རྩོམ་པ་པོ། རྡོ་རྗེ་ཆེན་ཆེན།
ཨོ་རྒྱན་སྟོབས་རྒྱལ་གྱིས་༧གོང་ས་མཆོག་ལ་”ཏཱ་ལའི་བླ་མ་བསྟན་བཤིག་རེད་”ཟེར་ནས་མཚན་དམད་བྱས་པ་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ལགས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་གཞུང་གི་ལས་ཤོག་ཐོག་བཀོད་ནས་ཨོ་རྒྱན་སྟོབས་རྒྱལ་ལ་དཀར་འདོན་བྱས་པ། ཨ་རིའི་མི་རིགས་ནག་པོ་ལྗོར་ལྗི་ཧླི་ལོ་ཏྲིའི་འདས་རྐྱེན་སོགས། མི་སྒེར་གྱི་གནད་དོན་མ་ཡིན་པར། སྤྱི་ཚོགས་ཀྱི་གནད་དོན་ཞིག་ཆགས་ཀྱིན་འདུག དེ་ཕྱིར་ཁོ་བོས་འདིར་གནད་དོན་དེ་དག་གི་སྐོར་ནས་གླེང་སློང་ཅུང་ཙམ་བྱེད་ཀི་ཡིན།
ཨོ་རྒྱན་སྟོབས་རྒྱལ་གྱིས་༧གོང་ས་མཆོག་ལ་མཚན་དམད་བྱས་པ་དེ། ༧གོང་ས་མཆོག་སྐུ་སྒེར་ལ་མཚན་དམད་བྱས་པ་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་ངོ་བོ་དང་སེམས་ཀྱི་དད་པར་དམའ་འབེབ་དང་ཕོག་ཐུག་བཏང་བ་ཞིག་རེད། བོད་མིའི་སྒྲིགས་འཛུགས་ཀྱི་བཅའ་ཁྲིམས་ནང་༧་གོང་ས་མཆོག་བོད་མི་རིགས་ཀྱི་བླ་ན་མེད་པའི་ངོ་བོ་མཚོན་བྱེད་ཡིན་ཟེར་ནས་བཀོད་ཡོད་ལ། དེ་ལ་བོད་མིའི་སྒྲིགས་འཛུགས་དང་བོད་མི་མང་གིས་༧རྒྱལ་བ་རིན་པོ་ཆེའི་མཚན་གནས་དེར་སྲུང་སྐྱོབ་བྱེད་དགོས་པར་བརྗོད་ཡོད། སོང་ཙང་། སུས་རྒྱལ་བ་རིན་པོ་ཆེ་ལ་མཚན་དམད་བྱས་ན་དེས་བོད་མི་རིགས་ཀྱི་ངོ་བོར་མཚན་དམད་བྱས་པ་དང་གཅིག་པ་ཆགས་ཀྱིན་ཡོད།
དམངས་གཙོ་མ་ཡིན་པའི་རྒྱལ་ཁབ་དག་གི་ནང་བཤད་མ་དགོས་པ་རེད། དེང་གི་དམངས་གཙོའི་རྒྱལ་ཁབ་གང་ཞིག་གི་ནང་དུའང་། མི་སྒེར་སོ་སོས་སྲིད་གཞུང་གི་ལས་དོན་བྱེད་ཕྱོགས་དང་སྲིད་ཇུས་འཛིན་སྟངས་སོགས་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་པའི་སྨྲ་བརྗོད་རང་དབང་ཡོད་ཀྱང་། སུ་གཅིག་གིས་ཀྱང་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་མཚོན་པའི་དཔེར་ན་རྒྱལ་གླུ་དང་རྒྱལ་དར། རྒྱལ་རྟགས་སོགས་ལ་གང་བྱུང་དམའ་འབེབ་དང་མཐུང་ཆུང་སོགས་བྱེད་མི་ཆོག