ཚེ་རིང་དོན་གྲུབ
བོད
༢༠༠༤ ནང་རྒྱལ་སྤྱིའི་ཨོ་ལིམ་ཕི་ཁུ་རྩེད་འགྲན་དེ་རྒྱ་ནག་ཏུ་ཐོབ་ནས་བཟུང་། འཛམ་གླིང་གང་སར་གནས་སྡོད་བྱས་བའི་བཙན་བྱོལ་བོད་མི་དང་། ཚོགས་
པ་འདྲ་མིན། ཆེད་མཁས། སློབ་ཕྲུག་སོགས་ཀྱིས་ཨོ་ལིམ་ཕི་ཁུ་རྩེད་འགྲན་ལ་རྐྱེན་བྱས་བོད་ཀྱི་གནད་དོན་འཐབ་རྩོད་དེ་ངོ་བོ་མ་འདྲ་བ་དང་། ཐབས་ལམ་མ་འདྲ་བ། བྱེད་ལས་མ་འདྲ་བའི་སྒོ་ནས་འཛམ་གླིང་ལ་བོད་ཀྱི་གནད་དོན་གསལ་སྟོན་བྱེད་ཆེད་དུས་ཚོད་དམ་འཛིན་དང་འཆར་གཞི་མང་པོ་ཞིག་བཏང་ཡོད་པ་རེད་།
ཉེ་བའི་ལོ་འདི་དག་གི་ནང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་རང་དབང་སློབ་ཕྲུག་ཚོགས་པ་གཉིས་ཀྱིས་པེ་ཅིན་ཨོ་ལིམ་ཕི་ཁུ་རྩེད་འགྲན་ལ་
མངོན་གསལ་དོད་པའི་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་པ་དང་། གཞུང་དང་ཚོགས་པ་འདྲ་མིན། ལུས་རྩལ་མཁན། དེ་མིན་པེ་ཅིན་ཨོ་ལིམ་ཕི་ཁུའི་ཚོང་ལས་མཉམ་
རོགས་བྱེད་མཁན་བཟོ་གྲྭ་སོགས་ལ་བོད་ཀྱི་གནད་དོན་འགྲེལ་བརྗོད་དང་། བོད་ནང་གི་གནས་སྟངས་ཉེན་ཚབས་ཅན་དུ་གྱུར་ཡོད་ཚུལ་གསལ་སྟོན་བྱས། ༢༠༠༧
ཟླ་བ་༨ ཚེས་༤ ཉིན་བོད་རང་དབང་སློབ་ཕྲུག་ཚོགས་པའི་འགན་འཛིན་ལྷ་སྒྲོན་ཏྲེས་མཐོང་ཆེད་དུ་པེ་ཅིན་དུ་ཕྱིན་ནས་ཐེན་ཨན་མིན་ཐང་ཆེན་དུ་ཐད་ཀར་ཨོ་
ལིམ་ཕི་ཁུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་ལ་ཁ་པར་བཏང་ནས་རྒྱ་ནག་དམར་ཕྱོགས་ཀྱིས་བོད་ཀྱི་རིག་གཞུང་རྩ་གཏོར་དང་། ཆོས་དད་རང་དབང་མེད་
པ། འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་མི་བྱེད་པ། པེ་ཅིན་ཨོ་ལིམ་ཕི་ཁུ་ནི་ཧ་ཅང་མི་འོས་བ་ཞིག་ཡིན་པར་བརྗོད་ཡོད་། བོད་རང་དབང་སློབ་ཕྲུག་ཚོགས་པས་
