན་བློན་ཆེན་རྡོ་རྗེ་མཁའ་འགྲོ་གནམ་གྲུ་རྡབ་སྐྱོན་ལས་གྲོངས་ཤིང་། ད་ལྟ་ལྡི་ལི་ནས་འདི་འདྲའི་གནས་ཚུལ་ཞིག་ལྷག་འདུག གང་ལྟར་གནད་དོན་དེ་བོད་དང་བོད་རིགས། རིགས་གཞུང་དང་སྐད་ཁུངས་གཅིག་པ་ཀུན་ལ་མཚོན་ན་གྱོང་གུད་ཅིག་རེད་སྙམ། ཡིན་ཡང་། དམ་པ་ཁོང་གི་སྒེར་གྱི་གནས་ཚུལ་ལ་ཆ་རྒྱུས་མེད། ཡོད་མཁན་ཡོད་ན་གསུངས་རོགས་ཞུ། ཐུགས་རྗེ་ཆེ། དེ་ནས་གནས་ཚུལ་མང་པོ་གསལ་བོ་ཆགས་ངེས་རེད་སྙམ།
ཁོང་ངས་ཐེངས་ཁ་ཤས་མཇའ་ཕྲད་བྱུང་མྱོང་འོན་ཀྱང་ཁོང་གི་ལོ་རྒྱུས་གསལ་པོ་དེ་འདྲ་ཤོད་རྒྱུ་མེད། ཁོང་ཧི་མ་ལ་ཡ་ཡི་ཁོར་ཡུག་གི་སྡེ་ཚན་གྱི་ཚོགས་མི་ཞིག་ཀྱང་རེད། ཁོང་སྤྱིར་སྟངས་སྤོབས་སེམས་ཆེན་པོ་ཡོད་མཁན་ཞིག་ཀྱང་རེད་འདུག རྒྱ་གར་སྐད་ཡག་པོ་མཁྱེན་མཁན་ཞིག་ཀྱང་རེད།
འཆི་རྐྱེན་ངོ་མ་དེ་རང་སྲོག་བཅད་པ་ཡིན་ཚེ། ཉིད་ཀྱིས་གསུངས་བ་ལྟར་རེད། ཅིག་བྱས་ན་རང་སྲོག་བཅད་པ་ཡིན་སྲིད། དེ་དག་ནི་ཞིབ་འཇུག་གི་གནས་ཤིག་རེད།
ཤོག་ངོས་ཀྱི་ཁུངས། གཙོོ་ངོས། » གླུ་གཞས། » བཙན་བྱོལ
མཚོ་སྣ་རིན་པོ་ཆེ་མཆོག་རང་ཤི་བསྐྱོན་འདུག
འདོན་སྤེལ། ༢༠༡༤/༠༥/༡༩
དེ་རིང་རྒྱ་གར་དུས་བབ་སྟེང་ཟླ་འདིའི་ཚེས་ ༡༦ ཉིན་གྱི་དགོང་དྲོར་མཚོ་སྣ་རིན་པོ་ཆེ་མཆོག་ལྡི་ལིར་རང་ཤི་བསྐྱོན་ཡོད་པའི་གནས་ཚུལ་འཁོད་འདུག
དེ་རིང་རྒྱ་གར་དུས་བབ་ (Times Of India) དྲ་རྒྱའི་སྟེང་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཚེས་ ༡༦ ཉིན་གྱི་དགོང་དྲོར་མཚོ་སྣ་རིན་པོ་ཆེ་མཆོག་ལྡི་ལི་གསར་པའི་ལྷོ་ངོས་ཝ་སན་ཌི་ཁུན་ཇིའི་ (Vasant Kunj) གཟིམ་ཤག་ཏུ་རང་ཤི་བསྐྱོན་ཡོད་པའི་གནས་ཚུལ་བཀོད་འདུག ས་གནས་ཉེན་རྟོག་པས་སྐུ་ཕུང་ལ་བརྟག་ཞིབ་བྱས་པ་བརྒྱུད། ཁོང་གིས་རང་ཤི་བསྐྱོན་པ་ཡིན་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་དང་། རེས་གཟའ་སྤེན་པའི་ཉིན་ཁོང་གི་སྐུ་ཕུང་འབུམ་སྡེ་ལར་གདན་འདྲེན་ཞུས་ཡོད་འདུག