དེ་ལྟར་བྱས་ན་གང་དེའི་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་གྱིན་ཡོད། བོད་མིའི་སྒྲིགས་འཛུགས་ཀྱི་བཅའ་ཁྲིམས་ནང་གསལ་བའི་༧གོང་ས་མཆོག་བོད་མི་རིགས་ཀྱི་བླ་ན་མེད་པའི་ངོ་བོ་མཚོན་བྱེད་ཡིན་ཅེས་བཀོད་ཡོད་པའི་མཚན་གནས་དེ་ནམ་ཞིག་དམངས་གཙོའི་ལམ་ནས་རྩིས་མེད་མ་གཏང་བར་དུ། ༧གོང་ས་མཆོག་ལ་མཚན་དམད་བྱས་ན་བོད་མི་རིགས་ཀྱི་ངོ་བོར་དམའ་འབེབ་དང་མཐུང་ཆུང་བྱས་པ་ཞིག་ཆགས་ཀྱིན་ཡོད། འདི་གནད་དོན་གཅིག་རེད།
གཞན་དེ། བོད་མི་ས་ཡ་མང་པོས་རྒྱལ་བ་རིན་པོ་ཆེ་ལ་དད་མོས་ཤུགས་ཆེན་བྱེད་ཀི་ཡོད། གལ་སྲིད་སུ་ཞིག་གིས་རྒྱལ་བ་རིན་པོ་ཆེ་ལ་མཚན་དམད་བྱས་ན། བོད་མི་ས་ཡ་མང་པོའི་སེམས་ཀྱི་དད་པར་ཕོག་ཐུག་གཏོང་གི་ཡོད། དེང་གི་དམངས་གཙོའི་རྒྱལ་ཁབ་གང་ཞིག་གི་ནང་དུའང་། མི་གཞན་སུ་གཅིག་དང་མི་རིགས་བྱེ་བྲག་པ་གང་ཞིག་ཡིན་རུང། ཁོ་བ་ཚོའི་དད་མོས་ལ་མི་ཚང་མས་བརྩི་བཀུར་བྱེད་དགོས་པ་ལས། སྨྲ་བརྗོད་རང་དབང་བེད་སྤྱད་ནས་མི་སྒེར་དང་མི་རིགས་བྱེ་བྲག་པ་གང་དེའི་སེམས་ཀྱི་དད་མོས་ལ་རྡོག་རྫི་བཏང་མི་ཆོག དཔེར་ན། དེང་གི་ཡོ་རོབ་གླིང་གི་དམངས་གཙོའི་རྒྱལ་ཁབ་སོ་སོ་དང་། དེ་བཞིན་ཨ་རི། ཨོ་སི་ཁྲུ་ལེ་ཡ་ལ་སོགས་གང་ཞིག་གི་ནང་དུའང་། ཡེ་ཤུའི་ཆོས་དཔོན་བྷོ་ལྟ་བུར་དོན་མེད་སྐྱོན་བརྗོད་དང་དམའ་འབེབ་བྱེད་ཆོག་གི་མེད། རྒྱུས་མཚན། ཡེ་ཤུའི་དད་ལྡན་ས་ཡ་མང་པོའི་སེམས་ཀྱི་དད་མོས་ལ་ཕོག་ཐུག་འགྲོ་ཡི་ཡོད་པས་རེད།
གོང་གི་གནད་དོན་དེ་གཉིས་ནི་༧གོང་ས་མཆོག་ལ་མཚན་དམད་བྱས་པ་དེ། མི་སྒེར་ཞིག་༧གོང་ས་མཆོག་ལ་དད་པ་ཡོད་མེད་དང་དགའ་མི་དགའི་དོན་དག་ཅིག་མ་ཡིན་པར་བོད་མི་རིགས་ཀྱི་ངོ་བོ་ལ་དམའ་འབེབ་དང་། རྒྱལ་བ་རིན་པོ་ཆེ་ལ་དད་མོས་བྱེད་མཁན་གྱི་མི་ས་ཡ་མང་པོའི་སེམས་ཀྱི་དད་མོས་ལ་བརྩི་བཀུར་མ་བྱས་པའི་གདན་དོན་ཞིག་རེད། གཤམ་དུ། ཆོས་རིག་བཀའ་བློན་གཡུ་ཐོག་ལགས་ནས་ཨོ་རྒྱན་སྟོབས་རྒྱལ་གྱིས་༧་གོང་ས་མཆོག་ལ་མཚན་དམད་བྱས་པ་དེར། བོད་མིའི་སྒྲིགས་འཛུགས་ཀྱི་ལས་ཤོག་ཐོག་རང་ཉིད་སྒེར་གྱི་བསམ་ཚུལ་སྤེལ་ཏེ། ཨོ་རྒྱན་སྟོབས་རྒྱལ་ལ་དཀར་འདོན་བྱས་པ་དེར་དབྱེ་ཞིབ་བྱེད་ཀི་ཡིན།