༼ འཛམ་གླིང་གཅིག རྨི་ལམ་གཅིག བོད་རང་དབང༽ ཞེས་བའི་འབོད་ཚིག་འདི་ཁྱེར་ནས། བོད་ཀྱི་རི་བོ་ཧི་མ་ལ་ཡའི་རི་འདབས་སུ་བསྒྲེངས་ཤིང་། རྒྱ་ནག་གི་
ལྕགས་རི་རིང་བའི་རྩིག་གྱང་དུ་སྦྱར་བ། ཨ་རིའི་ནུབ་ཕྱོགས་སུ་ཡོད་པའི་གསེར་མདོག་གི་ཟམ་ཆེན་ཐོག་བཙུགས་པ། ཕཱ་རེ་སིའི་མཆོད་རྟེན་ཐོག་བཀལ་བ། ལོན་ཊོན་ཟམ་ཆེན་ངོས་སུ་བཤམས་པ་སོགས། འཛམ་གླིང་མི་མང་གི་མིག་ལམ་དུ་གསལ་སྟོན་བྱས་བ་མ་ཟད། རྒྱལ་སྤྱིའི་གསར་འགོད་བརྒྱུད་ལམ་དུ་པེ་ཅིན་ཨོ་ལིམ་
ཕི་ཁུ་དང་རྒྱ་ནག་གི་སྲིད་བྱུས། བོད་ཀྱི་གནད་དོན་སྐོར་གླེང་གཞི་ཆེ་རུ་ཕྱིན་ཡོད།
ཟླ་༣་ཚེས་༢༥ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཀོད་སྒྲིག་འོག་བཙན་བྱོལ་བོད་གཞུང་གི་ལྟེ་གནས་རྡ་རམ་ས་ལ་རུ་འགོ་འཛུགས་ཀྱིས་༼ བོད་རང་
བཙན་དཔལ་འབར་ ༽ཞེས་ཡུ་རོབ་དང་ཨ་རི་སོགས་འཛམ་གླིང་གི་ཡུལ་གྲུ་མང་བོ་ཞིག་དུ་བརྒྱུད་སྤྲོད་བྱེད་བཞིན་ཡོད་པ་རེད།
སྤྱིར་ནས་རྒྱལ་སྤྱིའི་ཨོ་ལིམ་ཕི་ཁུ་དེ་རྒྱ་ནག་ལ་ཐོབ་ནས་བཟུང་། བོད་ནང་གི་གནས་སྟངས་དམ་དྲག་བྱུང་ཡོད་པ་དང་། བོད་ཀྱི་སྲོལ་རྒྱུན་དུས་སྟོན་དང་། མི་མང་འདུ་ཚོགས་ཀྱི་དགའ་སྟོན་སོགས་ལ་བཏང་འཛིན་དང་བཀག་འགོག་བྱས་བ་མ་ཟད། རྒྱ་དམར་གཞུང་དོགས་སྣང་དང་སེམས་འཚུབ་ཆེན་པོས་སྤྱི་ཚོགས་བདེ་
འཇགས་ལ་ཁ་གཡར་ནས་ཉེན་རྟོག་སྐོར་སྲུང་བ་ཕོན་ཆེན་བཏང་བ་དང་། ལྷག་པར་དུ་མཐོང་མི་འདོད་པའི་དམག་ཆོས་སྤྲོས་བའི་དཔུག་ཁག་སྐོར་སྐོར་བྱས་བ་
འདི་སྤྱིེར་བཏང་གི་མི་ཚོགས་འདུ་སར་ཐོན་པ་ན། འདིས་བོད་མིའི་སེམས་ལ་ཕོག་ཐུག་དང་རྨ་ཁ་གསར་བ་ཞིག་བཟོས་བ་མ་ཟད། ཉིས་སྟོང་བརྒྱད་ནང་བོད་མི་སུ་
ཡིན་ཕྱི་རྒྱལ་དང་རྒྱལ་ནང་གང་སར་འགྲོ་བསྐྱོད་མི་ཆོག་པ་བཟོས་བ་དེས། བོད་མི་ཁ་ཤས་ཀྱི་སེམས་སུ་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ནས་ཕྱིར་
འབུད་བཏང་བའི་ཚོར་སྣང་ཡང་བྱུང་འདུག
༢༠༠༨ཟླ་བ་གསུམ་པའི་ནང་བོད་ནང་གི་གྱེན་ལངས་ནི་པེ་ཅིན་ཨོ་ལིམ་ཕི་ཁུ་རྩེད་འགྲན་གྱི་དམིགས་བསལ་ལོི་འདི་ལ་རྒྱ་ནག་གཞུང་གིས་མཐོང་མི་འདོད་
ཅིང་། རྒྱ་ནག་རང་ཉིད་ཀྱི་ངོ་གདོང་མཛེས་ཆས་ཉམས་ཤོར་དང་འགོག་སྲུང་བྱེད་མ་ཐུབ་པར་ངོ་ཚ་ཁ་སྐྱེངས་ཤིག་དང་།དམར་བའི་རྒྱལ་ཁབ་འདིའི་ནག་ཉེས་དེ་
གལ་གནད་ཆེ་བའི་ལོ་འདི་ལ་འཛམ་གླིང་ལ་གསལ་སྟོན་བྱས་བ་ཞིག་རེད། རྒྱལ་སྤྱིའི་གསར་འགོད་ཀྱི་མིག་མདའ་རྒྱ་ནག་ལ་གཏད་ཡོད་པ་ཤེས་བཞིན་དུ་རྒྱ་དམར་
དབང་འཛིན་པས་ཆེས་གདུག་རྩུབ་ཀྱི་རང་གཤིས་འཛེམ་མེད་ངང་བོད་མི་དཀྱུས་མ་འདི་དག་ཐོག་མཚོན་ཆ་ཐོག་པའི་དམག་དཔུང་དང་། དེང་རབས་དམག་གི་
འཕྲུལ་འཁོར་ཕོན་ཆེན་བཏང་བ་འདིས། དྲང་བདེན་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་ལ་དགའ་བའི་འཛམ་གླིང་མི་མང་ཚོས་རྒྱ་དམར་གྱི་ངོ་གདོང་ལས་
བརྒལ་བའི་སྡུག་ཅན་གྱི་སེམས་པ་དེ་གསལ་མཐོང་བྱུང་བ་དང་། པེ་ཅིན་ཨོ་ལིམ་ཕི་ཁུ་རྩེད་འགྲན་ལ་འཛམ་གླིང་གང་སར་ངོ་རྒོལ་དང་མི་འདོད་པའི་རྣམ་པ་གཞུང་
དང་ཚོགས་པ། མི་སྒེར་ནས་ཤུགས་ཆེན་བསྟན་ཡོད། ལྷག་པར་དུ་པེ་ཅིན་ཨོ་ལིམ་ཕི་ཁུའི་དཔལ་འབར་བརྒྱུད་སྤྲོད་བྱེད་སྐབས་འཛམ་གླིང་ལོ་རྒྱུས་ནང་བྱུང་མ་མྱོང་
བའི་ངོ་རྒོལ་གནང་ཡོད་པ་དེས་རྒྱ་དམར་གཞུང་ངོ་ཚ་ཁ་སྐྱངས་ཤིག་བཟོས་ཡོད།
ད་ལོའི་བོད་ནང་གི་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱ་གཞུང་ལ་ངོ་རྒོལ་བྱས་བ་དེས་ས་སྒང་ཟླུམ་པོ་འདིའི་ཐོག་བོད་ཀྱི་སྣང་བརྙན་ཡལ་བར་འགྲོ་བའི་སྐབས་
