གྲོགས་པོ་མདའ་ཚན་པས་ཉིན་གཅིག་གི་སྔོན་ནས་མཐོང་ཟིན་པའི་མཛད་སྒོ་ངས་ད་སོ་མ་བལྟས་པ་ཡིན། ང་ལ་མཐོང་ཚུལ་འགའ་ཞིག་བྱུང་། མདའ་ཚན་པས་གསུངས་པ་བཞིན་ངོ་མཚར་དེ་ཚོ་ནི་ངོ་མཚར་རང་རེད། ཡིན་ན་ཡང་ངས་མི་སྟོང་ཕྲག་མང་པོ་མཉམ་རུབ་ཀྱིས་རྔ་བརྡུང་ནས་སྒུར་དགྱེས་བྱེད་སྐབས་དེར། ཆོས་ལུགས་ཞིག་ལ་རྨོངས་དད་ཀྱིས་དམར་མཆོད་བྱེད་བཞིན་པའི་ཚོར་སྣང་ཞིག་བྱུང་། དེ་ནས་རྒྱ་མི་དང་རྒྱ་མི་རེད། ཐེ་ཝན་ལ་སླེབས་དུས་ཁྱད་མཚར། རྒྱ་ནག་གི་ཐེ་ཝན་ཞེས་བྲིས་འདུག དྲིལ་བསྒྲགས་མཁན་གྱིས་ཐེ་ཝན་ལ་རང་གི་རྒྱལ་དར་ཡང་འཁྱེར་མ་བཅུག་པ་རེད་ཟེར། ཐེ་ཝན་གྱིས་རས་ལེབ་ཞིག་གི་སྟེང་ལ་ཨོ་ལིམ་པིག་གི་རི་མོ་ཡོད་པ་ཞིག་འཁྱེར་འདུག ཧོང་ཀོང་ལ་ནི་ཧོང་ཀོང་ཞེས་པ་གཞན་བྲིས་མི་འདུག ལྟད་མོ་བ་ཚོས་བྱང་ཀོ་རི་ཡ་དང་ཁུའུ་བྷ་རྒྱལ་ཁབ་སླེབས་དུས་སྐད་གཟེངས་བརྒྱབ་སོང་། དམར་པོའི་རྒྱལ་ཁབ་ཀྱི་ཕྱོགས་ཞེན་ཡིན་པ་འདྲ། དེ་ནས་རྒྱ་ནག་གི་ལུས་རྩེད་པ་ཚོ་སླེབས་སོང་། བརྙན་འཕྲིན་འགྲེལ་བརྗོད་པས། “ལྟོས་ཨ། འདི་ནི་དེང་རབས་རྒྱ་ནག་གི་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཞིག་བྱུང་བ་རེད། མི་ཚོགས་ཀྱིས་སྐད་རྒྱག་གི་རེད།”ཟེར། ངས་བལྟས་ཤིང་སྒུག་བསྡད། མང་ཚོགས་དེ་རང་དབང་ལུང་པའི་མི་ཚོགས་དང་མི་འདྲ་བ་འདུག སྐད་རྒྱག་རྒྱུ་ཡང་མི་འདུག མི་ཚོགས་དེ་ནི་ལྐུགས་པ་མི་ཚོགས་ཤིག་དང་འདྲ། ཨོ་དང་བྷོ་སོགས་གོ་རྒྱུ་དེ་ཙམ་མི་འདུག
དེ་ནས་གསུང་བཤད་གནང་སྐབས་སི་ཁྲོན་གྱི་ས་ཡོམ་སྐོར་གོ་རྒྱུ་འདུག བོད་དོན་གོ་རྒྱུ་མི་འདུག
གཡང་སྐྱབས་རྒྱལ་གྱིས།
ད་རེས་རྒྱ་ནག་གཞུང་གིས་ཨོ་རྩེད་ཀྱི་མཛད་སྒོ་བརྒྱུད་ནས་མི་སྟོབས་བསྟན་སོང་།་་་འཕྲུལ་རྩལ་ལྷག་པར་གློག་གི་འཕྲུལ་སྟོབས་བསྟན་སོང་།་་་སྒྱུ་རྩལ་གྱི་སྟོབས་བསྟན་སོང་།་་་རྒྱའི་རིག་གཞུང་གི་སྟོབས་ཀྱང་བསྟན་སོང་།་་་འོན་ཀྱང་སྟོན་མ་ཐུབ་པ་གཅིག་འདུག་་་དེ་ནི་རྒྱ་ནག་གཞུང་ནམ་ཡང་སྟོན་རྒྱུར་དགའ་བའི་མི་རིགས་མཐུན་སྒྲིལ་ཟེར་བ་དེ་རེད།་་་