སྤྱིར་བཏང་གང་ཟག་སྒེར་གྱི་བསམ་ཚུལ་ཚོགས་པ་དང་སྒྲིགས་འཛུགས་ཀྱི་ལས་ཤོག་ཐོག་སྤེལ་ཆོག་གི་མེད། གལ་སྲིད་སྤེལ་བ་ཡིན་ན། ཕྱོགས་གཅིག་ནས་དབང་ཆ་སྒེར་སྤྱོད་ཆགས་ཀྱིན་ཡོད་ལ། དེ་མིན་གང་དེའི་ཚོགས་པ་དང་སྒྲིགས་འཛུགས་ཀྱི་ལངས་ཕྱོགས་དང་འདོད་ཚུལ་མཚོན་གྱིན་ཡོད། ང་ཚོ་མི་ཚང་མས་ཤེས་གསལ་ལྟར་རེད། ཁྱོད་ཀྱིས་ལས་ཁུངས་དང་ཚོགས་པ་ཆེ་ཆུང་ཇི་འདྲ་ཞིག་གི་ནང་དུ་ལས་ཀ་བྱས་ནའང་། གང་དེའི་ཚོགས་པ་དང་ལས་ཁུངས་ཀྱི་ཁྲིམས་དང་སྒྲིགས་གཞི་འཁུར་དགོས་པར་མ་ཟད། མི་སྒེར་གྱིས་ཚོགས་པའི་མིང་དང་ལས་ཤོག་སོགས་བཀོལ་ནས་རང་གི་བསམ་ཚུལ་དང་འདོད་དོན་སྒྲུབ་ན། ཚོགས་པ་དང་སྒྲིགས་འཛུགས་ནས་ཕྱིར་ཕུད་དང་ཉེས་ཆད་ཡོད་པ་རེད།
འོན་ན། ཆོས་རིག་བཀའ་བློན་གཡུ་ཐོག་ནས་མི་སྒེར་གྱི་བསམ་ཚུལ་ཆོས་རིག་བཀའ་བློན་གྱི་ལས་ཤོག་ཐོག་སྤེལ་བ་དེ། བོད་མིའི་སྒྲིགས་འཛུགས་ཀྱི་ཁྲིམས་དང་སྒྲིགས་གཞི་ལ་མཐུན་གྱིན་ཡོད་དམ། ཁོང་གིས་ཤེས་བཞིན་དུ་སྤེལ་བ་རེད་དམ་ཡང་ན་མ་ཤེས་ནས་སྤེལ་བ་རེད། གནད་དོན་འདི་ནི་ལས་ཐོག་བཀའ་བློན་གཡུ་ཐོག་གིས་ཨོ་རྒྱན་སྟོབས་རྒྱལ་གྱིས་རྒྱལ་བ་རིན་པོ་ཆེ་ལ་མཚན་དམད་བྱས་པར་དཀར་འདོན་བྱས་དང་མ་བྱས་ཀྱི་གདན་དོན་ཞིག་མ་རེད། གལ་སྲིད་ཤེས་བཞིན་བྱས་པ་ཡིན་ན། དབང་ཆ་སྒེར་སྤྱོད་བྱས་པ་རེད། དེ་རང་བཞིན་གྱི་བོད་མིའི་སྤྱི་ཚོགས་དང་སྒྲིགས་འཛུགས་ཀྱི་གནད་དོན་ཞིག་ཆགས་ཡོད་པ་རེད།
འདི་ནས་ཨ་རིའི་མི་རིགས་ནག་པོ་ལྗོར་ལྗི་ཧླི་ལོ་ཏྲིའི་འདས་རྐྱེན་དང་འབྲེལ་ནས་གླེང་སློང་ཙམ་བྱེད་ཀི་ཡིན། འདི་བོད་པའི་སྤྱི་ཚོགས་དང་ཐད་ཀར་འབྲེལ་བ་མེད་ནའང་། ལྗོར་ལྗི་ཧྥི་ལོ་ཏྲིའི་འདས་རྐྱེན་དེ་ང་ཚོ་མི་མང་པོ་ཞིག་གིས་མཐོང་མ་ཐག་ཏུ་ཁོ་མི་སྒེར་གཅིག་གི་གདན་དོན་ཞིག་དང་དེ་ནས་ཨ་རིའི་ནང་གི་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་གནད་དོན་ཞིག་ཏུ་མཐོང་བ་རེད། ཡིན་ནའང་། ཁོའི་འདས་རྐྱེན་དེ་མི་སྒེར་གྱི་ཚེ་སྲོག་ཤོར་པའི་གནད་དོན་ཞིག་དང་ཨ་རིའི་ནང་གི་མི་རིགས་དཀར་ནག་བར་གྱི་དབྱེ་འབྱེད་ཙམ་གྱི་གནད་དོན་ཞིག་མ་ཡིན་པར། འགྲོ་བ་མིའི་གཞི་རྩའི་མི་ཞིག་ཡིན་པའི་ངོས་འཛིན་དང་ཀུན་སྤྱོད་སོགས་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཡོང་གི་ཡོད། རྒྱུ་མཚན་དེ་ཕྱིར། སྤྱི་ཚོགས་ཀྱི་གནད་དོན་ཞིག་ཡིན་ཕྱིན་ང་ཚོས་དོ་སྣང་བྱེད་དགོས།