འདིར། འཛམ་གླིང་མི་མང་གི་མིག་མདུན་དང་། རྒྱལ་སྤྱིའི་གླེང་རྟགས་ཐོག་གནའ་བོའི་བོད་བཙན་པོས་དབང་བསྒྱུར་བྱས་བའི་བོད་མདོ་དབུས་ཁམས་གསུམ་གྱི་ས་
རིས་དེ་གསོན་ཉམས་ལྡན་པའི་ངང་དེང་རབས་ཀྱི་རྒྱལ་སྤྱིའི་ས་ཁྲའི་ཐོག་སླར་ཡང་མངོན་པ་ནི། ད་ལྟའི་བོད་ཀྱི་རྒྱལ་ཁ་ཞིག་དང་མི་རབས་རྗེས་མའི་སྤོབས་པ་ཞིག་
དུ་བསམ་ཆོག ད་ལྟ་འཛམ་གླིང་མི་མང་གིས་གངས་སེང་ཅན་གྱི་དར་ཆ་དེ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་ཡིན་པ་ངེས་འཛིན་བྱེད་ཐུབ། ཟླ་བ་གསུམ་པའི་ཚེས་བཅོ་ལྔའི་
ཝ་ཞིན་ཊོན་ཕོ་ཉ་གསར་ཤོག་ཐོག་ཏུ་བོད་མི་གནས་སྡོད་ཀྱི་ས་ཁུལ་དང་བོད་མིའི་ངོ་རྒོལ་གནང་བའི་ས་ཁུལ་ཞེས་བོད་ཆོལ་གསུམ་གྱི་ས་ཁྲ་དེ་མཚོན་ཕྲ་སེར་བའི་
རྒྱལ་སྤྱིའི་ས་ཁྲའི་ཐོག་གསལ་བར་བཀོད་འདུག དེ་མིན་སྦི་སྦི་སི་ཡི་དྲ་གནས་ཐོག་ཀྱང་མཐོང་རྒྱུ་འདུག འདི་ནི་བོད་ཀྱི་ལོར་རྒྱུས་ལས་བརྒལ་བའི་འཛམ་གླིང་གི་ཟིན་
ཐོ་ཞིག་ཀྱང་ཡིན།
ཨོ་ལིམ་ཕི་ཁུ
གནའ་བོའི་ཨོ་ལིམ་ཕི་ཁུ་རྩེད་འགྲན་ནི་ཕྱི་ལོ་སྔོན་གྱི་༧༧༦ནང་སྒི་རེའི་སུ་ཡི་ཨོ་ལིམ་ཕི་ཡ་ནང་ ( Olympia, Greece) འགོ་བཙུགས་ནས་ལོ་
འཁོར་བཞི་རེ་ནང་ཐེངས་རེ་རྩེད་འགྲན་བྱས་ཡོད། རིམ་བཞིན་དར་སྤེལ་བྱུང་ནས་ལུས་རྩལ་གྱི་རིགས་མང་དུ་འཕར་བ་དང་། དུས་སྟོན་གྱི་རྣམ་པ་ཡང་གྲ་རྒྱས་པོར་
ཕྱིན་འདུག དེ་བཞིན་ཨོ་ལིམ་ཕི་ཁུ་རྩེད་འགྲན་འདི་གནའ་བོའི་སྒི་རེའི་སུ་ནང་འགལ་རྐྱེན་དང་འགོག་རྐྱེན་ཅི་ཡང་མེད་པར་མཚམས་མ་ཆད་པར་རྒྱུན་སྐྱོང་བྱས། ཐ་ན་ཕྱི་ལོ་སྔོན་གྱི་༤༨༠ནང་ཕཱིར་ཞིན་དམག་འཁྲུག་ (Persian War) སྐབས་སུ་ཡང་རྩེད་འགྲན་དུས་སྟོན་འདི་རྒྱུན་མ་ཆད་པར་རོལ་ཡོད། དུས་ཀྱི་