རྒྱ་ནག་གི་དབང་འོག་ན་ཡོད་པའི་མི་རིགས་ལྔ་བཅུ་ལྷག་གི་ཚབ་མཚོན་ཡིན་ཁུལ་གྱི་བྱིས་པ་ལྔ་བཅུ་ལྷག་གིས་མི་རིགས་ཀྱི་གྱོན་ཆས་གོན་ནས་རྒྱ་ནག་གི་དར་ཆ་རྩེད་རའི་ནང་ལ་བསྐྱལ་ཡོང་བ་འདི་མ་གཏོགས།་་་དངོས་གཞིའི་འཁྲབ་སྟོན་གྱི་ནང་དུ་རྒྱ་རིགས་ཁོ་ན་མ་གཏོགས་མི་རིགས་གཞན་པའི་རིག་གཞུང་མཚོན་པའི་འཁྲབ་སྟོན་ཟུར་ཙམ་ཡང་མངོན་མེད།་་་ཨོ་རྩེད་ནི་ཕལ་ཆེར་དེང་སང་ཀྲུང་གོ་ཟེར་བའི་ཁོངས་སུ་རྒྱ་མི་རིགས་མ་གཏོགས་མ་གཏོགས་མི་རིགས་གཞན་པ་ལ་འབྲེལ་བ་མེད་པ་ལྟ་བུ་ཞིག་ཏུ་མངོན་འདུག་་་སྤྱིར་བཏང་རྒྱ་ནག་གི་དོན་དག་མང་ཆེ་བ་རྒྱ་མི་རིགས་ཀྱི་ཁེ་ཕན་གཙོ་བོ་ཡིན་ན་ཡང་།་་་ཕྱི་ལ་སྟོན་སྐབས་མི་རིགས་ཚང་མའི་ཁེ་ཕན་ཡིན་མདོག་སྟོན་རྒྱུ་རྒྱ་གཞུང་གི་སྲོལ་རྒྱུན་ལྟ་བུ་གྱུར་ཡོད།
ལོ་ཤས་ཀྱི་སྔོན་ལ་ངས་གཏམ་འཁྱར་ཞིག་ཐོས་གསལ་ལ།་་་ཨོ་རྩེད་ཀྱི་མཛད་སྒོའོ་འཁྲབ་སྟོན་གྱི་ནང་དུ་རྒྱ་ནག་གི་དབང་འོག་ན་ཡོད་པའི་མི་རིགས་སོ་སོའི་འཁྲབ་སྟོན་རེ་འཇུག་རྒྱུ་ཡིན་པ་དང་།་་་་བོད་པ་རེ་ཟུང་གིས་གེ་སར་སྒྲུང་གི་འཁྲབ་སྟོན་ཞིག་དེའི་ནང་ལ་འཇུག་རྒྱུའི་བསམ་བློ་གཏོང་གི་ཡོད་པ་རེད་ཟེར།
ཨོ་རྩེད་ཀྱི་མཛད་སྒོའི་འཁྲབ་སྟོན་གྱི་ནང་ལ་མ་ཚུད་ན་བོད་པ་རྣམས་ལ་དེ་འདྲའི་ཕངས་སེམས་ཡོད་ཀྱི་མ་རེད།་་ད་ལོ་རྒྱ་གཞུང་གི་དབང་སྒྱུར་ལ་ངོ་རྒོལ་གྱེན་ལངས་དེ་ལྟ་བུ་ཞིག་བྱས་པ་རེད།་་་ཡིན་ན་ཡང་མི་རིགས་གཞན་པའི་ནང་ན་མཛད་སྒོའི་འཁྲབ་སྟོན་གྱི་ནང་ལ་ཚུད་འདོད་མཁན་ཡོད་ཀྱི་རེད།་་་དེའི་ནང་ལ་མ་ཚུད་ན་བློ་ཕམ་བྱེད་མཁན་ཡང་གཅིག་བྱས་ན་ཡོད་ཀྱི་རེད།
ཧྲང་ཧེའི་རྒྱ་མོ་སློབ་གྲྭ་བ་ཞིག་གིས་བཤད་ན། མཛད་སྒོའི་འཁྲབ་སྟོན་གྱི་བཀོད་པ་རྒྱག་མཁན་ལྟེ་བ་གཅིག་ནི་ཀྲང་ཡུས་མོའུ་རེད་ཟེར། ངོ་མ་འཁྲབ་སྟོན་ཁ་ཤས་ནི་ཀྲང་གི་དེང་སང་གི་ཆོན་རྒྱག་གློག་བརྙན་དེ་ཚོའི་རྣམ་པ་དང་འདྲ་སེ་འདུག ངས་ཆ་ཚང་ཞིག་མ་མཐོང་མོད། བོད་དང་འབྲེལ་བའི་དོ་སྣང་ཞིག་ནི་ཨོ་རྩེད་ཀྱི་དར་ཆ་འཁྱེར་མཁན་མི་བརྒྱད་ཀྱི་གྲས་ནས་གཅིག་ནི་ཇོ་མོ་གླང་མར་འཛེག་མཁན་རྒྱ་ནག་གི་བུད་མེད་ཐོག་མ་དེ་རེད། གོ་ཐོས་ལྟར་ན། རི་དྭགས་གཙོད་པེ་ཅིན་གྱི་གཞུང་འབྲེལ་ཨོ་རྩེད་ཀྱི་ལས་རྟགས་ཀྱི་གྲས་སུ་འཇོག་གི་ཡོད་པའི་སྐད་ཆ་ཞིག་ཀྱང་འདུག འདི་ལྟར་བལྟས་ཡོང་དུས་རྒྱ་ནག་ལ་བོད་ཀྱི་ས་ཆ་མ་གཏོགས་མྱི་གལ་ཆེན་མིན་པ་གསལ་བོ་རེད།