མཇུག་ཏུ་ཚང་མས་བསམ་བློ་གཏོང་དགོས་པའི་དོན་དག་གཞན་ཞིག་ནི། མི་ལ་ལས་སྨྲ་བརྗོད་རང་དབང་དང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་། དེ་བཞིན་དམངས་གཙོའི་གཞུང་ཞིག་གི་ནང་དུ་སྐྱེ་བུ་སྒེར་ཞིག་གི་ཐོབ་ཐང་དང་རང་དབང་ཅི་ཡོད་སོགས་བཤད་ནས། མི་མང་པོ་ཞིག་མགོ་འཁྲུལ་ཉེན་བཟོ་བཞིན་འདུག གཅིག་ནས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རང་དབང་། འདྲ་མཉམ་སོགས་ནི་དེང་གི་མི་ཚང་མས་དགའ་མོས་བྱེད་སའི་རིག་གནས་ཤིག་ཆགས་ཡོད་ཕྱིར། མི་མང་པོ་ཞིག་གོང་གི་རིག་གནས་དེ་དག་གི་མིང་ཙམ་གོ་ཡོང་དུས་དགའ་མོས་བྱེད་པ་དང་། ཐ་སྙད་དེ་དག་བེད་སྤྱད་ནས་སྐད་ཆ་ཅི་བཤད་བདེན་པར་མཐོང་བ་དང་གནས་ལུགས་ཡོད་པར་འདོད་སྲིད་པ་རེད།
ཡིན་ནའང་། ང་ཚོ་ཚང་མས་ཤེས་དགོས་པ་ཞིག་ནི། ཁྲིམས་དང་དམངས་གཙོའི་ལམ་ལུགས་འོག་ཏུ་སྲིད་གཞུང་གི་དབང་ཚད་དང་། མི་མང་གི་སྨྲ་བརྗོད་རང་དབང་དང་ཐོབ་ཐང་། མི་སྒེར་གྱི་རང་དབང་དང་ཐོབ་ཐང་གང་ཡིན་རུང་། ཚང་མ་ལྟོས་བཅས་ཡིན་པ་ལས་ལྟོས་མེད་རང་རྐྱ་འཕེར་བ་མ་ཡིན། དཔེར་ན། མི་སྒེར་ཞིག་ལ་སྨྲ་བརྗོད་རང་དབང་ཡོད་ནའང་། དེ་བེད་སྤྱད་ནས་མི་གཞན་ཀྱི་མཚན་སྙན་དང་ངོ་བོར་གནོད་སྐྱོན་གཏོང་ཆོག་གི་མེད་པ་མ་ཟད། མི་གཞན་གྱི་རིག་གནས་དང་གོམས་སྲོལ། ཆོས་ལུགས་དད་མོས་སོགས་ལ་བརྩི་བཀུར་བྱེད་དགོས། གལ་སྲིད་དམངས་གཙོའི་སྤྱི་ཚོགས་ཤིག་གི་ནང་དུ་མི་རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བ། དད་མོས་མི་འདྲ་བ་སོགས་ལ་མི་སོ་སོ་ནས་དེ་དག་ལ་བརྩི་བཀུར་དང་ངོས་ལེན་མ་བྱས་ཕྱིན། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་འདྲ་མཉམ་སོགས་ཡོང་ཐབས་མེད།
རྩོམ་ཡག་གི གནད་དོན་གྱི་རྩ་བ་བཟུང་འདུག
རྩོམ་ཡིག་སྤུས་དག་ཅིག་རེད།