འཕེལ་རིམ་ཁྲོད་རྒྱུན་མཐུད་ནས་རྩེད་འགྲན་བྱས་ཏེ་ཕྱི་ལོ་སྔོན་གྱི་༧༧༦ནས་ཕྱི་ལོ་༣༩༣ བར་གནའ་བོའི་ཨོ་ལིམ་ཕི་ཁུ་འདི་ལོ་༡༡༧༠ལ་མཇུག་སྐྱོང་བྱས་འདུག
ཕྱི་ལོ་༣༩༣ནང་དུ་རོ་མིན་གོང་མ་ཐེའོ་སྒྲོ་སི་ (Theodosius)ཁོང་ཡེ་ཤུ་ཆོས་ལུགས་པ་ཞིག་རེད། ཨོ་ལིམ་ཕི་ཁུ་རྩེད་འགྲན་འདིས་མི་མང་ལ་ཆོས་དད་མི་
བྱེད་པར་ཤུགས་རྐྱེན་ཐེབས་སྟབས། ཁོང་གིས་ཨོ་ལིམ་ཕི་ཁུ་འདི་རྩིས་མེད་བཏང་ནས་བཀག་འགོག་བྱས།
དེང་རབས་ཀྱི་ཨོ་ལིམ་ཕི་ཁུ་གསར་འཛུགས་གནང་མཁན་སྐུ་ཞབས་ཁོའུ་སྦིར་ཊིན་(Pierre de Coubertin)ནི་ཧྥ་རིན་སིའི་སྐུ་དྲག་ཕལ་
བ་ཞིག་རེད། སྤྱི་ལོ་༡༨༧༡ནང་ཕི་རུའུ་ཞི་ཡ (Prussia)དམག་འཁྲུག་སྐབས་ཧྥ་རིན་སི་ཕམ་ཉེས་བྱུང་བར་ཁོང་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པ་དང་།
དེའི་རྗེས་ཕཱ་རེ་སི་(Paris)ནང་སྐད་གྲགས་ཆེ་བའི་གྱེན་ལངས་བྱུང་། ཁོས་མཐོང་སྣང་གི་ཧྥ་རིན་སི་ཉམས་རྒུད་དུ་གྱུར་བ་ལ་སེམས་ཤུགས་སྐུལ་སྤེལ་བྱེད་དགོས་
པར་སྙམ། ཕྱི་ལོ་༡༨༩༠ ལོ་སྐུ་ཞབས་ཁོའུ་སྦིར་ཊིན་གྱིས་རྩ་འཛུགས་དང་ལུས་རྩལ་གྱི་ཚོགས་པ་སྒྲིག་འཛུགས་བྱས། རྒྱལ་ཁབ་དགུ་ཡི་འཐུས་ཚབ་བདུན་ཅུ་དོན་དགུ་
འཛོམས་ནས་རྒྱལ་སྤྱིའི་ཨོ་ལིམ་ཕི་ཁུ་ལྷན་ཚོགས་བཙུགས། སྒི་རིའི་སི་(Greece)ནས་ཡིན་པའི་སྐུ་ཞབས་ཝེ་ཁི་ལི་སུ (Demetrious Vikeles)
ཐོག་དང་པོའི་ཚོགས་གཙོ་བདམས་དང་། ལྷན་ཚོགས་དེས་ཐེངས་དང་བོའི་ཨོ་ལིམ་ཕི་ཁུ་དེ་སྒི་རིའི་སི་ཡི་ཨེ་ཐིན་སུ་(Athens, Greece)ཨོ་ལིམ་ཕི་
ཁུ་རྩེད་འགྲན་བྱེད་སར་བདམས།
