གནས་ཚུལ་མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ།
ཕྱི་ལོ་༢༠༡༦ ཟླ་༣ ཚེས་༡༠ ཉིན་ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བོད་མི་ཚོས་ཕྱི་ལོ་༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་ཆེན་མོ་བྱུང་བའི་གསུམ་བཅུའི་དུས་དྲན་ཐེངས་ ༥༧ པ་དེ་སྲུང་བརྩི་གནང་སོང་བ་དང་། དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ སེད་ནེ་གྲོང་ཁྱེར་དཀྱིལ་ནས་དུས་དྲན་སྲུང་བརྩི་བྱེད་སྐབས་སུ་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་བ་དང་རྒྱ་ནག་མང་གཙོ་དོན་གཉེར་བ། རྒྱ་གར་བོད་དོན་ཉམས་ཞིབ་པ། ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ། སེད་ནེ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས། ཕྱི་ནང་གི་གསར་འགོད་པ་བཅས་ཀྱིས་གཙོས་མི་མང་སུམ་བརྒྱ་ལྔ་བཅུ་ལྷག་མཉམ་འཛོམས་ཀྱིས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་།
གྲོང་ཁྱེར་དཀྱིལ་ནས་རྒྱ་ནག་གཞུང་ཚབ་ཀྱི་མདུན་བར་ཞི་བའི་གོམ་བགྲོད་བྱས་ཏེ་གཞུང་ཚབ་མདུན་ནས་ཞི་བའི་སྐད་འབོད་དུས་ཚོད་གཉིས་ལྷག་བྱས་ཤིང་། སྐབས་དེར་ཆབ་སྲིད་བཙོན་ཟུར་བསྟན་འཛིན་རྣམ་རྒྱལ་དང་སྐལ་བཟང་འཕྲིན་ལས་གཉིས་ཀྱིས་དང་བླངས་ཀྱིས་གོ་སྒྲིག་འོག བོད་མི་བཅོ་ལྔ་ཡིས་རང་རང་གི་མགོའི་སྒྲ་བཞར་ནས་བོད་གཞིས་བྱེས་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བློས་གཏོང་དང་ཆོད་སེམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ལས་འགུལ་དམིགས་བསལ་བ་ཞིག་ཀྱང་སྤེལ་སོང་།
ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས་ཀྱིས་གསུང་དོན། ལོ་ངོ་དེ་འདྲའི་མང་པོའི་རིང་རྒྱ་དམར་ཀྱི་དྲག་པོའི་སྟོབས་ཤུགས་ཀྱིས་བོད་རིགས་སྤུན་ཟླའི་སྙིང་སྟོབས་དང་སེམས་ཤུགས་ལ་ཕམ་ཁ་གཏོང་ཐུབ་མེད། བོད་མིའི་རེ་བ་དང་ངོ་རྒོལ་གྱི་ཉིན་མོར་འདིར། ང་ཚོས་རྒྱ་དམར་གྱི་དབང་བསྒྱུར་ལ་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་ངོ་རྒོལ་བྱས་དང་བྱེད་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་གུས་འདུད་སྙིང་ནས་ཞུ་རྒྱུ་དང་། ལོ་རེ་བཞིན་ཉིན་མོ་འདིར་ང་ཚོས་གཞིས་བཞུགས་བོད་མི་རྣམས་ལ། ང་ཚོ་སྐྱབས་བཅོལ་ལུང་པར་སྡོད་མཁན་ཚོས་དུས་ནམ་ཡང་རང་དབང་དང་བདེན་པའི་འཐབ་རྩོད་ནི་ང་ཚོ་ཐུན་མོང་གི་འཐབ་རྩོད་ཅིག་ཡིན་པའི་བརྡ་ལན་གསལ་བོ་ཞིག་གཏོང་གི་ཡོད། རྒྱ་དམར་གཞུང་ལ་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་ངོ་རྒོལ་མཚམས་འཇོག་མི་བྱེད་པའི་བརྡ་ལན་ཡང་གསལ་བོ་ཞིག་སྤྲོད་ཀྱི་ཡོད་ཅེས་གསུངས་སོང་།
དེ་བཞིན་སེད་ནེ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། རྒྱ་གཞུང་གིས་ག་དུས་ཡིན་ན། བོད་ཀྱི་གནད་དོན་ཟེར་བ་ཞིག་གང་ཡང་མེད། དེ་ནི་༸རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་གྱི་གནས་ཚུལ་ཞིག་ཡིན་ཚུལ་བཤད་བསྡད་ཡོད་པ་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་གྱི་ཆ་ནས་དེ་འདྲ་རྩ་བ་ནས་མ་རེད། དེ་རིང་གི་ཉིན་མོ་འདི་ནི་བོད་དང་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཁྲག་དང་མིག་ཆུའི་ལོ་རྒྱུས་ལ་འདྲེས་པའི་རང་དབང་སྒེར་ལངས་ཆེ་ཤོས་དེ་ཆགས་ཡོད་པ་མ་ཟད། དེ་རིང་གི་ཉིན་མོ་ནི་བོད་མི་རེ་རེའི་སེམས་གཏིང་ནས་དུས་ནམ་ཡང་བརྗེད་ཐབས་མེད་པའི་དུས་ཚུགས་ཁྱད་པར་བ་ཞིག་ཆགས་ཡོད།
དེ་འདྲ་ཡིན་དུས་རང་དབང་ལུང་པར་ཡོད་པའི་བོད་རིགས་སྤུན་ཟླ་ཚང་མས་གཞིས་ལུས་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ། ལ་རྒྱ་དང་ཆོད་སེམས་ལ་རྗེས་དྲན། དེ་མཚུངས་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་ལྟར་ད་ལྟའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་སྟོབས་ཤུགས་ལ་ཡི་རངས་དང་བསྔགས་བརྗོད། ལྷག་པར་མ་འོངས་བོད་ཀྱི་རང་དབང་དང་བོད་མི་རིགས་ཀྱི་ཆེད་དུ། ག་དུས་ཡིན་ན་གསུམ་བཅུའི་དུས་དྲན་འདི་བོད་ལ་རང་དབང་མ་ཐོབ་བར་དུ་མཚམས་འཇོག་བྱེད་མི་སྲིད་པ་ཞིག་རེད་ཅེས་གསུངས་སོང་།
ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ནེའུ་ཁ་སེལ་(Newcastle City) གྱི་ས་གནས་སྲིད་གཞུང་གི་ལས་ཁུངས་ལྟེ་བ་རུ་ལོ་རྟག་པར་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད། དེའང་བོད་མི་རིགས་ཀྱི་གནས་བབ་ལ་གདུང་སེམས་མཉམ་བསྐྱེད་མཆོན་བྱེད་ཀྱི་ས་གནས་སྲིད་གཞུང་གི་ངོས་ནས་བོད་ཀྱི་ཉིན་མོ་གཏན་འབེབས་བྱས་ཏེ་རྒྱབ་སྐྱོར་གནང་བ་ཞིག་རེད་འདུག
(གླིང་ཚ)
དངོས་མིང་། ཚེ་བརྟན་རྡོ་རྗེ།
སྙུག་མིང་། བོད་ཤ་ཁྲག་རུས་གསུམ་སོགས།
ཐོབ་མིང་། བོད་ཀྱི་ན་གཞོན་རྩོམ་པ་པོ།
ཕ་ཡུལ། བོད་མདོ་སྨད།
རང་ལོ། བཞི་བཅུ།
འཚོ་ཐབས། ཕྱི་སྡོད་བོད་མི།
ཉིས་སྟོང་བཅུ་གཉིས་ལོར་རྩ་དོན་ལྔ་ཅན་གྱི་(བོད་ཀྱི་ཞི་བའི་འཐབ་རྩོད)་ཅེས་པ་སྲོལ་བཏོད་ཅིང་།
ལོ་དེའི་གསུམ་པའི་བཅུའི་ཉིན་(བོད་ཀྱི་ཞི་བའི་འཐབ་རྩོད)་གཞིར་བཞག་ཐོག
བོད་སྐྱོད་གོམ་བགྲོད་ཐེངས་དང་པོ་(རྒྱ་གར་རྡ་ས་)ནས་ལག་ལེན་དུ་བཏབ་སྟེ།
བལ་རྒྱལ་ས་ཁོངས་ལ་འཛུལ་ནས་ཉིན་བརྒྱད་དགུའི་རྗེས་བལ་དམག་གིས་བཙན་འཇུས་བྱས་པ་མ་ཟད།
ཡུལ་དེའི་བཙོན་ཁང་ཞིག་ནང་ཟླ་ངོ་དགུ་ཙམ་ལ་བཟུང་བའི་མཐར། ཕྱིར་རྒྱ་གར་དུ་འབྱོར་ཐུབ་པ་བྱུང་ཡང་།
ཉིས་སྟོང་བཅུ་གསུམ་ལོའི་གསུམ་པའི་བཅུའི་ཉིན་ཡང་བསྐྱར་སྔར་བཞིན་(བོད་སྐྱོད་གོམ་བགྲོད་)ཐེངས་གཉིས་པ།
རྒྱ་གར་རྡ་ས་ནས་ལག་ལེན་ལ་བསྟར་ཏེ།
བོད་དང་རྒྱ་གར་གྱི་ས་མཚམས་སུ་བསླེབས་ཙ་ན། སུས་ཀྱང་མ་མཐོང་མ་ཐོས་པར་གྱུར་ནས་ད་བར་མི་ལོ་གསུམ་འགོར་ལ་ཉེ་ཡོད། གླིང་ཚ་རྒྱལ་གྱུར་ཅིག ངོས་སྤྲོད་པ་(ཨ)།
2016 3 10
(ངའི་ཡིད་ནང་གི་གླིང་ཚ།) -ཨ།
ནང་གི་རིག་པའི་བསམ་བློའི་དར་ཆ་ཡང་།།
བོད་ཀྱི་ཞི་བའི་འཐབ་རྩོད་ལ་དཔྱངས་ཤིང་།།
ཕྱི་ཡི་ཤ་རུས་ཕ་མའི་ལེགས་སྐྱེས་ཀྱང་།།
བོད་སྐྱོད་ཞི་བའི་གོམ་བགྲོད་ལ་སྦྱར་མཁན།།
གླིང་ཚ་ཞེས་པ་བོད་ཀྱི་ཤར་ཕྱོགས་སའི།།
མི་སྐྱེས་དེ་ཡང་བོད་དོན་འཐབ་རྩོད་པ།།
ན་གཞོན་བོད་མི་རྩོམ་པ་པོ་ཞིག་ཅེས།།
གཞིས་བྱེས་བོད་མིའི་དྲན་ཡུལ་དེ་ཉིད་ལགས།།
རྩ་དོན་སྣ་ལྔ་སྙིང་པོར་གཏན་ཕབ་པའི།།
ཞི་བའི་འཐབ་རྩོད་གང་གི་རང་ལུགས་འདིའི།།