ཁོང་གི་སློབ་མ་ཞིག་གིས་རྒྱ་གར་དུས་བབ་གསར་ཁང་དུ་བརྗོད་པར། ཁོང་གི་སྤུན་མཆེད་ཞིག་ལ་རྒྱ་གར་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འོས་བསྡུའི་ཁྲོད། མོན་རྟ་དབང་གི་གྲོས་ཚོགས་འཐུས་མའི་རྒྱལ་ཁ་ཐོབ་མེད་པ་དེར་ཐུགས་འཕམ་བྱུང་སྟེ་རང་ཤི་བསྐྱོན་པ་ཞིག་ཡིན་སྐོར་བརྗོད་འདུག སློབ་མ་གཞན་ཞིག་གིས། ཟླ་འདིའི་ཚེས་ ༢ ཉིན་རིན་པོ་ཆེ་མཆོག་འབུམ་སྡེ་ལ་ནས་ལྡི་ལིར་ཕྱིར་ལོག་གནང་རྗེས། དད་ལྡན་པ་ཚོར་བཀའ་མོལ་མ་གནང་བ་མ་ཟད། འགྱོད་བཤགས་ཀྱི་ཡི་གེ་ཞིག་བྲིས་ཏེ་ཞུགས་ཀྱི་འདུག་ཅེས་བརྗོད་འདུག
ད་ལྟ་ཉེན་རྟོག་པས་ཁོང་གྲོངས་རྐྱེན་གང་ཡིན་ལ་མུ་མཐུད་རྩད་ཞིབ་བྱེད་ཀྱིན་ཡོད་པ་དང་། ཁོང་གི་བཞུགས་ཤག་ནས་རྙེད་སོན་བྱུང་བའི་བོད་ཡིག་ཕྱག་བྲིས་ཤིག་ཡོད་པར་ཁྲིམས་དོན་སྨན་སྦྱོར་གྱི་རྟག་ཐབས་ (forensic examination ) སྤྱད་དེ་བརྟག་དཔྱད་བྱེད་བཞིན་ཡོད་འདུག
མཚོ་སྣ་རིན་པོ་མཆོག་ནི། ༡༩༦༩ ལོའི་ཟླ་ ༨ པའི་ཚེས་ ༡༩ ཉིན་མོན་རྟ་དབང་སྙེ་གསར་རྫོང་པ་མཚོ་གྲོང་ཚོར་སྐུ་འཁྲུངས་ཤིང་། ༧གོང་ས་མཆོག་གིས་མཚོ་སྣ་བ་རྗེ་བཙུན་ཤེས་རབ་བཟང་པོ་མཆོག་གི་སྐུ་ཕྲེང་ ༡༣ པར་ངོས་འཛིན་དང་། འབྲས་སྤུངས་བློ་གསལ་གླིང་ནས་གཞུང་ཆེན་བཀའ་པོད་ལྔར་བསླབ་པ་མཐར་སོན་གནང་སྟེ་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་བཞེས་ཡོད་འདུག ཁོང་དུས་རྒྱུན་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་དང་༧གོང་ས་མཆོག་ལ་དད་གུས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག ༢༠༠༤ ལོར་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་དང་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་བཅས་གནང་ཡོད་འདུག
ཁོང་ད་ལྟ་ལྡི་ལིར་ཡོད་པའི་ཤེས་རབ་བཟང་པོ་སྤྱི་ཚོགས་ཞབས་ཞུ་ཁང་གི་འགན་འཛིན་གནང་མུས་ཡིན་པ་དང་། རྒྱ་གར་གྱི་ (Zee) བརྙན་འཕྲིན་ཁང་གི་ཆེད་སྒྲིག་གླེང་མོལ་ (Zee Jagran) བརྒྱུད་ནང་ཆོས་ངོ་སྤྲོད་ཀྱང་གནང་གི་ཡོད་འདུག
གསར་འགོད་པ། དོན་གྲུབ།
བན་དེ་ལགས། གནས་ཚུལ་སྤྲད་པ་ཀུན་ལ་ཐུགས་རྗེ་ལེགས་འབུལ་ཡོད།