ཕྱི་ལོ་༡༨༩༦ལོའི་ཟླ་བ་བཞི་བའི་ནང་ཐོག་དང་པོའི་ཨོ་ལིམ་ཕི་ཁུ་རྩེད་འགྲན་སྒི་རིའི་སི་ཡི་ཨེ་ཐིན་སུ་(Athens, Greece)སྒོ་འབྱེད་གནང་
བ་རེད། སྐབས་དེར་རྩེད་འགྲན་འདི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཁྱབ་བསྒྲགས་མེད་སྟབས་ལུས་རྩལ་མཁན་ཚོ་རྒྱལ་ཁབ་ཀྱིས་བདམས་པ་མིན་པར། ཁོང་ཚོ་རང་
ཉིད་ཀྱིས་འགྲོ་སོང་བཏང་ནས་འཛུལ་ཞུགས་གནང་བ་དང་།འགྲན་བསྡུར་པ་ཁ་ཤས་གནས་དེ་ལ་བལྟ་སྐོར་བྱེད་སྐབས་སྟབས་འཁེལ་གྱིོས་རྩལ་འགྲན་དུ་ཞུགས་ཡོད།
ལུས་རྩལ་མཁན་༣༠༠ཙམ་མཉམ་ཞུགས་དང་རྒྱལ་ཁབ་༡༣གྱི་མི་སྣ་འདུག
ཕྱི་ལོ་༡༩༠༠ལོ་ཨོ་ལིམ་ཕི་ཁུ་རྩེད་འགྲན་དེ་ཧྥ་རིན་སིའི་ཕ་རེ་སི་ (Paris, France)དེ་དེང་རབས་ཨོ་ལིམ་ཕི་ཁུ་གསར་འཛུགས་གནང་མཁན་
ཁུའུ་སྦིར་ཊིན་ཁོང་རང་ཉིད་ཀྱི་རྒྱལ་ཁབ་ཏུ་ཚོགས་པ་དང་། ཁོང་དང་ཨོ་ལིམ་ཕི་ཁུ་ལྷན་ཚོགས་ལ་བློ་ཕམ་ཆེན་པོི་ཞིག་བྱུང་བ་ནི། ཧྥ་རིན་སིའི་སྲིད་གཞུང་ནས་རྩེད་
འགྲན་གྱི་འཆར་གཞི་དང་བཀོད་སྒྲིག་བཏང་འཛིན་བྱས་བ་དེ་རེད། སྐབས་དེ་ལ་ཕ་རེ་སིའི་ནང་འཛམ་གླིང་འགྲེམས་སྟོན་ཆེན་མོ་ཡང་བཀོད་སྒྲིག་བྱས་ཡོད་ལ། དེ་
ནི་རྣམ་པ་རྒྱ་ཆེ་བ་ཞིག་ཡིན་སྟབས་ཨོ་ལིམ་ཕི་ཁུ་རྩེད་འགྲན་ལ་ཕྱོགས་མང་བོ་ཞིག་ནས་ཞན་ཆ་བྱུང་ཡོད། ཕྱི་ལོ་༡༨༩༦་ལོ་ལས་ཕྱི་ལོ་༡༩༠༠ཡི་རྩེད་འགྲན་ནང་ལུས་
རྩལ་བ་མང་བོ་ཞིག་མཉམ་ཞུགས་གནང་ཡོད་མོད། དུས་བཅད་ཀྱི་དཀའ་རྙོག་ལས་འགྲན་བསྡུར་མཁན་མང་བོ་ཞིག་དུས་ལྟར་མ་འབྱོར་བ་དང་། རྒྱུགས་ཤུར་མཁན་
ཚོ་རྩྭ་ཐང་སྟེང་འགྲན་བསྡུར་བྱེད་པ་དང་། ཆུ་བསྐྱལ་མཁན་ཚོ་གཙང་བོའི་ནང་འགྲན་བསྡུར་བྱེད་པ། ལྷག་པར་དུ་རྒྱང་བསྐྱོད་རྒྱུགས་ཤར་འགྲན་བསྡུར་སྐབས་ཨ་