ངས་ང་རང་གི་ལོ་བཅུ་གསུམ་དུ་སླེབས་པའི་བུ་ལ་(ཁོས་ཕྱི་རྒྱལ་གྱི་སློབ་གསོ་མྱོང་བས་ཀྲུང་གོ་ཟེར་ན་མི་རིགས་སྣ་འདུས་ཀྱི་རྒྱལ་ཁབ་ཅིག་ཏུ་གོ་ཡི་ཡོད)ཀྲུང་གོའི་མཚོན་བྱེད་ཚང་མ་རྒྱ་ནག་གི་རིག་གཞུང་དང་ལོ་རྒྱུས་རེད་ཅེས་བཤད་པ་ཡིན། ཁོས་ལམ་སང་བོད་ཀྱི་གཙོད་དེ་བོད་ཀྱི་མཚོན་བྱེད་མ་རེད་དམ་ཟེར། དེ་ནས་ངས་ཀྱང་ལམ་སང་དོན་དག་གཏིང་ཟབ་པོ་ཞིག་ཤེས་ཀྱི་ཡོད་མདོག་གིས་དེ་བོད་ཀྱི་ཐོན་ཁོངས་རྒྱ་ནག་ལ་གལ་ཆེན་པོ་ཡིན་པའི་མཚོན་བྱེད་ཅིག་ལས་གཞན་གང་ཡང་མ་རེད་ཅེས་ལན་རྒྱབ་པ་ཡིན།
ཁྱེད་ཀྱིས་བུ་ལ་མགོ་ས྄ྐོར་བཏང་བ་ཡིན་ནམ་ནཡང་གནས་ཚུལ་གཞན་ཞིག་ཤེས་ར྄ྟོགས་ཀྱི་ཆེད་ཡིན།
ཨོ་རྩེད་ཀྱི་ཟླ་དུས་འདི་རྒྱ་ནག་གི་དབང་འོག་གི་སློབ་གྲྭ་ཚང་མ་དབྱར་ཁའི་གུང་གསེང་གི་དུས་ཚོད་ཡིན་མོད། གོ་ཐོས་ལ་ལྷ་སའི་ཁུལ་གྱི་བོད་རིགས་སློབ་གྲྭ་ཚང་མ་དབྱར་ཁའི་གུང་གསེང་མེད་པར་སློབ་གྲྭ་ཚོགས་དགོས་ཀྱི་འདུག་ཟེར། རྒྱ་ནག་གཞུང་གིས་བོད་པའི་སློབ་མ་རྣམས་སྤྱིཚོགས་ཐོག་ལ་བསྡད་ན་ཨོ་རྩེད་ལ་མི་དགའ་བའི་ལས་འགུལ་རེ་སྤེལ་མི་ཡོང་ངམ་སྙམ་ནས་འདི་ལྟར་བྱེད་ཀྱི་ཡོད་པ་འདྲ། འདི་ནི་བོད་རང་སྐྱོང་ལྗོངས་སམ་། བོད་ཁུལ་གཞན་པ་ལ་འདི་ལྟར་བྱེད་ཀྱི་ཡོད་མེད་མ་ཤེས། ལྷ་ས་ལ་འདི་ལྟར་བྱས་ཡོད་པ་དོན་དངོས་ཡིན་པ་འདྲ། ལྷ་ས་རང་ན་ཡོད་པའི་སློབ་གྲྭའི་སློབ་མ་མ་ཟད། རྒྱ་ནག་ནང་ལོགས་ན་ཡོད་པའི་བོད་རང་སྐྱོང་ལྗོངས་ཀྱི་སློབ་འབྲིང་གི་སློབ་མ་རྣམས་ཀྱང་སྤྱི་ཚོགས་ཐོག་ལ་རང་དགར་བསྡད་ཆོག་གི་མི་འདུག་ཟེར།
ད་དུང་གོ་ཐོས་ལ། ལྷ་སའི་ཞོ་སྟོན་ཡང་སླེབས་གྲབས་ཡོད་ན་ཡང་། རྒྱ་གཞུང་གིས་དེ་ཨོ་རྩེད་སྐབས་སུ་སྤེལ་མི་ཆོག་པར་ཕྱི་འགྱངས་བྱས་འདུག་པ་དང་། ཨོ་རྩེད་ལེགས་པོ་བྱུང་ན་ཟླ་བ་བཅུ་པའི་ནང་ལ་ཞོ་སྟོན་རྒྱས་པོ་ཞིག་གཏོང་་གི་ཡིན་ཞེས་བརྗོད་ཀྱི་འདུག་ཟེར།