འདོད་འདུན་ཇི་སྲིད་མ་འགྲུབ་དེའི་རིང་ལ།།
ཚེ་གང་འཐབ་རྩོད་དམ་བཅའ་ཅན་དེ་ཁོང་།།
རྒྱ་གར་ཡུལ་ནས་ཕ་ཡུལ་བོད་བར་དུ།།
ཞི་བའི་གོམ་བགྲོད་སྐོར་ཐེངས་གཉིས་མཛད་པར།།
དང་པོ་ཟླ་དགུའི་རིང་ལ་བལ་བཙོན་བཅུག།
གཉིས་པ་བོད་རྒྱའི་ས་མཚམས་ལ་ཕེབས་ཀྱང་།།
ཁོང་སྐུ་ཉི་མ་ནུབ་རིའི་རྩེ་མོ་ནས།།
རིགས་ཀྱི་སྤུན་ཟླའི་སྤྱན་སྔར་མ་གྱུར་པས།།
མྱ་ངན་ཞིག་གི་སྒྲ་ཆེན་ལྷང་ངེ་རུ།།
གངས་རིའི་ཕྱི་ནང་གང་སར་ཁྱབ་པ་ན།།
ཕྱི་གླིང་ཨེ་ཟི་རལ་ན་སྐུ་ཉིད་དེའི།།
ཚེ་གཅིག་སྐྱ་ཡའི་བྲང་གི་སྙིང་བོར་ལ།།
གཅེས་ཕྲུག་བྱིས་པ་ཟུང་གི་ཡ་ཐོད་མིག།
སྟོར་བའི་སྡུག་བསྔལ་ཁ་བ་ཅན་གྱི་ཆེད།།
རྒྱ་གར་ཡུལ་དུ་མ་སྨད་ལྷན་ཅིག་གིས།།
ལག་པ་ཐོད་ལ་བཞག་སྟེ་མིག་ཆུ་ནས།།
ཉིན་དང་མཚན་ལ་ཁོང་ཉིད་མཇལ་བར་བྲེལ།།
ཇི་བཞིན་ཕ་དང་ཕ་ཡུལ་གཉེན་ཉེ་ཨང་།།
འདི་འདྲའི་གསོན་བྲལ་སྙིང་ལ་གཟན་པ་ཀུན།།
མི་བུ་གླིང་ཚས་རང་ཡུལ་མཐོ་སྒང་གི།
སྐྱོ་བའི་ཛ་དྲག་བློ་མིག་རུམ་བཅུག་ནས།།
ཐུན་མིན་བོད་དོན་ལམ་པོར་ཆས་པས་དྲངས།།
གོ་སླའི་ཚིག་གི་ཉུང་ངུ་འདིར་བཤད་པ།།
ངོས་སྤྲོད་དགོས་སར་ཕན་མིན་གང་ལྟར་ཡང་།།
ཨ་མིས་རྣམ་དག་བསམ་པ་ལས་བླངས་ཏེ།།
ཡིད་ལ་ཤར་བ་ཐད་བྲིས་ཤེས་པ་གྱིས།།
2016 3 10
དེ་རིང་ཧང་གྷ་རིའི་རྒྱལ་ས་བུདྷ་པེསཊེ་རྒྱ་ནག་གཞུང་ཙབ་མདུན་དུ་༢༠༡༦གི་གསུམ་བཅུའི་དུས་དྲན་ལ་ང་ཚོ་བོད་པ་བཞི་དང་། ཡུལ་མི་བཅོ་ལྔ་ཙམ་འཇོམས་ནས་སྐད་འབོད་དང་བདེན་ཚིག་སྨོན་ལམ་འདོན་ཐུབ་ཙམ་བྱུང་སོང་། བོད་རིགས་དེ་ཙམ་མ་གཏོགས་མ་འཛོམས་པར་བློ་ཕམ་པོ་བྱུང་ཡང་། ཡུལ་འདིར་རང་རིགས་མཉམ་པོར་འཆམ་པོར་བསྡ་དགོསཙང་་་་་་་ ད་འདི་འདྲ་ཙམ་བཤད་ནས་བཞག་ན་ཏག་ཏག་རེད་དོ།།
ལོངས་ཤོག་ ལོངས་ཤོག་ ཡར་ལ་ལོངས་ཤོག
རང་དབང་རང་བཙན བོད་མི་ཆིག་སྒྲིལ།
དཔེ་ཡག་པོ་།
གསུམ་བཅུའི་དུས་དྲན།
https://www.facebook.com/StudentsforaFreeTibet/videos/10153266595936666/
བོད་དར་མང་ཤོས་བཙུག་མཁན་གྱི་རྒྱལ་ཁབ།
http://www.praguemonitor.com/2016/03/11/hundreds-czech-towns-hoist-flags-support-tibet