རིའི་རྒྱུགས་མཁན་ཚོ་མཐའ་མཚམས་སུ་ཉེ་སྐབས་ཧྥ་རིན་སིའི་མི་ཚོས་མགོ་སྐོར་བཏང་ནས་སྔ་ས་ནས་མཐའ་མཚམས་བརྒལ་བར་བྱས་ཡོད། དེ་བས་ཀྱང་མགོ་རྙོག་
པ་ཞིག་ལ་རྒྱང་བསྐྱོད་རྒྱུགས་ཤར་དུ་མཉམ་ཞུགས་གནང་མཁན་མང་བོ་ཞིག་གིས་ཁོ་ཚོ་ཨོ་ལིམ་ཕི་ཁུའི་རྩེད་འགྲན་དུ་ཞུགས་ཡོད་པ་ཤེས་རྟོགས་བྱུང་མེད། ཕྱི་ལོ་
༡༩༠༠ ཡི་ཨོ་ལིམ་ཕི་ཁུ་རྩེད་འགྲན་དེ་ནི་བུད་མེད་འགྲན་བསྡུར་ནང་ཞུགས་པ་ཐོག་མ་རེད། རྩེད་འགྲན་འདི་ལ་ལུས་རྩལ་མཁན་༡༠༦༦ཙམ་དང་། རྒྱལ་ཁབ་༡༩
ཡི་མི་སྣ་འཛོམས་ཡོད།
ཕྱི་ལོ་༡༩༠༤ལོ་ཨོ་ལིམ་ཕི་ཁུ་རྩེད་འགྲན་ཨ་རིའི་ལོའུ་སིའི་ཡ་ན་(Louisiana, United States)རུ་ཚོགས་ཡོད་པ་དང་། སྐབས་དེ་ལ་
མངའ་སྡེ་འདི་སྲིད་གཞུང་གིས་ཉོས་ནས་ལོ་འཁོར་བརྒྱ་ཕྱིན་པའི་དྲན་གསོ་དུས་སྟོན་དང་འཁེལ་ཡོད་ལ། ལོའུ་སིའི་ཡ་ན་འགྲེམ་སྟོན་ཆེན་མོ་ཡང་བཀོད་སྒྲིག་
བྱས་ཡོད་སྟབས་ཨོ་ལིམ་ཕི་ཁུ་རྩེད་འགྲན་ལ་ཉམས་སྐྱོན་བྱུང་ཡོད།
ཕྱི་ལོ་༡༩༠༤ལོའི་ཨོ་ལིམ་ཕི་ཁུ་དཀའ་ངལ་ཆེ་ཤོས་ནི་ཚོགས་ས་དེ་ཡུ་རོབ་དང་ཁ་ཐག་རིང་ལ་། ཡུ་རོབ་ཀྱི་མཉམ་ཞུགས་པ་ཚོ་ཨ་ཀྲི་ལཱན་ཊིའི་རྒྱ་མཚོའི་( Atlantic Ocean)ཐོག་གྲུ་གཟིངས་འགྲུལ་བཞུད་ཀྱིས་ཐོན་དགོས་ལ། དེའི་ཐོག་མེ་འཁོར་བསྡད་ནས་མེ་སོའུ་རཱེ་(Missouri)གྲོང་ཁྱེར་དུ་འབྱོར་
དགོས་སྟབས། ལུས་རྩལ་མཁན་མང་བོ་ཞིག་མཉམ་ཞུགས་གནང་ཐུབ་མེད། དེར་བརྟེན་ལུས་རྩལ་མཁན་༦༨༡ལས་༡༠༠ཙམ་ཨ་རིའི་ཕྱི་རོལ་གྱི་མི་སྣ་ཡིན་པ་དང་། ཁཱ་ནཱ་སྒྲ (Canada) ཡི་མི་སྣ་མང་ཤོས་རེད། དབྱིན་ཇིའི་ལུས་རྩལ་བ་དང་། ཧྥ་རིན་སི། སའུ་སྒྲིན་སོགས་ནས་མི་སྣ་གཅིག་ཀྱང་མེད། ཨོ་ལིམ་ཕི་ཁུ་འདིའི་
སྐབས་ཁུ་ཚུར་རྩེད་འགྲན(Boxing)དེ་ཨོ་ལིམ་ཕི་ཁུ་ཡི་ལུས་རྩལ་ཞིག་ཏུ་འཕར་སྣོན་བྱས།
ཕྱི་ལོ་༡༩༠༦ལོ་ཨོ་ལིམ་ཕི་ཁུ་རྩེད་འགྲན་སྒི་རིའི་སི་ཡི་ཨེ་ཐིན་སུ་(Athens, Greece)ཚོགས་ཡོད་དང་། རྩེད་འགྲན་འདིའི་སྐབས་ཨ་རི་ལ་
གཞུང་འབྲེལ་གྱི་ལུས་རྩལ་རུ་ཁག་ཡོད་པ་དང་། ཁོག་ཚོས་སྒྲིག་ཆས་གཅིག་པ་གྱོན་ནས་ཡོང་བ་དེ་ཨོ་ལིམ་ཕི་ཁུ་ཁྲོད་ཐེངས་དང་པོ་རེད། རྩེད་འགྲན་འདིའི་སྐབས་
ཕྱོགས་ཡོངས་ནས་སྤྲོ་སེམས་འཁོར་བ་ཞིག་དང་མི་དམངས་ཀྱི་མཐོང་ཚུལ་ལེགས་པོ་བྱུང་མོད། སྟབས་མ་ལེགས་པ་ཞིག་ལ་སྒི་རིའི་སི་ནང་ཆབ་སྲིད་ཀྱི་ཟིང་ཆ་དེས་
རྐྱེན་བྱས་རྩེད་འགྲན་དེ་ཕྱིར་འཐེན་བྱས་བ་དང་། རྒྱལ་སྤྱིའི་ཨོ་ལིམ་ཕི་ཁུ་ལྷན་ཚོགས་ཀྱིས་ཕྱི་ལོ༡༩༠༦ལོའི་རྩེད་འགྲན་འདི་ནི་གཞུང་འབྲེལ་མ་ཡིན་པའི་ཨོ་ལིམ་ཕི་
ཁུ་རྩེད་འགྲན་ཞིག་ཏུ་བརྩི་བ་རེད། ལུས་རྩལ་མཁན་༨༨༧དང་རྒྱལ་ཁབ་༢༠ཡི་མི་སྣ་འཛོམས་འདུག
ཕྱི་ལོ་༡༩༠༨ལོ་ཨོ་ལིམ་ཕི་ཁུ་རྩེད་འགྲན་དབྱིན་ཇིའི་ལོན་ཊོན་(London, England)དུ་ཚོགས་འདུག སྤྱིར་ན་ཕྱི་ལོ་༡༩༠༨ལོའི་ཨོ་ལིམ་ཕི་ཁུ་
རོམ་( Rome)ནང་དུ་ཚོགས་གཏན་འཁེལ་མོད། ཡིན་ནའང་། ཕྱི་ལོ་༡༩༠༦ལོའི་ཝེ་སུ་བེའུ་( Mount Vesuvius)མེ་རི་འཕྱུར་སྟབས་རྩེད་
འགྲན་འདི་ལོན་ཊོན་དུ་སྤོས། རྩེན་འགྲན་འདི་སྔོན་ལས་གྲ་རྒྱས་བོ་དང་ཚགས་དམ་པོི་བྱུང་ཡོད་ལ། ད་དུང་ཐོག་དང་པོའི་སྒོ་འབྱེད་མཛད་སྒོ་ཡང་གནང་འདུག
ཡིན་ནའང་། ཆབ་སྲིད་དང་མི་རིགས་རིང་ལུགས་ཀྱི་དཀའ་རྙོག་ཀྱང་བྱུང་། དབྱིན་ཇི་ནས་ཨཱ་རེ་ལན་(Ireland)རང་བཙན་རྒྱལ་ཁབ་ཅིག་ཏུ་ངོས་ལེན་མ་
བྱས་སྟབས། ཨཱ་རེ་ལན་གྱི་ལས་རྩལ་མཁན་རྣམས་མཉམ་ཞུགས་གནང་མེད། ཕྱི་ལོ་༡༩༠༨ལོའི་ཨོ་ལིམ་ཕི་ཁུ་རྩེད་འགྲན་འདིའི་ནང་ལུས་རྩལ་མཁན་ཕལ་ཆེར་༢༠༠༠
དང་རྒྱལ་ཁབ་༢༢་ཡི་འཐུས་ཚབ་འདུག